༄༅། །བློན་པོ་གསེར་ཆེན་གྱི་ངག་རྒྱུན་ལ་དཔྱད་པ།
རྩོམ་པ་པོ།:རུ་ཞོལ་ཚེ་རིང་སྐྱབས།
ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ།
དུས་ཚོད།:2021-10-21
ཀློག་གྲངས།:
༄༅། །བློན་པོ་གསེར་ཆེན་གྱི་ངག་རྒྱུན་ལ་དཔྱད་པ།
རུ་ཞོལ་ཚེ་རིང་སྐྱབས།
[ནང་དོན་གནད་བསྡུས] རྩོམ་འདིར་བློན་པོ་གསེར་ཆེན་ཞེས་པའི་རི་བོ་དེའི་ཆགས་སའི་ས་ཁོངས་ངོ་སྤྲོད་བྱས་པ་བརྒྱུད། དེ་དང་འབྲེལ་བའི་ངག་རྒྱུན་གྱི་གཏམ་རྒྱུད་མང་པོར་དབྱེ་ཞིབ་བྱས་ཏེ། བློན་པོ་གསེར་ཆེན་གྱི་མིང་གི་འབྱུང་ཁུངས་དང་། ས་དེའི་ཡུལ་མི་རྣམས་ཀྱིས་རི་བོ་དེ་གཞི་བདག་ཏུ་བཀུར་ཚུལ། ངག་རྒྱུན་དུ་བཤད་ཚུལ་ཡོད་པའི་བློན་པོ་གསེར་ཆེན་ནི་བློན་པོ་མགར་སྟོང་བཙན་གཤེགས་ནས་གཞི་བདག་ཏུ་བཀུར་བ་མིན་པར། ཁོང་གི་སྲས་མགར་ཁྲི་འབྲིང་བཙན་བྲོད་ཉིད་གཡུལ་ས་ནས་འདས་པའི་ལོ་རྒྱུས་དེ་གཏམ་རྒྱུད་དང་འབྲེལ་ཏེ་དཔྱད་ཞིབ་བགྱིས་ཡོད།
[བརྡ་ཆད་གཙོ་བོ] བློན་པོ་གསེར་ཆེན་གྱི་ངག་རྒྱུན། མགར་སྟོང་བཙན་ཡུལ་བཟུང་། མགར་ཁྲི་འབྲིང་བཙན་བྲོད།
དང་པོ། བློན་པོ་གསེར་ཆེན་གྱི་ངག་རྒྱུན་ངོ་སྤྲོད།
བློན་པོ་གསེར་ཆེན་ཞེས་པའི་རི་བོ་འདི་ནི་ཆབ་ཆ་གྲོང་བརྡལ་དང་མཚོ་ཆེན་ཁྲི་ཤོར་རྒྱལ་མོ་གཉིས་ཀྱི་སོ་མཚམས་སུ་གནས་ཤིང་། རི་བོ་གཞན་ལས་ཆེ་ཆེར་མཐོ་ཞིང་རྔམ་བརྗིད་ལྡན་པས། ཡུལ་དེའི་རུ་སྡེ་རྣམས་ཀྱིས་རང་གི་མགོན་སྐྱབས་སུ་བཀུར་ཞིང་། སྐྱིད་སྡུག་ལེགས་ཉེས་ཐམས་ཅད་ལ་ཁ་ལོ་བསྒྱུར་མཁན་གྱི་གཞི་བདག་མཐུ་ཅན་ཞིག་ཏུ་ངོས་འཛིན་བྱས་ཡོད། ཀྲོང་ངེར་འགྱིང་བའི་རི་རྒྱུད་དེར་བློན་པོ་གསེར་ཆེན་ཞེས་པའི་མིང་ཇི་ལྟར་ཐོགས་པ་དང་ཡུལ་དེའི་དད་ལྡན་རྣམས་ཀྱིས་རང་གི་མགོན་སྐྱབས་སུ་བཀུར་བའི་རྒྱུ་མཚན་ཅི་ཡིན་པ། ད་དུང་། རི་ལྷའི་དད་མོས་དང་ཆོས་ལུགས་ཆོ་ག ཡུལ་སྲོལ་གོམས་གཤིས་སོགས་རིག་གནས་ཀྱི་སྣང་ཚུལ་མང་པོ་ཞིག་བློན་པོ་གསེར་ཆེན་གྱི་ངག་རྒྱུན་ཁྲོད་སིམ་འཛུལ་བྱས་ཡོད་པས། འདིར་ངག་རྒྱུན་དེ་བྱུང་སའི་གནས་ཡུལ་ངོ་སྤྲོད་པ་དང་སྦྲགས་བཤད་ཚུལ་མི་གཅིག་པའི་ངག་རྒྱུན་དག་རེ་རེ་བཞིན་དགོད་པར་བྱ། 

