བོད་ཀྱི་ཡུལ་སྲོལ་ལས་གྲིབ་ཀྱི་གོ་དོན་བཤད་པ།
དེ་ཡང་བོད་རྣམ་རྟོག་གི་བདག་པོ་ཟེར་བ་ལྟར། རང་རེའི་བོད་པ་རྣམས་ལ་འཛེམ་བྱ་ཧ་ཅང་མང་བའི་རྒྱུ་མཚན་ཡང་རང་གི་འདུ་ཤེས་ཀྱི་འཛིན་སྟངས་ཤིག་ཡིན། ལྷག་པར་དུ་གྲིབ་མནོལ་ལ་ཧ་ཅང་འཛེམ་པ་ཡིན་ཏེ། དེ་ཡང་གྲིབ་ཅེས་པ་དམེ་བཙོག་ལ་བརྟེན་ནས་འབྱུང་བའི་ནད་ཀྱི་བྱེ་བྲག་ཅིག་གམ། གནོད་བྱེད་ཅིག་ལ་ངོས་འཛིན་ཅིང་། ར་རིའམ། གྲིབ་མ། འགྲིབ་པ་བཅས་ཀྱི་གོ་དོན་ལྡན། དེ་ལ་ཟས་གྲིབ། གོས་གྲིབ། བག་གྲིབ། ཡུགས་གྲིབ། དམ་གྲིབ། ནལ་གྲིབ། མནའ་གྲིབ། དམར་གྲིབ། འཁོན་གྲིབ། རོ་གྲིབ་སོགས་ཡོད་པར་བཤད་ལ། དམེ་བཙོག་དང་ཡུགས་ས་མའི་ལག་གི་ཟས་མི་ཟ་བ་དང་དེ་བཞིན་དུ་གོས་མི་གྱོན་པ། བུད་མེད་སྦྲུམ་མས་དམར་གྲིབ་ལ་ལྷག་པར་དུ་འཛེམ་དགོས་ཤིང་། གཤིན་པོ་དུར་ཁྲོད་དུ་བསྐྱལ་རྗེས་ས་གནས་སོ་སོའི་ཡུལ་སྲོལ་གོམས་གཤིས་མི་འདྲ་བར་རང་རང་གི་ཆོ་ག་དང་ཕྱག་ལེན་ལྟར་དུར་ཁྲོད་དུ་སྐྱེལ་མཁན་རྣམས་ཁྲུས་གསོལ་བྱེད་པའང་རོ་གྲིབ་ཕོག་པར་འཛེམ་པས་ཡིན། གལ་ཏེ་བཙོག་གྲིབ་ཕོག་པ་ཇི་ལྟར་ཡིན་ཞེ་ན། མི་དེ་མནོལ་ནས་ཚེ་དང་དབང་ཐང་། རླུང་རྟ་སོགས་ཉམས་པར་བཤད་དེ། དེ་ཡང《མནོལ་བསང་ལྷ་ཆབ་སྔོན་མོ》ལས“ལུས་མནོལ་ལུས་ཀྱི་མདངས་ཉམས་ལུས་སྟོབས་ཤོར།། མགོ་མཇིང་རོ་སྟོད་ན་ཞིང་མིག་མི་གསལ།། ངག་མནོལ་སྐད་འགག་སྐུག་ཅིང་སྨྲ་མི་བདེ།། མཆིལ་སྣབས་མང་ཞིང་སྣ་འཚུབ་ལྕེ་ཐོག་བརྣངས།། ཡིད་མནོལ་ཡིད་མི་བདེ་ཞིང་ཚིག་པ་ཟ།། བརྗེད་ངས་གཉིད་འཐིབ་བྱུང་ཞིང་མཚན་མོ་ཡེར།། མགོ་མནོལ་མགོ་འཁོར་མིག་གྲིབ་རྣ་བ་འོན།། ཡན་ལག་མནོལ་བས་ཞ་གྲུམ་སྦྲིད་ཅིང་ན།། ཕོ་མཚན་མནོལ་བས་མི་འགྲེང་རྩ་དཀར་མང་།། མོ་མཚན་མནོལ་བས་སྲིད་ཀྱི་སྐྱེ་སྒོ་ཆད།། རྒྱབ་རྟེན་ལྷ་མནོལ་གཞི་ཡི་ལས་མི་འགྲུབ།། དགྲ་ལྷ་མནོལ་ན་དགྲ་སྲི་ཐང་དཀར་ལ།། བྱེས་ལྷ་མནོལ་ན་མགྲོན་འཐོམས་གྲོགས་དང་འབྲལ།། མགོན་ལྷ་མནོལ་ན་མགྲོན་རྣམས་དོན་མི་གྲུབ།། གཞི་ལྷ་མནོལ་བས་གཞི་ལྷ་སྡོད་མི་ཚུགས།། ཡུལ་ལྷ་མནོལ་བས་ནད་འཁྲུགས་མུ་གེ་འབྱུང་།། ཁང་ལྷ་མནོལ་བས་ཟག་ཅིང་ཙག་སྒྲ་འབྱུང་།། སྦྲ་ལྷ་མནོལ་བས་རུལ་ཞིང་ལྡོག་འགྱུར་མང་།། ནོར་ལྷ་མནོལ་བས་སྟོང་ཞིང་འབྱོར་མི་རྒྱས།། ཕྱུགས་ལྷ་མནོལ་བས་སྤུ་འབྱི་ལྟས་ངན་འབྱུང་།། ཞིང་ལྷ་མནོལ་བས་ཞིང་ས་ཁོལ་བུར་སྟོང་།། ཐབ་ལྷ་མནོལ་བས་བཅུད་མེད་སྟོང་ཞིང་འགོང་།། གྲོགས་ལྷ་མནོལ་བས་ཟས་ཁར་འགོང་བོ་འཇུག ། གོ་མཚོན་མནོལ་བས་གོ་ལོག་རྣོ་མཚོན་རྡུགས།། རྟ་ཕོ་མནོལ་བས་རྒལ་རྡོ་འགོམ་ལམ་ཉམས།། སྒོ་ཁྱི་མནོལ་བས་སྐད་འགག་བཙན་རྩི་ཞན།། ཁ་རྗེས་མནོལ་བས་མི་རབས་ལད་མི་ཤོར།། དབང་ཐང་མནོལ་བས་བརྗེད་ངས་དབང་བོ་ཉམས།། རླུང་རྟ་མནོལ་བས་སེམས་སྟོང་དོན་མི་འགྲུབ།། ”ཅེས་གསུངས་སྟེ། མནོལ་གྲིབ་ཀྱི་ཉམས་ཉེས་ཡོད་ཚད་ལ་བཀྲ་མི་ཤིས་པའི་རྐྱེན་ངན་འབྱུང་བ་གསལ་བོར་བསྟན།
དེ་ཡང་གྲིབ་དང་མནོལ་གཉིས་ལ་འབྲེལ་བ་ངེས་ཅན་ཞིག་ཡོད་དེ། སྒྲ་ཡངས་འཇུག་གི་གྲིབ་དང་སྒྲ་དོགས་འཇུག་གིས་མནོལ་ཞེས་བརྗོད་། གསལ་བོར་བཤད་ན་གྲིབ་ཕོག་པས་ད་གཟོད་མནོལ་བ་ཡིན་ཏེ། གོ་རིམ་འདིའི་ཆ་ནས་གྲིབ་མནོལ་ཞེས་ཀྱང་བརྗོད། གྲིབ་ཕོག་པར་ཕྱི་ནང་གསང་གསུམ་གྱི་རྒྱུ་རྐྱེན་སྣ་ཚོགས་ཡོད་པ་བཞིན་མནོལ་བ་ལའང་དེ་མཚུངས་ཀྱི་ཁྱད་ཆོས་ལྡན་པ་ཡིན། དཔེར་ན《ཆོས་འབྱུང་མཁས་པའི་དགའ་སྟོན》ལས། “རྒྱལ་པོས་དབུ་ལ་དར་ནག་གི་ཐོག་བཅིངས། དཔྲལ་བར་མེ་ལོང་བཏགས། ཕྲག་པ་གཡས་ལ་ཝ་རོ། གཡོན་ལ་ཁྱི་རོ་བཀལ། བ་དམར་གླང་དམར་བརྒྱ་ལ་ཐལ་སྒྲོ་སུམ་པ་བཀལ། རལ་གྲི་གླང་བྱ་ཕོ་ཀླད་ལ་སྐོར་ཞིང་བྱུང་ན་མི་ཐུབ་ཅེས་སྨྲས་པས་རྒྱལ་པོས་དེ་ཐམས་ཅད་བྱས་ནས་འཐབས་པས་ས་རི་ས་རླུང་སྐར་དུ་སོང་བས་རླུང་དམར་ཆེན་པོ་བྱུང་བསོ་བཏབ་པས་བ་ལང་འདྲོགས་ཏེ་ཐལ་སྒྲོ་རྣམས་རལ་ཐལ་ཚུབ་ཀྱིས་མིག་འགྲིབས། དར་ནག་གི་ཐོད་པ་དང་ཝ་རོ་དང་ཁྱི་རོས་རྗེའི་མགུར་ལྷ་དང་དགྲ་ལྷ་ཕོ་ལྷ་གསུམ་པོ་ཡལ། རལ་གྲི་བསྐོར་བས་རྨུ་ཐག་དང་རྨུ་སྐས་ཆད། ལ་ངམ་གྱིས་དཔྲལ་བའི་མེ་ལོང་ལ་དམའ་འཕངས་ནས་བཀྲོངས་སྐད”ཅེས་འབྱུང་སྟེ། གྲི་གུམ་བཙན་པོའི་མགུར་ལྷ་དང་དགྲ་ལྷ། ཕོ་ལྷ་གསུམ་པོ་ཡལ་དོན་ཡང་ཕྲག་པ་གཡས་ལ་ཝ་རོ་དང་གཡོན་ལ་ཁྱི་རོ་བཀལ་བའི་གྲིབ་ཡིན་པར་གསལ་བོར་བསྟན་པ་བཞིན་གྲིབ་ལ་སྣ་ཁ་ཧ་ཅང་མང་ཞིང་དམངས་ཁྲོད་དུ་དེ་བཞིན་གྲིབ་སེལ་བྱ་ཐབས་ཀྱང་སྣ་ཚོགས་ཤིག་ཡོད། 《གྲིབ་སེལ་རྟ་ནག་ཅན》ལས“འབྱུང་ལྔ་ཆགས་པའི་སྣོད་བཅུད་ཀྱི།། དུག་ལྔ་མ་རིག་ལས་ཀྱི་གྲིབ།། ཆགས་འཁོར་ཉོན་མོངས་ཡིད་ཀྱི་གྲིབ།། མཚན་མ་ཤེས་སྒྲིབ་སེམས་ཀྱི་གྲིབ།། གྲིབ་ལྔའི་རྐྱེན་གྱིས་ལྟོས་ངན་དུ།། བགེག་ལྔ་སྲིད་པའི་རང་གཟུགས་འབྱུང་།།”ཞེས་བསྟན་ཏེ། འབྱུང་བ་ལྔའི་རང་བཞིན་ལས་དུག་ལྔ་གྲིབ་ཅིང་། དུག་ལྔའི་རྐྱེན་ལས་གྲིབ་ལྔ་རང་བཞི