logo

༄༅། །ཆབ་མདོའི་སྒོར་བྲོ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2020-03-25 ཀློག་གྲངས།:
སྒོར་བྲོ་ཞེས་པའི་བྲོ་གར་འདི་ལ་སྐོར་བྲོ་དང་སྒོར་བྲོ་སོགས་མིང་གི་གདགས་གཞི་མི་འདྲ་བ་མང་དུ་མཆིས་ཀྱང་། དོན་ལ་མི་མང་བོ་ལྷན་དུ་འདུས་ཏེ་སྒོར་བའི་དབྱིབས་ཀྱིས་འཁྲབ་པའི་བྲོ་ཞིག་ལ་ཟེར། བྲོ་གར་འདི་ཉིད་བོད་ལྗོངས་ཆབ་མདོ་དང་། ནག་ཆུ། སི་ཁྲོན་རྔ་བ་དང་། དཀར་མཛེས། ཡུན་ནན་སོགས་བོད་ཁུལ་ཕལ་མོ་ཆེར་དར་ཁྱབ་ཆེ་བའི་དམངས་ཁྲོད་ཀྱི་བྲོ་གར་རིགས་ཤིག་ཡིན་ལ། དེར་ཆོས་ལུགས་བྱེད་སྒོ་སོགས་སུ་སྤེལ་བའི་སྒོར་བྲོ་ཆེན་མོ་དང་། དམངས་ཁྲོད་དུས་སྟོན་གྱི་སྒོར་བྲོ་འབྲིང་ཙམ། གྲོགས་པོ་གཉེན་ཉེ་མཉམ་དུ་འཛོམས་པའི་སྒོར་བྲོ་ཆུང་བ་སོགས་སྣ་མང་ཞིང་། དེ་དག་གི་ཆོ་ག་དང་འཁྲབ་ཚུལ་གཟབ་རྒྱས་མིན་སོགས་མི་འདྲ་བར་མ་ཟད། འཁྲབ་མཁན་དང་ཁོར་ཡུག་སོགས་ཀྱི་རྒྱུ་དང་རྐྱེན་གྱིས་བྱེ་བྲག་ཏུ་མང་ཚོགས་སྒོར་བྲོ་དང་། གྲོང་གསེབ་སྒོར་བྲོ། རོང་བའི་སྒོར་བྲོ། འབྲོག་པའི་སྒོར་བྲོ་སོགས་ཀྱི་རིགས་དབྱེ་འང་ཡོད་དོ།། 
བྲོ་འདིའི་འཁྲབ་སྟངས་ནི་རྒྱུན་སྲོལ་ལྟར་ན་སྐྱེས་པ་དང་བུད་མེད་ཕྱོགས་གཉིས་སུ་ཟླ་གམ་གྱི་རྣམ་པའི་གྲལ་བསྟར་རྗེས་རོལ་ཆས་སོགས་ཀྱི་རམ་འདེགས་ལ་མ་བརྟེན་པར་མི་ཞིག་གིས་གླུ་འགོ་བཟུང་ནས་ཕྱོགས་གཉི་གས་དྲི་བ་དྲིས་ལན་གྱི་ཚུལ་དུ་གླུ་ལེན་རེས་བྱེད་ཞོར་བྲོ་འཁྲབ་པར་བྱེད་ཅིང་། བྲོ་ཡི་སྟངས་སྟབས་ཐོག་མར་དལ་ཞིང་རྗེས་སུ་མགྱོགས་ལ་སྦལ་བའི་འཕར་འགྲོས་དང་སེང་གེའི་འགྱིང་སྟབས། གཡུ་འབྲུག་འཁྱུག་རྩལ་སོགས་ཀྱི་རྡོག་པའི་འཕྱོ་འཇགས་སྣ་མང་ལ། ལག་པའང་དགུང་ནས་གཡུག་པ་དང་། བརྐྱངས་པ། བསྐུམས་པ་སོགས་ཀྱི་ཉམས་འགྱུར་ཕུན་སུམ་ཚོགས་པ་ལས་གཞན་བྲོའི་དབྱིབས་རྣམ་ལ་ཉི་མའི་དཀྱིལ་འཁོར་དང་ནོར་བུ་དགའ་འཁྱིལ་སོགས་ཀྱི་རྣམ་པ་ཐོན་སྲིད།