(1–1)བློན་པོ་གསེར་ཆེན།

(1–2)བློན་པོ་གསེར་ཆེན་ལ་བསྐྱོད་པའི་ལམ་ཐིག་དཔེ་རིས།
བློན་པོ་གསེར་ཆེན་ཞེས་པའི་གནས་རི་དེ་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་ཆབ་ཆ་གྲོང་བརྡལ་གྱི་བྱང་ཕྱོགས་ཏེ། མཚོ་ཆེན་ཁྲི་ཤོར་རྒྱལ་མོའི་ལྷོ་འགྲམ་དུ་ཡོད། སའི་གོ་ལའི་བྱང་འཕྲེད་ཚད༣༦°༠༥'ནས༣༦°༣༢'ཀྱི་མཚམས་དང་། ཤར་གྱི་གཞུང་ཚད༡༠༠°༢༤'ནས༡༠༠°༤༢'ཀྱི་མཚམས་ན་ཡོད། གནས་རི་འདིའི་ཤར་དང་ནུབ་ཀྱི་རིང་ཚད་ལ་སྤྱི་ལེ༢༢དང་། མཐོ་ཚད་ལ་མཚོ་ངོས་ལས་སྨི༤༥༣༤ཡོད།(ཡང་དཔེ་ཆ་ལ་ལར་མཐོ་ཚད་མཚོ་ངོས་ལས་སྨི༤༥༡༡ཡོད)རི་འདིའི་རྩེ་མོ་རྫ་རི་དང་རྐེད་པ་སྤང་རིས་བཟུང་ཞིང་། ཕྱུགས་རིགས་དཀར་ནག་ཁྱུ་དང་ཁྱུ་བྱས་ཏེ་བག་ཡངས་སུ་རྒྱུ་བའི་ངོ་མཚར་ཉམས་དགའི་གནས་ཕུན་སུམ་ཚོགས་པ་ཞིག་ཡིན། རི་བོ་འདིའི་འདབས་རོལ་དུ་གཞིས་ཆགས་པའི་མི་དམངས་ཡོངས་ཀྱིས་སྐྱབས་གྲོགས་དཔུང་གཉེན་དུ་བསྟེན་པའི་བློན་པོ་གསེར་ཆེན་ལ་ནང་དོན་གྱི་རྒྱས་བསྡུས་མི་འདྲ་བའི་ངག་རྒྱུན་མང་པོ་ཡོད་དེ། ངག་རྒྱུན་དང་པོ། “བློན་པོ་གསེར་ཆེན་ནི་ཡུལ་ཕྱོགས་གཞན་ནས་འཁྱམས་ཡོང་བ་ཞིག་ཡིན་པས་རུ་ཡོང་གྲོགས་མེད་རྣམས་ལ་ལྷག་ཏུ་སྤྲོ་ཞིང་སྡོངས་གྲོགས་བྱེད། དེ་བས་ས་མཐའ་ནས་ཡོང་བའི་མགོན་མེད་སྐྱབས་མེད་རྣམས་དོན་རྐྱེན་གང་ཞིག་ལ་ཐུག་ཚེ་བློན་པོ་གསེར་ཆེན་ལ་བསང་མཆོད་འཕྲིན་བཅོལ་བྱེད་པའི་གོམས་སྲོལ་འདུག་པའོ།།”(1) ངག་རྒྱུན་གཉིས་པ། “བློན་པོ་མགར་སྟོང་བཙན་གྱིས་དམག་སྣ་དྲངས་ཏེ་རི་བོ་འདིར་དགྲ་དང་འཐབ་པས་སྐུ་གྲོངས་པ་ན། ཕྱིས་སུ་ཕྱོགས་འདིའི་བོད་པ་རྣམས་ཀྱིས་བློན་སྟོང་བཙན་ནི་བཙན་པོའི་རྒྱལ་ཁབ་ལ་བཀའ་དྲིན་ཤིན་ཏུ་ཆེ་ཞིང་མཐའ་བཞིའི་རྒྱལ་ཁབ་ལ་མཚན་སྙན་ཁྱབ་པ་སོགས་བླ་ན་མེད་པའི་མཛད་རྗེས་ཆེ་སྟོབས། ཁོང་ཉིད་སྐུ་གྲོངས་སའི་རི་བོ་འདིའི་མིང་ལ་བློན་པོ་གསེར་ཆེན་ཞེས་བྱའོ།།”(2) ངག་རྒྱུན་གསུམ་པ། “བློན་སྟོང་བཙན་གྱིས་བོད་དམག་འབུམ་ཐེར་གཉིས་ཁྲིད་དེ་རྒྱ་ནག་ལ་གཡུལ་འཐབ་དུས། དམག་སྒར་དེང་སང་གི་ཤ་ལ་ཟེར་བའི་ཀླད་ཆ་དེར་བཏབ་ནས་ཡུན་རིང་པོར་བསྡད་ཅིང་གནས་དེར་བློན་ཆེན་གྱི་ཆུང་མར་བུ་ཞིག་བཙས་པས། བཙས་སྟོན་རྒྱ་ཆེར་གནང་ནས་སྔོན་གྱི་བཙན་པོ་རྣམས་ཀྱི་དྲག་པོ་གཡུལ་ཐབས་ཀྱི་ལུགས་ཇི་ལྟ་བ་བཞིན་དར་དང་མདའ་མདུང་གིས་བརྒྱན་པའི་ལེབ་ཙེ་ཞིག་བརྩིགས་པ་མ་ཟད། ད་དུང་གསེར་སྲང་ཆེན་བཅུ་དྲུག་གི་བརྔན་བློན་པོ་རང་གིས་བཏང་བས་རི་བོ་དེའི་མིང་ལ་བློན་པོ་གསེར་ཆེན་དུ་ཐོགས་སོ།།”(3) ངག་རྒྱུན་བཞི་པ། “མགར་སྟོང་བཙན་རྒྱལ་པོའི་ཁྲིམས་ལ་ཐོགས་ནས་རི་བོ་འདིའི་ཉེ་འདབས་སུ་བཞུགས་སྐབས། སྲོང་བཙན་སྒམ་པོས་ཕོ་བྲང་པོ་ཏ་ལ་བཞེང་པའི་བཟོ་སྐྲུན་གྱི་ཇུས་བཟང་འདྲེན་པར་འཁོར་བློན་རིག་བཟང་གཉིས་གསང་སྟབས་ཀྱིས་ཁོང་སར་བློ་བརྐུ་རུ་མངགས། དེ་གཉིས་སོང་ཤུལ་དུ་བློ་རྩེ་བརྐུས་སོང་བ་མཁྱེན་ཀྱང་། ཞལ་འཛུམ་མཛད་ནས་བཏང་སྙོམས་སུ་བཞག སྐུ་འདས་རྗེས་རི་བོ་འདིའི་གནས་བདག་གི་སྐུའི་སྐྱེ་བ་བཞེས་ཏེ་དཀར་ཕྱོགས་བསྐྱངས། རྗེས་སོར་ཡུལ་ཁམས་འདིའི་བོད་ཕྱི་རབས་པ་དག་གིས་མགར་དམ་པ་ཁོང་གི་ཉམས་པ་མེད་པའི་མཛད་རྗེས་དང་། མཚན་མཆོག་བཟང་པོ་བསྐལ་པའི་བར་སྒྲོག་པའི་དྲན་པའི་གསལ་འདེབས་སུ། གནས་རི་འདི་ལ་བློན་པོ་གསེར་ཆེན་དུ་བོས་ཏེ་ད་ལྟའི་བར་མི་རབས་ནས་མི་རབས་སུ་མཆོད་བཀུར་བྱེད་པ་འདི་བྱུང་ངོ་།།”(4) ངག་རྒྱུན་ལྔ་པ། སྔོན་ཆད་ས་ཆ་འདི་ཡངས་ཤིང་མཐའ་མེད་པའི་རྩྭ་ཐང་ཞིག་ཡིན་ཞིང་དུ་ཁྱིམ་ཁྲི་ཕྲག་གཅིག་བསྡད་ཡོད། དེར་ཆུ་མིག་ཅིག་ཡོད་པ་ལས་ཆུ་བླངས་རྗེས་ཕྱིར་རྡོ་ལེབ་ཅིག་གིས་ཁ་གཅོད་དགོས། སྐབས་དེར་བློན་པོ་མགར་སྟོང་བཙན་ཡུལ་དབུས་ལྷ་ས་ནས་ཁྲིམས་ལ་ཐོགས་ཏེ་མིག་གཉིས་བླངས་པས་རང་གི་བུ་ཁྲིད་དེ་ས་ཆ་དེར་ཐོན་ཅིང་། རི་བོ་མཐོན་པོ་ཞིག་གི་འདབས་སུ་བསྡད། ཉིན་ཞིག་བུས་ཆུ་བླངས་རྗེས་