བོད་མིའི་སྤྱིར་བཏང་གི་བརྩོན་བྱ།
སྐྱེ་བོ་རབ་ཀྱིས། རྒྱལ་ཁམས་དང་། མི་རིགས་ཡུལ་སྡེ་ལ་ཕན་པའི་བྱ་བ་ཆེན་མོའི་རིགས་ཏེ། ཆོས་སྲིད་རིག་གནས་དང་བཅས་པའི་སྲོལ་བཟང་འཛུགས། བཙན་པོའི་གཉའ་ནས་གནོན། ཉམ་ཆུང་མཐའ་ནས་སྐྱོང་། རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་གིས་ལྗིད་པར་བྱེད་ཅིང་ཡུལ་འབངས་བདེ་ལ་འགོད་པར་བརྩོན། བླ་སེར་ཞིག་ཡིན་ན། འཆད་རྩོད་རྩོམ་གསུམ་སྟེ་མཁས་པའི་བྱ་བ་གསུམ་ལས་བྱུང་བའི། བརྩམས་པའི་བསྟན་བཅོས། གསུངས་སྐྱེས་ཀྱི་སློབ་བུ། ཚོགས་བསགས། རྒྱལ་བའི་སྐུ་གསུང་ཐུགས་ཀྱི་རྟེན་བཞེངས། དགོན་པ་དང་བཤད་གྲྭ། སྒྲུབ་གྲྭ་གསར་འདེབས། བཤད་སྒྲུབ་ཀྱི་རྒྱུན་གསར་འཛུགས། འདུལ་བ་གཞི་གསུམ་གྱི་གཞི་འདིང་། རྐུ་དང་རྔོན་ཁྲིམས་སོགས་བསྡམས་ཏེ་དགེ་བཅུའི་ཁྲིམས་ལ་བཙུད། དགེ་འདུན་གྱི་འདུས་སྡེ་དང་། བླ་བྲང་ཁག ཡུཡལ་སྡེ་ཁག་གི་འགལ་བར་འདུན་བྱེད་པ་སོགས་མདོར་ན་རྣམ་དཀར་ལས་ཀྱི་ལག་རྗེས་ཤུལ་དུ་འཇོག་པར་འབད། མི་སྐྱ་ཕོ་མོ་དཀྱུས་ཤིག་ཡིན་ན། ཡར་གྱི་འབྲོག མར་གྱི་ཞིང་། ཁང་ཁྱི་ནོར་རྫས་དང་བཅས་གཞི་འཁོར་བ་དང་། བཙན་པོའི་མཁར། ཕྱུག་པོའི་ནོར། རྒོད་པོའི་བུ། མགྱོགས་པོའི་བང་། རྣོན་པའི་མཚོན། ཞིམ་པའི་ཟས། དྲོན་པོའི་གོས་སོགས་འཇིན་རྟེན་ཐ་མལ་བའི་ལག་རྗེས་དང་། སྐྱེ་བོ་འབྲིང་ཙམ་གྱིས་ནི། ཚོང་ཁེ་སྤོགས་ལས་བྱུང་བའི་ནོར་གྱི་མཛོད་དང་། ཚོང་གི་ར་བ་དང་། སྐྱེད་མོས་ཚལ་སོགས་ཚེ་འདིའི་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཞིག་མི་རབས་རྗེས་མར་ཕན་པའི་ཆེད་དུ་འཇོག་པར་བརྩོན།