འདིར་འཆད་བྱར་གྱུར་པའི་ཆབ་མདོའི་སྒོར་བྲོའི་གནས་ཡུལ་ཏེ་ཆབ་མདོ་རྫོང་ནི་བོད་རང་སྐྱོང་ལྗོངས་ཀྱི་ཤར་ཕྱོགས་དང་། སི་ཁྲོན། ཡུན་ནན་གསུམ་གྱི་འབྲེལ་མཚམས་སུ་ཆགས་ཤིང་། སྙན་པའི་གྲགས་པ་ཕྱོགས་སུ་གཡོ་བའི་ཁམས་པའི་རིག་གནས་ཀྱི་ལྟེ་བར་གྲུབ་པར་མ་ཟད། ཕུལ་དུ་བྱུང་བའི་དམངས་ཁྲོད་སྒྱུ་རྩལ་སྒོར་བྲོའི་འབྱུང་ཁུངས་ཀྱང་ཡིན་ནོ།། ཆབ་མདོའི་སྒོར་བྲོའི་གླུ་ཚིག་གི་དོན་ལ་གཞིགས་ཚེ་བཙན་པོའི་སྐབས་ནས་འདི་ཉིད་དར་ཡོད་པར་མངོན་ཏེ། འབྲེལ་ཡོད་ཡིག་ཆ་ལྟར་ན་སྐབས་དེའི་སྤྱི་ཚོགས་མནའ་འབྲེལ་གྱི་ཆོ་གའི་བྱེད་སྒོ་དང་དམ་དུ་འབྲེལ་བའི་རྗེས་ཤུལ་འདུག་རྗེས་སུ་རིམ་གྱིས་རྒྱ་ཆེར་དར་ནས་མང་ཚོགས་རང་བཞིན་དུ་གྱུར་པ་རེད།《ཆིང་རྒྱལ་རབས་ཀྱི་ཡིག་ཚགས་ལས་རོལ་མོའི་སྐོར》ཞེས་པར“郭庄”ཞེས་སྒྲ་སྒྱུར་བྱས་པར་གཞིགས་ན་རྒྱའི་ཡིག་ཚང་དུ་སྒོར་བྲོའི་སྐོར་གྱི་ལོ་རྒྱུས་ས་བོན་མཆིས་ཏེ། ཀྲོའོ་ཨར་ཧྥན་གྱིས་རྩོམ་སྒྲིག་བྱས་པའི《ཆིང་གི་ལོ་རྒྱུས་ཡིག་ཚགས》སུ“ཀོའོ་ཙོང་གིས་ཅན་ཁྲོན་བརྟན་འཇགས་སུ་བཏང་། དེ་གའི་སྒོར་བྲོ་བ་མི་བཅུ་ཐོབ། མི་གཉིས་རེས་དཔུང་སྤྲེལ་ཏེ་བྲོ་འཁྲབ་པར་བྱེད། ལུས་སུ་ཤམ་ལྭ་གྱོན། མགོར་ཞྭ་མོ་དང་། ཕྲེང་བ་བཏགས། སེར་སྔོན་གྱི་སྐ་རགས་གཉིས་ཟུར་འགེབ་ཀྱིས། བསྣོལ་ཏེ་རྒྱ་གྲམ་དུ་བགྱིད།”ཅེས་སྐབས་དེའི་སྒོར་བྲོའི་རྣམ་པ་བྲིས་འདུག་པ་བཅིངས་འགྲོལ་སྐབས་ཆབ་མདོའི་དགོན་པ་དག་ན་མཐོང་རྒྱུ་འདུག《བོད་ལྗོངས་བྲོ་གར་རྣམ་བཤད》དུ། “སྔོན་ཆད་ཁམས་པ་ས་ཁུལ་དུ་ཚོང་ལས་རང་བཞིན་གྱི་རྩ་འཛུགས་ཤིག་ལ‘སྒོར་བྲོ’ཟེར་ཞིང་། ཚོང་བ་འདི་དག་གིས་གཙོ་བོ་ས་གནས་ཀྱི་ཐོན་རྫས་ཉོ་འཚོང་དང་། སྐྱེལ་འདྲེན་བྱེད་པར་མ་ཟད། མགྲོན་ཁང་གཉེར་བ་དང་། ལམ་བགྲོད་ཀྱི་བོད་རིགས་ཚོང་བ་དག་གིས་རྟ་ཁྱུ་དེད་དེ་གནས་དེ་གར་ཞག་འདུག་བྱེད་ལ། མཚན་མོར་ར་སྐོར་གྱི་དཀྱིལ་ནས་ཐབ་བཟུང་ཇ་བསྐོལ་གྱིས་རྩམ་པ་ཟ་བ་དང་། དེ་རྗེས་མེ་ཕུང་བསྐོར་ཏེ་གླུ་ལེན་གར་འཁྲབ་ཀྱིས་ཉིན་གཅིག་གི་ངལ་དུབ་སངས་པར་བྱེད།”ཅེས་སྒོར་བྲོའི་སྐོར་ཉུང་ཙམ་བྲིས་འདུག
སྤྱིར་བཏང་སྒོར་བྲོ་ལ་སྟངས་སྟབས་ཀྱི་ཆ་ནས་དལ་ཞིང་ཉམས་འགྱུར་མཛེས་པའི་རིགས་ཤིག་དང་། མགྱོགས་ལ་ཉམས་འགྱུར་རྒོད་པའི་རིགས་གཉིས་ཡོད་ལ། སྟག་མོ་ཐུར་དུ་མཆོངས་པ་དང་། རྒོད་པོ་མཁའ་རུ་ལྡིང་བ། རྨ་བྱས་སྒོ་གུར་ཕུབ་པ་སོགས་ཀྱི་ཉམས་འགྱུར་མང་དུ་མཆིས་ཤིང་། འཁྲབ་མཁན་གྱིས་གདོང་གི་ཉམས་དང་སེམས་ཀྱི་འགྱུར་བ་རོ་གཅིག་ཏུ་ཐིམ་པར་གཙིགས་སུ་འཛིན། སྒོར་བྲོ་འདི་ཉིད་འཁྲབ་པའི་ཚེ་སྟངས་སྟབས་ལ་སྔ་ཕྱིར་འགྱུར་བ་གསུམ་ཡོད་དེ། བྲོ་འགོ་འཛིན་དུས་འཁྲབ་མཁན་གྱིས་གོམ་པ་བསྣོལ་ཏེ་ཡང་མོ་སྒོས་སྤོས་ཆོག་པ་དང་། དེའི་རྗེས་རིམ་བཞིན་དལ་གྱིས་འཁྲབ་དགོས་ལ། མཐའ་མར་སྟངས་སྟབས་མྱུར་ལ་རྒོད་ཅིང་སེམས་ཀྱི་འགྱུར་བའང་དེ་དང་བསྡོངས་ཏེ་དྲག་ཏུ་འགྱུར་སྲིད།
དུས་སྟོན་སོགས་ཀྱི་ཚེ་ཕོ་མོ་མང་བོ་ལྷན་དུ་འཛོམས་ནས་སྒོར་བྲོ་འཁྲབ་པར་སྲིད་ལ། སྐྱེས་པ་ཚོའི་སྟངས་སྟབས་མྱུར་ཞིང་རྒོད་ལ་བུད་མེད་ཚོ་ནི་དེ་ལས་ལྡོག་སྟེ་དལ་ཞིང་ལྷོད་པ་ཡིན། བྲོ་རའི་དཀྱིལ་དུ་ནས་ཆང་དང་ཁ་བཏགས་སོགས་བཤམས་ཡོད་པ་དང་། བྲོ་མཇུག་རྫོགས་རྗེས་རྒན་པ་དག་གིས་བྲོ་འཁྲབ་མཁན་དག་ལ་ཆང་དང་ཁ་བཏགས་དྲངས་ནས་དུང་བའི་འདུན་མ་རིང་དུ་བསྐྱངས་སྲིད་དོ།།
ཆབ་མདོའི་སྒོར་བྲོའི་ནང་དོན་དང་ཁྱད་ཆོས།
༡.ནང་དོན་གྱི་སྐོར། ལར་ཆབ་མདོའི་སྒོར་བྲོར་ཆོས་བྲོ་དང་། འབྲོག་བྲོ། འོང་བྲོ་རིགས་གསུམ་ཡོད་ལ། ཆོས་བྲོ་ཞེས་པ་འདི་ནི་དགོན་པའི་ཆོས་ཀྱི་བྱེད་སྒོ་དང་དུས་ཆེན་སོགས་སུ་འཁྲབ་པའི་བྲོའི་རིགས་ཤིགས་ཏེ། ཁམས་ཕྱོགས་ཀྱི་བླ་ཆེན་དག་གི་སྐྱེལ་བསུའི་སྐབས་སུའང་འཁྲབ་པར་བྱེད། ཆོས་ལུགས་ཆོ་ག་དང་ལྟོ་སྦྱར་བའི་བྲོ་གར་འདི་ཉིད་དོན་ལ་འཁྲབ་མཁན་སྐྱེ་བོ་ཕོ་མོ་དག་གིས་ཕྱི་མའི་དོན་དུ་དགེ་བ་སྨོན་ལམ་གྱི་བགྱི་བའི་སྦྱོར་བ་ཞིག་ལགས་པས་ཚོགས་ཀྱི་གཞི་རྒྱ་ཧ་ཅང་ཆེ། ཆིང་རྒྱལ་རབས་ཀྱི་གོང་མ་ཆན་ལུང་གི་དུས་སུ་བྲོ་གར་འདི་ཉིད་རྒྱལ་ས་པེ་ཅང་དུ་གདན་དྲངས་ནས་ཕོ་བྲང་གི་གཙུག་ལག་ཁང་གི་རོལ་གར་གྱི་གྲུབ་ཆ་ཞིག་ཏུ་གྱུར་པ་རེད། གཞན་འབྲོག་བྲོ་དང་ཞིང་བྲོ་གཉིས་ནི་བརྩེ་བས་ཕྱུག་ཅིང་གར་གྱི་སྟངས་སྟབས་རྒོད་ཅིང་འཕྱོ་བ་ཅན་ཞིག་རེད། 
