དགའ་སྟོན་གྱི་སྐོར།
དེ་ཡང་བོད་ཀྱི་དམངས་སྲོལ་ལས་སྟོན་མོའི་རིགས་ཀྱི་གཏམ་བཤད་རྣམ་པ་མང་ཞིང་ངག་རྒྱུན་བརྩམས་ཆོས་ཀྱང་ཤིན་ཏུ་མང་པོ་ཞིག་ཡོད། མི་ཚེ་ཞིག་ལ་མཚོན་ན། སྟོན་ཆེན་བཞི་ཡོད་དེ། དང་པོ་སྐྱེས་པའི་དུས་བཙས་སྟོན་ཡོད། ས་ཆ་ལ་ལར་མཚན་གསོལ་ལམ་སྐྲ་སྟོན་ཞེས་ཀྱང་ཟེར། དུས་ཡུན་ལ་བདུན་གཅིག་དང་། ཡང་ན་ཟླ་གཅིག་དེ་མིན་ན་ཞག་རྒྱ་ལོ་གཅིག་གི་རྗེས་སུ་བྱེད་པ་སོགས་ཀྱི་ངེས་གཏན་མེད། སྐབས་དེར་གཙོ་བོ་སྐྲ་བཞར་ཏེ་མཚན་གསོལ་བ་དང་། གཡང་འབོད་ཆེས་པའི་བཤད་པ་ཐུང་ངུ་ཞིག་ཡོད། དེ་ནི་བཙས་མ་ཐག་པའི་བྱིས་པ་ཞིག་ལ་མཚོན་ན་གྱ་གྱུའི་འགྲོས་དང་ལྡན་པའི་མི་ཚེའི་བགྲོད་ལམ་རིང་མོའི་སྟེང་ནས་བྱ་བ་བདེ་ལེགས་ཡོང་བར་ཤིས་བརྗོད་དང་གཡང་འབོད་བྱེད་པ་ཡིན།
དེ་ནས་ནར་གསོན་པའི་ཚེ་དར་སྟོན་ནམ་སྐྲ་ཕབ་པའི་སྟོན་མོ་ཡོད། སྐྱེས་བུ་ཞིག་ལ་མཚོན་ན་ལོ་བཅུ་དྲུག་ལ་སོན་ཚེ་དར་སྟོན་ཏེ་སྐྱེས་བུ་དར་མར་གྱུར་པའི་མཛད་སྒོ་ཡོད་ལ། མཛད་སྒོའི་སྟོན་མོ་དེ་རོལ་རྗེས་སྐྱེས་བུ་ཁོ་རང་མི་དར་མར་གྱུར་པ་ཡིན་པས་དར་མའི་བགོ་སྐལ་ལེན་ཆོག་པ་དང་། མི་ཁྲལ་དམག་ཁྲལ་ལས་ཁྲལ་སོགས་ཀྱང་དར་མའི་འོས་འགན་ལྟར་འཇལ་དགོས་པ་ཡིན། སྐྱེས་མ་ཞིག་ལ་མཚོན་ན་ལོ་བཅུ་གསུམ་མམ་ལོ་བཅོ་ལྔ། ཡང་ན་བཅུ་བདུན་ལ་སོན་ཚེ་སྐྲ་ཕབ་བྱེད་པའི་སྟོན་མོའི་མཛད་སྒོ་ཡོད། སྐྲ་ཕབ་རྗེས་གཉེན་རྟགས་རྒྱག་པ་སོགས་བྱེད་ཆོག སྐབས་འདིར་སྐྲ་བཤད་བསམ་པའི་དོན་གྲུབ་ཀྱི་བཤད་པ། སོ་མང་བཀྲ་ཤིས་གཡང་འཁྱིལ་གྱི་བཤད་པ་སོགས་ཡོད། སྐྲ་ཕབ་སྐབས་སྐྱེས་མའི་ལུས་ལ་རྒྱན་གོས་གཟབ་འཕྱོར་གྱིས་སྤྲས་ཤིང་། སྐྲ་ལས་མཁན་ཡང་ཕ་འཛོམས་མ་འཛོམས་དང་བུ་བུ་མོ་ཚང་མ་འཛོམས་པའི་མ་སྲུ་ལག་ལས་ཀ་སེམས་ཀྱི་གཤིས་རྒྱུད་བཟང་ཞིང་འཇོན་ཐང་ཅན་རེ་གཉིས་ཀྱིས་བྱེད། དེ་བཞིན་སྐྱེས་བུའི་དར་སྟོན་སྐབས་སུ་ཁ་ལས་རླུང་རྟ་དར་ཞིང་བྱད་གཟུགས་ལེགས་པའི་སྐྱེས་བུ་རེ་གཉིས་ཀྱིས་སྐྱེས་བུའི་ལུས་ལ་གོས་བསྐོན་ཞིང་སྐེ་ལ་འཁོར་གསུམ་སྤྲོད་པ་སོགས་བྱེད་དོ།།
