སྐྱེས་མའི་སྐྲའི་སླ་སྟངས་དང་སྐྲ་རྒྱན་སྣ་ཚོགས།
སྤྱིར་བུད་མེད་ཀྱི་སྐྲ་སླ་སྟངས་དང་སྐྲ་རྒྱན་ནི་མི་རིགས་གཞན་དང་དབྱེ་བ་འབྱེད་བྱེད་ཀྱི་མཚོན་རྟགས་གཙོ་བོ་ཞིག་ཡིན་ལ། ནང་སྒོས་སུ་མི་རིགས་རང་གི་ནང་ནས་ས་ཁུལ་གྱི་དབྱེ་བ་འབྱེད་བྱེད་ཀྱི་མཚོན་རྟགས་གལ་ཆེན་ཀྱང་ཡིན། སྐྱེས་མའི་སྐྲ་རིང་པོ་འཇོག་པ་དང་སྐྲ་ལན་བུ་ཆུང་ཆུང་མང་པོ་སླ་བ།
དེའི་སྟེང་དུ་གསེར་དངུལ་གཡུ་བྱུར་གྱི་ཕྲ་ཚོན་མང་པོ་འདེབས་པ་ནི་རང་རེའི་བོད་མི་རིགས་སྤྱི་གཅིག་འདྲ་ཡིན་པས། མཚོ་ལྷོ་ས་ཁུལ་ཡང་དེ་ལས་མ་འདས། ཡིན་ན་ཡང་སྐྱེས་མའི་སྐྲའི་ལན་བུའི་ཆེ་ཆུང་དང་མང་ཉུང༌། སླ་སྟངས། གཡུ་བྱུར་གྱི་ཕྲ་འདེབས་སྟངས་སོགས་ས་ཆ་རེ་རེ་མི་འདྲ་བའི་དབང་གིས། མཚོ་ལྷོ་ས་ཁུལ་ཁོ་ནར་མཚོན་ན་ཡང་རྫོང་དང་ས་ཆ་སོ་སོར་སྐྲ་རྒྱན་རྣམ་པ་སྣ་ཚོགས་ཤིག་བྱུང་ཡོད་དེ།
དཔེར་ན། སྐྲ་ལུང་དང་དམར་གདན། ཚགས་རྒྱན། རྔ་ལོ། ཅ་ལ། སྐྲ་ཤུབས། ཁ་སྟེའུ་རྒྱལ་བོ་སོགས་སྣ་མང་ཞིག་མཆིས་ཤིང༌། དེ་ལས་སྐྲ་ལུང་དང་དམར་གདན་གཉིས་ནི་ཅུང་ཁྱབ་ཆེ།