སྒོར་བྲོ་འདིར་ཕོ་མོ་རྒན་གཞོན་སུ་ཡང་ཞུགས་ཆོག་ལ་གང་འདོད་ལྟར་ཕྱིར་བུད་ཀྱང་ཆོག་ཡིན་ན་ཡང་བྲོ་འགོ་འཛིན་མཁན་འདོད་མོས་ལྟར་བརྗེ་མི་ཆོག་ལ། གལ་སྲིད་ངེས་པར་བརྗེ་དགོས་ན་ཀུན་གྱིས་མོས་མཐུན་སྒོས་སྐད་ངག་སྙན་ཞིང་གླུ་ཚིག་ལ་བྱང་བ་ཅན་ཞིག་དགོས་སོ།། ལོ་ཡི་འཁོར་འགྲོས་རིང་མོ་་འདིའི་ནང་སྒོར་བྲོ་འདི་ཉིད་དར་ཞིང་རྒྱས་པ་གཙོ་བོ་བྲོ་འདིར་ས་གནས་དང་དུས་ཚོད། མི་གྲངས་སོགས་ཀྱི་ཚད་བཀག་མེད་པ་རྐྱེན་དུ་སོང་བར་སྙམ་སྟེ། དུས་ཆེན་ཡིན་མིན་ཅི་རིགས་སུ་འཁྲབ་ཆོག་ལ་འཁྲབ་ར་ཡང་གཏན་ཁེལ་མེད་པར་ཞིང་འབྲོག་ཁུལ་དང་། གྲོང་གསེབ། ཁྱམས་ར་དང་ལྷས་ར་སོགས་གང་ཡང་རུང་ཞིང་། འཁྲབ་མཁན་ཉུང་ན་མི་འགའ་ཤས་དང་མང་ན་སྟོང་ཕྲག་ལྷག་བརྒལ་ཆོག་བྲོ་གར་འདིའི་སྟངས་སྟབས་དང་དབྱངས་ཀྱི་འགྱུར་ཁུགས་ལས་ཡུལ་འདིར་འཚོ་ཞིང་གཞེས་པའི་མི་རྣམས་ལས་ལ་བརྩོན་ཞིང་དཔའ་ངར་ལྡན་ལ་འབྱུང་འགྱུར་ལ་སྤྲོ་སྣང་གིས་ཕྱུག་པ་མངོན་པར་མཚོན་ཡོད།
ཆབ་མདོའི་སྒོར་བྲོ་བོད་ཁམས་ཡོངས་སུ་མཚན་སྙན་ཤིན་ཏུ་ཆེ། དུས་སྟོན་སོགས་ཀྱི་ཚེ་སྐྱེ་བོ་ཕོ་མོ་མང་བོ་ལྷན་དུ་འདུས་ཏེ་སྒོར་བའི་དབྱིབས་ཀྱིས་སྙན་པའི་གླུ་གཞས་ངག་ལ་གྱེར་ཞོར་གར་གྱི་སྟངས་སྟབས་བསྒྱུར་བར་བྱེད་ཅིང་། སྐྱེས་པ་དག་གིས་ཁོད་ཆེ་བའི་དོར་མ་གྱོན་ཏེ་གར་གྱི་སྟངས་སྟབས་བསྒྱུར་བའི་ཚེ་ན་ཐང་དཀར་རྒོད་པོའི་སྤྲིན་གྱི་བམ་ག་གཏོར་བར་འདྲ་ལ། སྨན་ཤར་དག་གིས་ཕྱག་གི་པདྨོས་སྲིད་དུ་རིང་བའི་ཕུ་ཐུང་གཡུགས་པར་བྱས་ཚེ་རྨ་བྱའི་ཚོགས་ཀྱིས་མཛེས་པའི་སྒྲོ་གུར་ཕུབ་པའི་རྗེས་སུ་སྙེག་ཕོ་མོ་རྣམས་ཕྱོགས་གཉིས་སུ་བསྟར་རྗེས་ལག་ཟུང་སྦྲེལ་ཏེ་སྒོར་བར་བྱེད་པ་དང་། སྤྱིར་བཏང་སྐད་ངག་སྙན་པའི་སྐྱེས་པ་ཞིག་གིས་གླུ་འགོ་བཟུང་རྗེས་གླུའི་འགྱུར་ཁུགས་དང་བསྟུན་ཏེ་གར་འཁྲབ་པར་བྱེད། གླུ་ཚིག་རེ་ཞིག་མཚམས་བཞག་པ་ན་གར་མཁན་དག་གིས་ལྷན་དུ་ཡཱ་ཞེས་སྐད་གསང་མཐོན་པོས་འབོད་པར་བྱེད་ལ། ཆབས་ཅིག་ཏུ་ལུས་པོ་ཅུང་སྒུར་ཏེ་ལག་པ་གཉིས་རྒོད་པོའི་གཤོག་ཟུང་བཞིན་བརྐྱངས་ནས་གོམ་སྟབས་ཆེན་པོས་བྲོ་མགྱོགས་པོར་འཁྲབ། སྟག་ཤར་གཞོན་ནུའི་གར་གྱི་སྟངས་སྟབས་རྒོད་ཅིང་མྱུར་བ་ཐང་དཀར་རྒོད་པོས་ནམ་འཕང་གཅོད་པ་འདྲ་ལ། སྨན་ཤར་བུ་མོའི་གར་གྱི་སྟངས་སྟབས་མགྱོགས་བུལ་རན་ལ་འཚམས་པ་རྨ་བྱའི་སྒྲོ་གུར་ཕུབ་བཞིན་ཡིད་དུ་སྡུག་རྒྱུན་ལྡན་སྒོར་བྲོའི་དབུས་སུ་ནས་ཆང་ཁམ་པ་དང་བཀྲ་ཤིས་ལྷ་དར་བཞག་ཡོད་ལ། བྲོ་མཇུག་རྫོགས་རྗེས་བསམ་ཤེས་རྒན་པོ་ཞིག་གམ་བྲོ་རྩ་འཛུགས་བྱེད་མཁན་གྱིས་དར་འཐེན་ཆང་འདྲེན་གྱི་ལས་ལ་འཇུག་པར་བྱེད་ལ། སྤྱིར་བཏང་སྒོར་བྲོ་ནི་རྒྱ་ཆེ་བའི་མི་དམངས་མང་ཚོགས་ཀྱི་སོས་དལ་བག་ཕེབས་སྐབས་སུ་འཁྲབ་པའི་བྲོ་གར་རིགས་ཤིག་ཡིན་པས། སྤྱིར་ན་ཡོ་བྱེད་རྒྱུ་ཆ་སོགས་མི་དགོས་ཀྱང་། དུས་རབས་ཀྱི་འཕོ་འགྱུར་དང་བསྟུན་རྗེས་སུ་གཞི་རྒྱ་ཆེ་བའི་སྒོར་བྲོ་འཁྲབ་སྐབས་དབུས་སུ་ནས་ཆང་སོགས་བོད་མིའི་ཟས་རིགས་དང་། གཞན་མེ་ཕུང་བསྒྲོན་པ་སོགས་ཀྱང་ཡོད་དོ།།
༢.ཁྱད་ཆོས་གཙོ་བོ། སྒོར་བྲོར་རིགས་ཧ་ཅང་མང་བོ་ཡོད་དེ། ནང་དོན་གྱི་ཆ་ནས་ངལ་རྩོལ་གྱི་རྣམ་པ་གཙོ་བོར་མཚོན་པ་ལ་བལ་འབྲེག་པའི་སྒོར་བྲོ་དང་། གཉེན་སྟོན་སོགས་མཚོན་པ་ལ་བཀྲ་ཤིས་དུས་སྟོན་སྒོར་བྲོ། འཚོ་བའི་ཡོ་ལང་མཚོན་པ་ལ་རི་བོང་སྒོར་བྲོ། གཞན་ཆང་བཟིའི་སྒོར་བྲོ་སོགས་མང་ལ། གར་གྱི་སྟངས་སྟབས་སྣ་མང་ཞིང་གཙོ་ཆེར་རང་བྱུང་ལྷུན་གྲུབ་ཀྱི་ཉམས་ཤས་ཆེ་བར་མ་ཟད། མཛེས་སྡུག་ཡི་གར་འོང་བའི་བྲོ་ལྭ་སོགས་གང་གི་ཆ་ནས་ཀྱང་བོད་རིགས་མི་དམངས་ཀྱི་ལས་ལ་བརྩོན་ཞིང་དཔའ་ངར་ལྡན་ལ། འབྱུང་འགྱུར་ལ་རེ་སྨོན་གྱིས་ཁེངས་པའི་མི་རིགས་ཀྱི་ཐུན་མིན་ཁྱད་ཆོས་མངོན་པར་མཚོན་ཞིང་། གཞན་དུ་ན་སྒོར་བྲོ་འདི་ཉིད་ལུས་ཕུང་སྦྱོང་བརྡར་གྱི་ནུས་པ་བླ་ལྷག་ལྡན་པའང་སྨྲས་མི་དགོས་པའི་གནས་ལགས་སོ།།
ས་བབ་ཀྱི་ཆ་ནས་རོང་བའི་སྒོར་བྲོ་དང་། འབྲོག་པའི་སྒོར་བྲོ། དགོན་པའི་སྒོར་བྲོ་སོགས་རིགས་གསུམ་དུ་དབྱེ་ཆོག་ལ། རོང་བའི་སྒོར་བྲོ་ལ་དལ་སྙོམས་མགྱོགས་ཀྱི་དབྱེ་བ་ཡོད་དེ། ཐོག་མར་ཕོ་མོ་རྣམས་ཀྱིས་ལག་ཟུང་སྦྲེལ་ཏེ་རེས་མོས་སྒོས་གླུ་ལེན་ཞོར་གནས་གཅིག་ཏུ་གོམ་པ་ལྡེམ་པར་བྱེད་པ་དང་། དེ་རྗེས་མཉམ་དུ་ཡཱ་ཞེས་གསང་མཐོར་སྒྲོག་པ་དང་གོམ་སྟབས་གློ་བུར་ཇེ་མགྱོགས་སུ་གཏོང་ལ་རིམ་གྱིས་བྲོའི་སྟངས་སྟངས་ཀྱང་ཇེ་མགྱོགས་ཇེ་མགྱོགས་སུ་བུད་འགྲོ། གར་གྱི་སྟངས་སྟབས་རིགས་གཉིས་སུ་དབྱེ་ཆོག་པར་སྙམ་སྟེ། རིགས་གཅིག་ནི་གོམ་སྟབས་དལ་ལ་ཉམས་འགྱུར་ལྷོད་པ་དང་། ཅིག་ཤོས་ནི་གོམ་སྟབས་མྱུར་ལ་ཉམས་འགྱུར་རྒོད་པའི་རིགས་ཏེ་མདོར་ན་སྟག་མོ་ཐུར་དུ་མཆོངས་པ་དང་། རྒོད་པོས་ནམ་འཕང་བསྟོད་པ། རྨ་བྱས་སྒྲོ་གུར་ཕུབ་པ། ཤེའུ་གར་ལ་རྩེན་པ་སོགས་ཉམས་འགྱུར་ཕུན་སུམ་ཚོགས་ཤིང་། གར་གྱི་སྟངས་སྟབས་རེ་རེ་ལས་ཀྱང་བོད་མི་རིགས་ཀྱི་དཔའ་མཛངས་རྟུལ་ཕོད་ཀྱི་རང་གཤིས་མངོན་པར་མཚོན་ནོ།།
འབྲོག་པའི་སྒོར་བྲོའི་འཁྲབ་སྟོན་རྣམ་པ་ཕལ་ཆེར་རོང་བའི་སྒོར་བྲོ་དང་ཆ་འདྲ་ཞིང་། ཡིན་ཙང་གར་གྱི་སྟངས་སྟབས་ལ་ཧེ་བག་ཆེན་པོ་ཡོད་དེ། ལག་པས་བྲང་ཁ་ནས་གཡུག་གཡུག་གཏོང་བ་རྒྱུགས་ཆེ་ལ་ལུས་པོ་གོམ་པའི་འདེགས་འཇོག་དང་བསྟུན་ནས་འཁོར་བར་བྱེད་པ་ཁྱད་ཆོས་གཙོ་བོར་ངེས།
དགོན་པའི་སྒོར་བྲོ་གཙོ་ཆེར་དགོན་པའི་དགུན་ཆོས་དང་དུས་སྟོན་སོགས་ཀྱི་ཚེ་འཁྲབ་པར་བྱེད་ལ། སྤྱིར་བཏང་གར་གྱི་སྒྲིག་གཞི་ཚགས་དམ་སྟེ། བྲོ་འགོ་འཛིན་མཁན་སྐྱེས་པ་བསམ་ཤེས་ཤིག་སྔོན་ལ་གཏན་ཁེལ་བྱེད་པ་དང་། གྱོན་པ་གཅིག་གྱུར་བྱེད་པ་སོགས་གོ་རིམ་ངེས་ཅན་ལྡན་ལ། གོམ་སྟབས་ལ་བརྗིད་བག་ཆེ་ཞིང་། ཉམས་འགྱུར་སྒམ་པ་སོགས་རོང་འབྲོག་གི་སྒོར་བྲོ་དང་མི་མཐུན་ནོ།།
སྤྱིར་ན་ཆབ་མདོའི་སྒོར་བྲོ་ཚན་པ་གསུམ་དུ་དགར་ཆོག་པར་སྙམ། དང་བོ་བྲོ་འགོ་སྟེ་བྲོ་འཁྲབ་མཁན་རྣམས་ཀྱིས་རང་གི་སྡོད་གནས་གཏན་ཁེལ་བྱས་པ་ན་རྐང་བ་བསྣོལ་ཏེ་གོམ་པ་སྤོ་བར་བྱེད་པ་དང་། གོམ་སྟབས་ཡང་ལ་ལྷོད་པའི་རང་བཞིན་ཅན་ནོ།། དེ་རྗེས་རིམ་བཞིན་དལ་གྱིས་འཁྲབ་པར་བྱེད་ལ། སྐབས་འདིའི་སྟངས་སྟབས་དལ་ཞིང་དབྱིབས་རྣམ་ཐོན་པ་གཙིགས་སུ་འཛིན་ལ། བྲོ་འགོ་དང་བསྡུར་ཚེ་གོམ་སྟབས་སོགས་གང་ཆ་ནས་ཅུང་མགྱོགས། གསུམ་པ་ནི་མགྱོགས་བྲོ་སྟེ་བྲོའི་སྟངས་སྟབས་རྒོད་ཅིང་འཕྱོ་འཇགས་ཆེ་བ་རྦ་རླབས་འཕྱུར་འདྲའོ།། སྐབས་འདིར་འཁྲབ་མཁན་དག་གིས་ཕྱི་རོལ་ཡུལ་གྱི་འགྱུར་ལྡོག་ཡོད་ཚད་སེམས་ལས་རིང་དུ་སྟོར་ཏེ་ཚོར་འགྱུ་དྲོན་མོ་ཁོ་ན་བྲོའི་སྟངས་སྟབས་དང་བསྡོངས་པར་བྱེད་ཅིང་། གཡེར་བག་ཆེ་བའི་ཉམས་འགྱུར་ལས་མཐུན་སྒྲིལ་གྱི་སྟོབས་ཤུགས་ཤིག་མངོན་འོངས་ལ་གྲལ་མཉམ་པའི་དཔུང་རྡང་ལས་རླབས་ཆེ་བའི་མི་རིགས་ཤིག་གི་རང་བཞིན་གསལ་འོངས། 