ཁ་གཅོད་རྒྱུ་བརྗེད་སོང་བས་ཆུ་འཕྱུར། མགར་གྱིས་མཚོ་འཕྱུར་བའི་སྒྲ་ཐོས་ཏེ། བུ་ལ། “མཚོ་འཕྱུར་བ་ཁོ་ཐག་རེད། ང་འཁུར་ནས་རི་མགོར་འགོས”ཟེར་བས། བུས་ཨ་ཕ་ཁུར་ནས་རི་འགོར་འགོས། སོང་ཤུལ་ནས་ཚྭ་ཡོད་པའི་ཇ་མཚོ་ནང་དུ་འདྲེས་སྟབས། མཚོར་ཚྭ་བྲོ་བའི་རྒྱུ་མཚན་དེ་ཡིན་ཟེར། དེ་ནས་ཨ་ཕས་བུ་ལ། “ད་ངེད་གཉིས་ངལ་གསོ་ཅུང་ཙམ་བྱེད། ཁྱོད་ཀྱིས་ཕྱིར་ལྟོས་དང་། ཅི་ཞིག་མཐོང་བྱུང་།”ཞེས་དྲིས་པ་ལ། བུས“ཆུ་རྒྱས་ཏེ་དུད་ཚང་ཁྲི་ཕྲག་མང་པོ་བསྣུབས་སོང་། ཆུ་རི་རྩེར་སླེབས་ལ་ཉེ”ཟེར། དེ་ནས་ཡང་བུས་ཨ་ཕ་ཁུར་ནས་རི་མགོར་འགོས་ཚེ། ཨ་ཕས་བུ་ལ། “ད་ལམ་ཅང་ཨེ་རིག”ཅེས་དྲིས་པ་ན། བུས་བྱ་ཕོ་རོག་ཅིག་གིས་ཁར་གསེར་གྱི་རྡོ་རྗེ་རང་བྱོན་ཞིག་བཟུང་སྟེ་མར་འཕངས་ཏེ་ཆུའི་ཁ་བཅད་པས་ཆུ་འཕྱུར་མཚམས་བཞག་པ་ཨ་ཕར་བཤད་རྗེས། མགར་གྱིས་“འོ། ད་སྐྱོན་ཅི་ཡང་མེད། ཆུ་ཡར་མི་ཡོང་ཁོ་ཐག་ཡིན། ང་ཕྱིར་ཁུར”ཟེར། དེ་ནས་ཕ་བུ་གཉིས་རི་མགོ་ལས་བབས་ཏེ་མཚོ་ཁར་སོང་ནས་བལྟས་ཙ་ན། མཚོ་དབུས་སུ་ལྷུན་གྱི་གྲུབ་པའི་རི་བོ་ཞིག་ཆགས་འདུག མཚོའི་ནུབ་ཕྱོགས་སུ་རྩེ་གསུམ་ཙམ་གྱི་བྲག་དཀར་ཞིག་ཀྱང་གར་ཡོང་འདུར་ཡོང་མེད་པར་གྲུབ་འདུག དེ་ནི་སློབ་དཔོན་པདྨ་འབྱུང་གནས་བྱ་ཞིག་ཏུ་སྤྲུལ་ནས་རྒྱ་གར་གྱི་རི་བོ་མ་ཧྭ་དེ་ཝའི་མགོ་བཅད་ནས་གསེར་གྱི་རྡོ་རྗེར་བསྒྱུར་ནས་དོང་ཆུའི་ཁ་བཅད་དོ་ཟེར། ད་ལྟ་རྒྱ་གར་གྱི་རི་བོ་དེའི་མགོ་མེད་པར་གྲགས། མཚོ་སྙིང་མ་ཧྭ་དེ་ཝ་ཟེར་དོན་ཡང་དེ་ཡིན་ཟེར། དུས་དེར་བག་ཧ་གཞུང་ན་འདྲེ་མོ་གདུག་རྩུབ་ཆེ་བ་ཞིག་གནས་འདུག་པ་དེ། མཚོ་འཕྱུར་ནས་ཧ་ཅང་དགའ་བའི་སྐབས་དེར་དེའི་ཁ་བཅད་པར་ཞེ་སྡང་མེ་ལྟར་འབར་ནས་བཀའ་འགྱུར་སྟག་ཆེན་བྲག་མགོ་ཟེར་བ་དེའི་མགོ་བཅད་དེ་མཚོ་སྙིང་རི་བོར་བརྒྱབ་ཀྱང་། སློབ་དཔོན་པདྨ་འབྱུང་གནས་ཀྱི་མཐུ་དང་སྟོབས་ཀྱིས་བཀག་སྟབས། མཚམས་སུ་མཚོ་ནང་དུ་ལྷུང་སོང་ཟེར། དེང་སང་དེར་འདྲེ་མོ་བྲག་དཀར་ཟེར། མཇུག་མཐར་བློནཔོ་མགར་ཡང་དེང་སང་བློན་པོ་གསེར་ཆེན་ཟེར་བའི་ས་དེ་རུ་ཚེ་ལས་འདས་ཏེ་གཞི་བདག་ཏུ་གྱུར་ནས་སྒང་དེ་ལ་གནས་པའི་དབང་གིས་རི་དེ་ལ་བློན་པོ་གསེར་ཆེན་ཞེས་ངག་རྒྱུན་དུ་ཆགས་པའི་དོན་དེ་ཡིན།(5)ཞེས་བློན་པོ་གསེར་ཆེན་གྱི་ངག་རྒྱུན་སྣ་ཚོགས་ཤིག་མཆིས་མོད། རྗོད་བྱེད་ཀྱི་རྒྱས་བསྡུས་དང་ཚིག་རིས་འདྲ་མིན་ཙམ་ལས་སྐབས་དོན་གྱི་བརྗོད་བྱ་ནི་འདྲ་མཚུངས་ཡིན་པས་འདི་ཙམ་གྱིས་འཐུས་སོ། །གཉིས་པ། བློན་པོ་གསེར་ཆེན་གྱི་ངག་རྒྱུན་གྲུབ་ཚུལ།
བློན་པོ་གསེར་ཆེན་གྱི་ངག་རྒྱུན་འདི་གནས་ཚུལ་ཅི་འདྲ་ཞིག་དང་རྒྱུ་རྐྱེན་གང་འདྲ་ཞིག་གིས་གྲུབ་པ་ཡིན་ཟེར་ན། «བོད་ཀྱི་དམངས་ཁྲོད་རྩོམ་རིག་རྣམ་བཤད»ལས། “ངག་རྒྱུན་ནི་ལོ་རྒྱུས་ལ་གཞོལ་ཆེ་བ་ཞིག་སྟེ། ལོ་རྒྱུས་ཀྱི་དོན་རྐྱེན་དང་དུས་རབས། ས་གནས་དང་མི་སྣ་སོགས་ལོ་རྒྱུས་ཀྱི་ས་བོན་ངེས་ཅན་ཞིག་ཡོད་ལ། ལོ་རྒྱུས་ཀྱི་གྲིབ་མ་ལྟ་བུ་ཡིན་པས། དེ་ལ་ངག་རྒྱུན་ལོ་རྒྱུས་ཟེར་ཞིང་། དམངས་ཁྲོད་ཀྱི་ངག་རྒྱུན་གསར་རྩོམ་བྱེད་སྐབས། ཡུལ་ལྗོངས་དང་རི་ཆུ་གྲགས་ཅན་སོགས་མངོན་སུམ་མིག་གི་མཐོང་ཡུལ་དུ་གྱུར་བ་ཞིག་བརྗོད་གཞིར་དྲངས་ཡོད་པ་དེ་ལ་ངག་རྒྱུན་བརྗོད་སྙིང་ཞེས་ཟེར། ངག་རྒྱུན་གྱི་བརྗོད་སྙིང་ལ་ངེས་པར་དུ་ཤུལ་བརྟེན་གྱི་དངོས་པོ་ཞིག་སྟེ། གངས་རིའམ་རྫ་རི། མཚོ་མོ། ཆུ་བོ། ལྷ་ཁང་། དགོན་སྡེ། བང་སོ། མཁར་ཤུལ་སོགས་དད་མོས་བྱ་ཡུལ་གང་རུང་ཞིག་ཡིན། ཕུན་སུམ་ཚོགས་པའི་ཡིད་སྤྲུལ་དང་རྟོག་བཟོའི་སྒྱུ་རྩལ་གྱི་ཐབས་ལ་བརྟེན་ནས་ཤུལ་བརྟེན་གྱི་དངོས་པོ་དེ་དག་ལོ་རྒྱུས་ཀྱི་དོན་རྐྱེན་ནམ་ལོ་རྒྱུས་མི་སྣ། ཡུལ་སྲོལ་གོམས་གཤིས་ངེས་ཅན་ཞིག་དང་འབྲེལ་བ་བྱུང་ཚུལ་བརྗོད་པ་ལས་ངག་རྒྱུན་གྲུབ།”(6)ཞེས་པ་ལས་ངག་རྒྱུན་ནི་ཤུལ་རྟེན་གྱི་དངོས་པོར་ལོ་རྒྱུས་དོན་རྐྱེན་དང་མི་སྣའི་བྱས་འབྲས། ཡུལ་སྲོལ་གོམས་གཤིས་སོགས་སྦྱར་ནས་ངོ་བོ་དང་ཁྱད་ཆོས། རིན་ཐང་གསོན་ཉམས་ལྡན་པར་བསྐྲུན་པས་ན་ངག་རྒྱུན་རིག་གནས