logo

ནད་པའི་མདུན་གྱི་འཛེམ་བྱ།

རྩོམ་པ་པོ།:ས་གོང་དབང་འདུས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2007-12-04 ཀློག་གྲངས།:
  ཁྱིམ་ནང་དུ་ནད་པ་དང་ཕྲུ་གུ་སྐྱེ་བཞིན་པའི་བུད་མེད་ཡོད་པའི་ཚེ། དེར་བགེགས་བར་དང་གནོད་པ་མི་ཡོང་བའི་ཆེད།  ཕྱི་མི་བཀག་སྟེ་ནང་ལ་གང་བྱུང་དུ་མི་གཏོང་བའི་སྲོལ་ཡོད།  དེ་ལའང་ལུང་པ་སོ་སོའི་གོམས་སྲོལ་མི་འདྲ་བ་མང་པོ་ཡོད།  ལུང་པ་འགའ་ཤས་སུ་རང་གི་ཁྱིམ་དུ་ནད་པ་ཡོད་ཚེ།  ཕྱི་མི་ནང་དུ་མི་གཏོང་བའི་འགོག་རྟགས་སུ་ནད་གཞིའི་ལྕི་ཡང་ལ་གཞིགས་ཏེ།  རང་གི་སྒོ་འགྲམ་དུ་ཐོ་ཐོ་མང་ཉུང་མི་འདྲ་བ་གང་ཡང་བརྩིགས་སྲོལ་ཡོད།  ནད་གཞི་ལྕི་པོ་རང་མེད་པའི་ནད་པ་ཡིན་ན།  ཐོ་ཐོ་གཅིག་བརྩིགས་པ་དང།  འབྲིང་ཙམ་ཡིན་ན་ཐོ་ཐོ་གཉིས་བརྩིགས་པ།  ནད་གཞི་ཚབས་ཆེན་ཡིན་ན།  ཐོ་ཐོ་གསུམ་ཙམ་བརྩིགས་སྲོལ་ཡོད།  ཡང་ཡུལ་ལུང་འགའ་ཤས་སུ་དེའི་ཚབ་ཏུ་རང་གི་སྒོ་འགྲམ་དུ་མེ་དུད་སྦྱོང་བ་དང་།  ལ་ལ་བས་རས་དམར་པོ་ཞིག་རང་གི་སྒོ་ཐོག་ཏུ་འདོགས་པ།  ལ་ལ་བས་རང་གི་སྒོ་གཉར་ཤིང་གི་ཡལ་ག་འཛུགས་པ་ལ་སོགས་གང་ཡང་ཡོད།  དེ་རིགས་ཀྱི་རྣམ་པ་མི་འདྲ་ཡང་བསྟན་བྱའི་ནང་དོན་ནི་ཕྱི་མི་འགོག་བྱེད་ཁོ་ན་ཡིན།


འབྲེལ་ཡོད་འོས་སྦྱོར།