རིན་ཐང་རང་བཞིན་དང་ད་ལྟའི་གནས་བབ།
གནས་འདིར་འཚོ་བའི་མི་རྣམས་ལ་མཚོན་ན་ཆེས་སྤྲོ་སྣང་ཆེ་བའི་བྱ་བ་ནི་གླུ་ལེན་གར་རྩེད་ལས་མ་འདས་པས་སྒོར་བྲོ་ནི་གནས་འདིའི་མི་རྣམས་ཀྱི་ཆེས་དགའ་བསུ་བྱེད་པའི་སྒྱུ་རྩལ་ཞིག་ལགས་པ་སྨོས་མ་དགོས་སོ།། དེ་བས་སྒོར་བྲོའི་རིག་གནས་ཀྱི་རིན་ཐང་ཡང་དོན་ལ་བོད་རིགས་མང་ཚོགས་ཀྱི་དགའ་སྤྲོའི་ཡོ་ལང་གིས་ཕྱུག་པའི་གུང་གསེང་གཏོང་སྟངས་ལ་རྨང་བཅོལ་དགོས་ཤིང་། གཞན་དུ་ན་སྒོར་བྲོའི་གླུ་ཚིག་ལས་རྒྱ་ཆེ་བའི་མི་དམངས་མང་ཚོགས་ཀྱིས་སྤྱི་ཚོགས་དང་འཚོ་བར་བཅངས་པའི་སེམས་པའང་མཚོན་ཐུབ་བོ།།
ཁྱད་དུ་འཕགས་པའི་དམངས་ཁྲོད་སྲོལ་རྒྱུན་རིག་གནས་ཏེ་ཆབ་མདོའི་སྒོར་བྲོ་འདི་ཉིད་རྒྱུད་འཛིན་དང་འཕེལ་རྒྱས་གཏོང་ཆེད། ཆབ་མདོ་རྫོང་ཨུ་དང་། རྫོང་མི་དམངས་སྲིད་གཞུ་ང་གིས་སྤྱི་ལོ་༡༩༨༥ལོར་ཆེད་ལས་རང་བཞིན་ཤས་ཆེ་བའི་རྫོང་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་རྩ་འཛུགས་གནང་བ་རེད། འདས་པའི་བགྲང་བྱ་ཉི་ཤུ་ལྷག་གི་རིང་ཚོགས་པ་འདིས་སྲོལ་རྒྱུན་སྒོར་བྲོའི་ཉིང་བཅུད་རྒྱུད་འཛིན་དང་རྨང་གཞི་བྱས་པའི་སྟེང་དེང་རབས་གླུ་གར་ལ་མངའ་བའི་དུས་རབས་ཀྱི་ཁྱད་ཆོས་ཚུར་བསྡུ་ལེན་གྱིས་ཟུང་འབྲེལ་གྱི་ཐབས་ལ་བརྟེན་ནས་བོད་ཀྱི་དམངས་ཁྲོད་སྒོར་བྲོ་འདི་ཉིད་ཀྱི་མཛེས་པ་བླ་ལྷག་གིས་མངོན་དུ་བཅུག་ཡོད། ལྷག་པར་དུ་སྤྱི་ལོ་༢༠༠༢ནས་བཟུང《བཀྲ་ཤིས་པའི་ཆབ་མདོ》དང་།《ཀྱེ་མ་ཆབ་མདོ》།《རྒྱ་བཟའ་ཀོང་ཇོའི་ནབ་བཟའ》སོགས་དེང་རབས་ཀྱི་ཁྱད་ཆོས་འབུར་དུ་དོད་པའི་སྒོར་བྲོ་སྐོར་ཞིག་གསར་རྩོམ་བྱས་ཤིང་། དེ་ཉིད་ས་གནས་དུ་མར་ཐེངས་མང་བོར་འཁྲབ་སྟོན་བྱས་པ་བརྒྱུད་རྒྱ་ཆེ་ལྟད་མོ་བ་དག་གི་ཡིད་ཀྱི་དང་བ་དྲངས་པ་དང་། དུས་མཚུངས་སུ་ལྗོངས་དང་ས་གནས་སོགས་ཀྱི་རིམ་པ་མི་འདྲ་བའི་རྟགས་མའང་མང་བོ་བླངས་སོ།། 