་ཀྱི་ཁྱིམ་ར་གྲུབ་པ་ཡིན། དེ་བས་བློན་པོ་གསེར་ཆེན་གྱི་ངག་རྒྱུན་ཡང་མངོན་སུམ་མིག་གི་མཐོང་ཡུལ་དུ་གྱུར་པའི་རྫ་རི་ཞིག་བརྗོད་སྙིང་དུ་བཟུང་སྟེ། འཆར་ཡན་དང་རྟོག་བཏགས་ཀྱི་ཐབས་ལ་བརྟེན་ནས་ལོ་རྒྱུས་མི་སྣ་དང་ལོ་རྒྱུས་དོན་རྐྱེན། ཡུལ་སྲོལ་གོམས་གཤིས་སོགས་དང་འབྲེལ་ནས་གྲུབ་པར་བྱས་ཡོད། དེ་ན་ལོ་རྒྱུས་ཀྱི་མི་སྣ་དང་དོན་རྐྱེན་ཅི་ལྟ་བུར་སྦྱར་ནས་གྲུབ་ཅེ་ན། བོད་བཙན་པོའི་རྒྱལ་རབས་གཉིས་ཀྱི་སྐུ་རིང་དུ་བློན་ཆེན་པོར་མཛད་པའི་མགར་སྟོང་བཙན་ཡུལ་བཟུང་གི་ལོ་རྒྱུས་དོན་རྐྱེན་དང་འབྲེལ་ཏེ་རྒྱས་བསྡུས་མི་འདྲ་བའི་ངག་རྒྱུན་སྣ་ཚོགས་གྲུབ་པ་ཡིན། བློན་ཆེན་པོ་མགར་སྟོང་བཙན་ཡུལ་བཟུང་ནི་དམངས་བྱིངས་ཀྱི་དད་པའི་རྟེན་གཞིར་གྱུར་པའི་བློན་པོ་གསེར་ཆེན་གྱི་ངག་རྒྱུན་ས་བོན་ལ་ཇི་ལྟར་གྲུབ་པ་ཡིན་ཟེར་ན། མཁས་དབང་དགེ་འདུན་ཆོས་འཕེལ་ནས“རྒྱལ་ཁབ་སོ་སོའི་ཡུལ་ལྷ་རྣམས་ནི་ཡུལ་དེ་དང་དེའི་སྔོན་གྱི་མི་གཙོ་བོ་དག་གི་ཆ་ལུགས་སུ་ཡོད་པ་ཡིན”(7)ཞེས་གསུངས་པ་དང་མཁས་དབང་དོར་ཞི་གདོང་དྲུག་སྙེམས་བློས“བོད་ཀྱི་ས་ཆ་ཕལ་ཆེར་ན་རི་མང་པོ་ཞིག་ཡུལ་ལྷ་གཞི་བདག་གི་མིང་གིས་འབོད་ཅིང་། ལབ་རྩེ་བསྟོད་པ་དང་བསང་གཏོང་བྱེད་ཀྱིན་ཡོད། ཡུལ་ལྷ་གཞི་བདག་ཕལ་ཆེར་གནའ་དུས་ཀྱི་རྒྱལ་བློན་དང་ཡུལ་དཔོན་དམག་དཔོན་དང་། རུས་ལྷ་ཞེས་པ་རང་གི་རུས་རྒྱུད་ཀྱི་མེས་པོ་ཞིག་ཡིན་པར་སྣང་ལ། མི་རིགས་གཞན་པའི་རང་གི་མེས་པོ་རྣམས་ཀྱི་ལོ་རྒྱུས་རྡོ་རིང་ངོས་སུ་ཡི་གེ་བརྐོས་པ་བཞིན། བོད་མི་རྣམས་རི་བོ་རྣམས་ལ་མེས་པོ་རྣམས་ཀྱི་མིང་བཏགས་ནས་བསྐལ་བའི་བར་མི་བརྗེད་པར་བྱས་པ་རེད”(8)ཅེས་གསུངས་པ་བཞིན་སྔོན་གྱི་ཡུལ་སོ་སོའི་ཡུལ་ལྷ་གཞི་བདག་ནི་ཡུལ་གང་གི་ཡིན་པ་དེའི་དཔའ་མཛངས་ནུས་གསུམ་ལྡན་པའི་མི་སྣ་དག་གི་ཆ་ལུགས་སུ་བྱས། འོ་ན་མཚོ་སྔོན་ཁྲི་གཤོག་རྒྱལ་མོའི་ཁ་གཏད་ཀྱི་གནས་རི་བློན་པོ་གསེར་ཆེན་ནི་ཡུལ་སྟོད་ལུང་བདེ་ཆེན་གྱི་བློན་ཆེན་མོ་མགར་སྟོང་བཙན་ཡིན་ཚུལ་གྱི་ངག་རྒྱུན་མང་པོ་ཞིག་གྲུབ་ཡོད་པ་དེར་རྒྱུ་རྐྱེན་ག་འདྲ་ཡོད་ཅེ་ན།
