འཇའ་ཚོན་ལ་བརྟག་ཚུལ།
དམངས་ཁྲོད་དུ་འཇའ་ཚོན་ལའང་བརྟག་ཚུལ་སྣ་ཚོགས་ཤིག་སྣང་མོད། ཆེས་གལ་ཆེ་བ་ཞིག་ནི་ཀློང་བརྡོལ་བླ་མའི《རྨི་ལྟས་སྣ་ཚོགས་བརྟག་ཐབས》སུ་བཀོད་ཡོད་པའི་འཇའ་ཚོན་བརྟག་ཚུལ་དེ་རེད། དེ་ལས་འཇའ་ཚོན་ལ་དབྱིབས་དང་ཁ་དོག་སྣ་ཚོགས་ཡོད་ཅིང་དེ་དག་ལ་འབྲས་བུའང་སྣ་ཚོགས་སུ་བཤད་དོ།།
དཔེར་ན། གྲོང་ཁྱེར་གང་དུ་འཇའ་ཚོན་མང་དུ་ཟུག་པ་དེ་མི་རིང་བར་འཇིག་པའི་ལྟས་སུ་བཤད་ལ། ཕ་རོལ་གྲོང་ཁྱེར་དམག་གིས་བསྐོར་བའི་ཚེ་ན་ཉི་མའི་དཀྱིལ་འཁོར་དང་མཉམ་པར་འཇའ་ཤར་ན་ཕན་ཚུན་ཕྱོགས་གཉིས་ཀ་འཐབ་ཅིང་གསོད་དོ།། གཡུལ་དུ་ཞུགས་ཚེ་མདུན་ལམ་གཡས་གཡོན་དུ་འཇའ་ཚོན་དུ་མ་ཤར་ན་མི་དེ་འཆི་བར་བརྗོད་ལ། འཇའ་འཁྱིལ་བ་བྱུང་ན་ས་གཡོས་པ་དང་བཅས་པའི་འཇིགས་པ་འབྱུང་ངོ་།། མཚན་མོའི་ཆ་ལ་འཇའ་ཚོན་བྱུང་ན་ཡུལ་དེའི་རྒྱལ་པོ་འཆི་ཞིང་འཐབ་རྩོད་དང་ནད་མུག་གིས་ཡུལ་འཁོར་འཇིག་པར་བཤད་ལ་འཕྲལ་དུ་སྤྲུལ་བའི་འཇའ་ཚོན་ཆག་ཅིང་འཇིག་པ་མཐོང་ན་གྲོང་དང་རྒྱལ་སྲིད་མ་ལུས་འཇིག་པར་བརྗོད་དོ།། འཇའ་གཟུགས་གདུགས་དང་རྒྱལ་མཚན། ཤིང་རྟ་དང་། འཁོར་ལོ་སོགས་ཤིས་པའི་རྣམ་པ་ཅན་བྱུང་ན་ལོ་ལེགས་ཤིང་རྒྱལ་པོ་རྒྱལ་བྱེད་ཅིང་། དགེ་མཚན་དུ་མས་འཇིན་རྟེན་དགེ་བར་འགྱུར་བར་བཤད། དབྱུག་པ་དང་གཏུན་ཤིང་། མདུང་རྩེ། སྒྲོག་རུས། གཞུ་དབྱིབས་ལྟ་བུའི་འཇའ་ཚོན་བྱུང་ན་ཡུལ་འཁོར་འཇིག་པར་བཤད་དོ།། གཞན་ཡང་། མགོ་ཐོད་དབྱུག་ཐོ་རུས་སྦལ་ལྟ་བུ་དང་། ཆུ་སྲིན་སོགས་ཆུ་ཡི་སྲོག་ཆགས་ཀྱི་གཟུགས་སྣང་ཤར་ཚེ་མེ་དང་ཆུ་ཡི་གནོད་པ་འབྱུང་ལ་ནད་དང་མུ་གེ་སོགས་ཀྱི་འཇིག་པ་དུ་མ་ཤར་བར་བཤད་ལ་ཁ་དོག་སྣ་ཚོགས་རིམ་པ་དུ་མའི་འཇའ་ཚོན་ཆུ་ལ་ཤར་ན་ཡུལ་དེར་ཆར་ཆེན་འབབས་ཤིང་འཇའ་ཚོན་ལ་དཀར་པོའི་རིམ་པ་མང་ན་དགེ་སྦྱོང་འཆི་ཞིང་མེ་ལྟར་དམར་སེར་གྱི་མདོག་ཆགས་པ་དང་མེ་ཏོག་དམར་སེར་གྱི་རྩ་བ་ལྟ་བུ་བྱུང་ན་ཡུལ་དེ་ལ་འཇིགས་པ་འབྱུང་བ་དང་སྔོན་པོའི་མདོག་ཅན་བྱུང་ན་ལོ་ཏོག་ལ་གནོད་པར་བཤད་དོ།།
དེར་མ་ཟད། སྲོད་ལ་ཤར་དུ་འཇའ་ཟུག་པ་རྒྱལ་པོ་དང་། ནུབ་ཏུ་མི་གཙོ་བོ་ལ་གནོད་པར་འགྱུར་རོ།། འཇའ་ཚོན་ཁ་དོག་ལྔ་བ་ཤར་དུ་ཟུག་ན་ཆར་འབབ་ལ་ལྷོ་དང་ནུབ་བྱང་དུ་ཤར་བ་ནི་མཆོད་འོས་མཆོད་ཅིང་ལྷོ་ནས་ནུབ་ཏུ་ཟུག་པ་ནི་རྒྱལ་པོ་དང་སྦྲེའུ། ཤན་པའི་ཚོགས་ལ་གནོད་དོ།། དུས་གསུམ་མཚམས་སུ་འཇའ་ཟུག་པ་དེ་ལེགས། གཟའ་སྐར་སོགས་བཟང་བའི་དུས་སུ་འཇའ་ཟུག་ན་རྒྱལ་པོ་ཉིད་བདེ་ཞིང་དགེ་བ་དང་རྐུན་པོ་སོགས་འཇོམས་པར་བཤད་ལ། དེ་རྗེས་ཉིད་བདུན་ཚུན་ཆད་དུ་ཆར་འབབ་ངན་ཡང་འབྲས་བུ་དགེ་བར་བཤད་དོ།། བོད་ཀྱི་དམངས་སྲོལ་གྱི་ཁྱབ་ཁོངས་སུ་འདི་འདྲའི་ཤེས་བྱ་ཕྲན་ཚེགས་ཀྱི་རིགས་ཧ་ཅང་མང་ན་ཡང་། ལེ་ཚན་འདིར་དོ་སྣང་བྱེད་པའི་མི་ཧ་ཅང་ཉུང་།
མི་རིགས་ཤིག་གི་ཡུལ་སྲོལ་གོམས་གཤིས་དེ་ཇི་འདྲའི་བླུན་རྟགས་ཤིག་ཡིན་རུང་བརྩི་འཇོག་བྱེད་དགོས་ཤིང་། མི་རིགས་ཤིག་གི་རིག་གནས་ཤེས་བྱ་དེ་ཇི་འདྲའི་མུན་འཇོམས་ཤིག་ཡིན་རུང་སློབ་སྦྱོང་བྱེད་དགོས་པ་ཡིན། དེ་ནི་མི་རིགས་གནད་དོན་ཐད་ཀྱི་གཞི་རྩའི་བགྲོད་ལམ་ཞིག་རེད།