དེ་ནས་ཆེར་སྐྱེས་ཏེ་གཉེན་སྒྲིག་གི་ཚད་ལ་ཐོན་ཚེ་བག་བསུ་མག་བསུའི་གཉེན་སྟོན་བྱེད། དེ་ནི་སྟོན་མོ་ཆེན་པོ་བཞི་ལས་ཆེས་རྒྱས་པ་ཞིག་ཡིན་ཏེ། ཨ་མདོ་ས་ཆར་མཚོན་ན་གཉེན་སློང་གི་མགོ་བརྩམས་པ་ནས་གཉེན་སྟོན་མཇུག་རྫོགས་པའི་བར་གཉེན་གྱི་སྐལ་བ་བཅོ་བརྒྱད་ཅེས་པའི་མཛད་སྒོ་ཡོད་ལ། དེ་རེ་རེར་སྐབས་བསྟུན་གྱི་བཤད་པ་རེ་ཡོད་པས། གཉེན་བཤད་ལ་མཁས་པའི་རྒན་པོ་རྣམས་ཀྱིས་ཉིན་བོ་བརྒྱད་ལ་བཤད་ཀྱང་རྫོགས་དཀའ་ཟེར་སྲོལ་ཡོད། དམངས་ཁྲོད་དུ་སྟོན་མོ་ཉིན་ཞག་བཅོ་བརྒྱད་བྱེད་ཅེས་པ་སྐབས་འདི་དག་ལ་བཤད་པ་ཡིན་ནོ།།
དེ་ནས་འཆི་འདས་ཀྱི་སྐབས་སུ་གཤིན་དུར་རམ་ཚེ་སྟོན་ཞེས་པ་གཙོ་བོ་གསོན་དགེ་རྩའི་ཐད་ཀྱི་མཛད་སྒོ་རྒྱས་པ་ཞིག་ཡོད། ཨ་མདོའི་རྡོ་སྦིས་ས་ཆར་མཚོན་ན་འདས་པོ་སྦྱིན་སྲེག་མ་བྱས་གོང་ཁ་སྐད་དུ་འདྲ་ཞུ་ཟེར་བའི་དབྱངས་རྟ་དྲངས་ཏེ་བེམ་པོར་ཁ་བརྡ་བྱེད་པ། ཡུལ་གྲུ་གཞན་དུ་མཐོང་དཀོན་པའི་བཤད་པ་ཞིག་ཡོད། དེའི་བརྗོད་བྱ་གཙོ་བོ་འདས་པོ་གང་ཞིག་མིའི་སྐྱེ་བ་བླངས་པ་ནས་བྱ་བ་གང་དག་བསྒྲུབས་པ་སོགས་མདོར་བསྡུས་ཏེ་བརྗོད་པ་དང་། འདས་རྗེས་ཕྱིར་རང་ཁྱིམ་དང་ཤ་ཉེ་རིང་སོགས་ལ་སེམས་ཁུར་བྱེད་མི་དགོས་པའི་བཅོལ་གཏམ་བྱེད་པའི་བཤད་པ་ཞིག་ཡིན། ཆོ་ག་བཞི་བོ་སྔོན་ཆད་ཡིན་ན་ཚེ་ཞིག་ལ་མཚོན་ན་ངེས་པར་དུ་བརྒྱུད་དགོས་པ་ཡིན་ནོ།།
གཞན་ཡང་དམངས་ཁྲོད་རང་བཞིན་གྱི་སྟོན་མོ་སྣ་ཚོགས་ཡོད་དེ། དཔེར་ན་ཁྲི་སྟོན་ལྟ་བུར་མཚོན་ན་བླ་མ་གང་ཞིག་ཁྲིར་མངའ་གསོལ་སྐབས་སྟོན་མོའི་མཛད་སྒོ་རྒྱ་ཆེན་བྱེད་པ་དང་། ཁྲི་གསོལ་གྱི་བཤད་པ་ཞེས་པའི་ཕུན་སུམ་ཚོགས་པ་ལྔའི་སྒོ་ནས་གཏམ་བཤད་དང་མཎྜལ་རྒྱས་བཤད་སོགས་ཀྱི་མཛད་སྒོ་ཡང་ཡོད། དེ་ནི་གཙོ་བོ་མཁས་པའམ་དཔོན་པོ་སོགས་ཤེས་བྱའི་ཆུ་ཚད་ཅུང་མཐོ་བ་ཞིག་གིས་བཤད་པ་ཡིན། སྐབས་དེར་ས་ཆ་ལ་ལར་ཁྲི་སྟོན་དང་འབྲེལ་ཏེ་གླུ་ལེན་གར་རྩེད་དང་རྟ་རྒྱུག་མདའ་འཕེན་སོགས་ཀྱང་བྱེད།
ཆོས་སྟོན་ནི་དཔེར་ན། ཆོས་སྒོ་འབྱེད་པ་དང་བཀའ་བསྟན་སོགས་གསུང་རབ་བླུ་བ།&nb