(༡) ལོ་རྒྱུས་མི་སྣའི་ངོས་ནས་བརྗོད་པ།
བློན་ཆེན་པོ་མགར་སྟོང་བཙན་ནི་དཔའ་མཛངས་ནུས་གསུམ་གྱི་ཁྱད་ཆོས་འབུར་དུ་ཐོན་པའི་རྒྱལ་བློན་གྲགས་ཆེན་ཞིག་སྟེ། བློན་པོ་མགར་སྟོང་བཙན་གྱི་མཛངས་པའི་ཚུལ་ནི«ཐང་ཡིག་རྙིང་མར»ལས“སྟོང་བཙན་གྱི་རུས་ནི་མགར་ཡིན་ལ་ཡི་གེ་མི་ཤེས་ཀྱང་རང་བཞིན་གྱིས་རིག་པ་རྣོ་ཞིང་ངང་ཚུལ་བརྟན་པ་དང་། དཔུང་ལ་སྦྱོང་བརྡར་བྱས་ཤིང་གཡུལ་ཐབས་གཙིགས་སུ་བཟུང་བས། གཡུལ་ལ་དཔའ་ཞིང་ཐབས་ལ་མཁས”(9)ཞེས་བློན་པོ་མགར་སྟོང་བཙན་གྱིས་ཡི་གེ་མཁྱེན་མིན་ནི་སྐབས་སུ་བབས་པ་མིན་མོད། འོན་ཀྱང་། བློ་རིག་རྒོད་ཅིང་ཕྱི་ཐག་རིང་བ། དམག་ཐབས་ལ་མཁས་པ་སོགས་ནི་མི་རིགས་གཞན་གྱི་ཡིག་ཚང་ལས་ཀྱང་རྟོགས་ཡོང་། གཞན་བློན་པོ་མགར་སྟོང་བཙན་གྱིས་གཡོལ་ཐབས་མེད་པའི་བློ་རིག་གི་ཚོར་སྐྱེན་ལ་བརྟེན་ནས་ཁྱུང་བོ་སྤུང་སད་ཟུ་ཙེའི་གཡོ་སྒྱུའི་ཁུངས་བརྟོལ་ནས་བཙན་པོའི་སྐུ་སྲོག་གི་བར་ཆད་སེལ། མཁས་པའི་ཡོན་ཏན་དང་བློ་དཀར་གཞུང་དྲང་མཚོན་པ་ནི“ཁོ(མགར་སྟོང་བཙན་ཡུལ་བཟུང་)ཐེངས་དང་པོར་ཕོ་བྲང་དུ་སླེབས་དུས་སྨྲས་པའི་གཏམ་གོང་མའི་ཐུགས་དང་མཐུན་པས། གོང་མ་ཐེ་ཙུང་གིས་གཡས་རུའི་སྐུ་སྲུང་དམག་དཔོན་ཆེན་པོའི་ཆོ་ལོ་སྦྱར་བ་དང་། ལང་ཞེ་ཀོང་ཇོ་བྱ་བའི་ཚ་མོ་ཞིག་ཁྱིམ་ཐབ་ཏུ་གནང་བར། མགར་སྟོང་བཙན་ན་རེ། བློན་ཁོ་བོར་ཁྱིམ་ཐབ་སྔ་མོ་ནས་མཆིས་པས། གོང་མའི་བཀའ་དང་ལེན་བྱེད་མི་ཕོད། ད་དུང་བཙན་པོའི་ཀོང་ཇོ་ཁབ་ཏུ་མ་བཞེས་པས་བློན་པོས་དེ་ལྟར་བགྱི་བའང་མི་རིགས་སོ།།”(10) «བཀའ་ཆེམས་ཀ་ཁོལ་མ»ལས་སྲོང་བཙན་སྒམ་པོའི་རྒྱ་བཟའ་ཁབ་ཏུ་བསུ་བའི་ལོ་རྒྱུས་གླེང་སྐབས་བློ་རིག་ཐེངས་མང་འགྲན་པ་སྟེ་བླ་གཡུ་བུ་གར་དར་གཡུ་རྒྱུ་བ། རྟ་མ་བརྒྱ་བུ་བརྒྱ་དང་བྱ་མ་བརྒྱ་བུ་བརྒྱའི་མ་བུ་ངོས་འཛིན་པ། ཤིང་གི་རྩ་རྩེ་ངོས་འཛིན་པ། ལུག་བཤའ་བ་དང་པགས་པ་