ཆབ་མདོ་རྫོང་རིག་གནས་ཅུས་དང་རྫོང་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་གཉིས་ཀྱིས་སྒོར་བྲོའི་རིག་གནས་འདི་ཉིད་སྲུང་སྐྱོབ་དང་། རྒྱུན་འཛིན། དེ་བས་ཀྱང་ས་གནས་ཀྱི་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་ཅིག་ཏུ་གཏོང་ཆེད། ཉིས་སྟོང་གསུམ་ལོ་ནས་བཟུང་གཞི་རིམ་དུ་ཕྱིན་ཏེ་སྒྱུ་རྩལ་པ་རྒན་གྲས་དག་ལ་བཅར་འདྲི་དང་། དམངས་ཁྲོད་དུ་འཁྱར་བའི་སྒོར་བྲོ་དག་གི་ཚིག་གདངས་ལ་རེག་ཟིག་འགོད་པ་སོགས་འཚོལ་སྡུད་ཀྱི་བྱ་བ་རྒྱ་ཆེར་བགྱིས་ལ། གཞན་ཚོགས་མི་རྣམས་ལ་སློབ་ཁྲིད་དང་། གསབ་སྦྱོང་། སྒྲ་ལེན་སོགས་བྱས་པ་བརྒྱུད་མིག་སྔར་སྒོར་བྲོ་བདུན་ཅུ་ལྷག་གི་གླུ་ཚིག་དག་སྒྲིག་དང་ཟིན་ཐོར་བཀོད་ཟིན། 
རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་སོགས་གོང་རིམ་འགོ་ཁྲིད་དག་གིས་ཀྱང་རྩ་ཆེ་བའི་དམངས་ཁྲོད་རིག་གནས་འདིའི་མདུན་ལྗོངས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་ཚད་མེད་གནང་བཞིན་ཡོད་དེ། ༢༠༠༥ལོར་ས་གནས་ཨུ་ཡོན་ལྷན་ཁང་སོགས་ཀྱི་རམ་འདེགས་ལ་བརྟེན་ནས་ཆེད་དུ་ཅུང་ཆ་ཚང་ཡིན་པའི་སྒོར་བྲོའི་འོད་སྡེར་ཞིག་གསར་བསྐྲུན་བྱས་ཤིང་། འདིས་རྩ་འགངས་ཆེ་བའི་དམངས་ཁྲོད་ཤུལ་བཞག་རིག་གནས་ཏེ་ཆབ་མདོའི་སྒོར་བྲོའི་རྒྱུན་འཛིན་དང་སྲུང་སྐྱོབ་ལ་ནུས་པ་བླ་ལྷག་ཐོན་ཡོད།
རང་མཚན་གྱི་ཁྱད་ཆོས་མངོན་པར་འཕགས་པའི་མི་རིགས་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་བྱེད་རྒྱུ་ནི་“སྔོན་ཐོན་རིག་གནས་”འཛུགས་སྐྲུན་གྱི་ཆེས་མེད་ཐབས་བྲལ་བའི་སྔོན་འགྲོའི་ཆ་རྐྱེན་ཉག་ཅིག་ཏུ་འཁུམས་ཏེ། རྒྱུ་མཚན་རིག་གནས་ལ་ཇི་ལྟར་མི་རིགས་ཀྱི་རང་བཞིན་ཤས་ཆེ་ན་འཛམ་གླིང་རང་བཞིན་གྱི་ཤས་དེ་བས་ཆེ་ལ། ཆབས་ཅིག་ཏུ་སྲུང་སྐྱོབ་ཀྱི་རིན་ཐང་ཡང་དེ་བས་ལྡན། གཞན་སྒོར་བྲོ་རང་ལྡོག་ནས་ཀྱང་སྤྱི་ཚོགས་རིང་ལུགས་སྔོན་ཐོན་རིག་གནས་འཛུགས་སྐྲུན་གྱི་ནང་དོན་གལ་ཆེན་ཞིག་ལགས་པས། འདི་ཉིད་ལ་སྲུང་སྐྱོབ་བྱེད་རྒྱུ་ནི་ལོ་རྒྱུས་ཀྱི་སྤྲད་པའི་གཡོལ་ཐབས་བྲལ་བའི་ལས་འགན་ལྕི་མོ་ཞིག་གོ།
འབྲེལ་ཡོད་འོས་སྦྱོར།