མཉེད་པ། ཆང་འཐུང་བ། མཚན་མོར་རང་རང་གི་ཁང་པ་འཚོལ་བ་སོགས་རིག་པ་སྣ་མང་འགྲན་པས་བློན་པོ་མགར་སྟོང་བཙན་ཡུལ་བཟུང་རྒྱ་གར་ཆོས་ཀྱི་རྒྱལ་པོ་དང་སྟག་གཟིག་ནོར་གྱི་རྒྱལ་པོ་དང་ཁྲོམ་གེ་སར་དམག་གི་རྒྱལ་པོའི་མཉེ་བོ་ཚན་གསུམ་ལས་རྣམ་པར་རྒྱལ་བའི་ངང་ཚུལ་དེས་ཀྱང་བློན་པོ་མགར་སྟོང་བཙན་ནི་ཤེས་རབ་ཆེ་ལ་རིག་པའི་རྩལ་ཡོངས་སུ་རྫོགས་པ་གསལ་བོར་མཚོན་ནུས་སོ།།
(༢) ལོ་རྒྱུས་དོན་རྐྱེན་ངོས་ནས་བརྗོད་པ།
བློན་ཆེན་པོ་མགར་སྟོང་བཙན་ཡུལ་བཟུང་གིས་ཕལ་ཆེར་མི་ལོ་སུམ་ཅུ་ཡས་མས་ལ་བློན་ཆེན་པོའི་འགན་བཞེས་ཤིང་། བཙན་པོའི་སྐུ་ཡི་བར་ཆད་སེལ་ཞིང་། ཕྱི་འབྲེལ་མཛའ་མཐུན་དང་མཐའ་མཚམས་བརྟན་སྲུང་གི་བྱ་བ་མང་པོ་བསྒྲུབས། «ཐང་ཡིག་གསར་མ»ལས། “ཞན་ཁྲིན་ཁྲི་ལོ་གསུམ་པར། གསེར་ཕོར་དང་གསེར་ཆས་སོགས་ཕུལ་ནས་སླར་ཡང་གཉེན་ཞུས། རིང་མིན་འ་ཞ་འབངས་སུ་མངའ་བ་ལས་ལོག་པས། མགར་ཁྲོས་ཏེ། ཧྲག་དམག་དྲངས་ནས་གཡུལ་བརྡབས། འ་ཞའི་བློན་ཆེན་སུ་ཧི་ཀོས་བྱ་བ་བོད་དུ་བྲོས་ཏེ་ནང་གཏམ་སྦྲན་པས་བོད་ཀྱིས་འ་ཞ་འདུལ་ཐུབ་པ་བྱུང་།”(11)ཞེས་བློན་པོ་མགར་སྟོང་བཙན་གྱིས་ཧྲག་དམག་ཁྲི་སྟོང་གི་དཔུང་བཏེགས་ཏེ་མདོ་སྨད་འ་ཞའི་ཡུལ་གྱི་རྗེ་བོ་ཕ་མཐར་སྤྲད་ཅིང་འ་ཞའི་འབངས་མི་རྣམས་བཙན་པོའི་གདུགས་འོག་གཅིག་ཏུ་འབངས་རྣལ་མར་བཅུགས་པ་ཡིན། «བོད་ཀྱི་བརྡ་རྙིང་ཡིག་ཆ་བདམས་བསྒྲིགས»ལས། “སྲོང་བཙན་སྒམ་པོ་དང་མང་སྲོང་མང་བཙན་གཉིས་ཀྱི་དོན་ཆེན་གནད་བསྡུས་སྐབས། (༡) ལུགི་ལོ་ལ་བབ་སྟེ(སྤྱི་ལོ༦༥༩)། བཙན་པོ་སྤྲགས་གྱྀ་ཤ་ར་ན་བཞུགས་ཤྀང་། བློན་ཆེ་སྟོང་རྩན་འ་ཞ་ཡུལ་ན་མཆྀསྟེ་ད་རྒྱལ་མང་པོ་རྗེས། མཚོ་ནག་སྟོང་རུར་རྒྱ་སེའུ་དེན་པང་དྔ། ནོལ་ཐབས་བགྱྀསྟེ། ད་རྒྱལ་གྱང་གུམ་ཞིང་བརྒྱད་ཁྲྀ་སྟོང་ལ་རྡུགས་ཕར་ལོ་གཅིག་དང་། (༢) སྤྲེའུ་ལོ་ལ(སྤྱི་ལོ༦༦༠) བཙན་པོ་མལ་ཏྲོ་སྐེ་བྱེ་ན་བཞུགས་ཤིང་། བློན་ཆེ་སྟོང་རྩན་འ་ཞ་ཡུལ་ན་མཆྀས་ཕར་ལོ་གཆིག་དང་། (༣)བྱ་གགི་ལོ་ལ(སྤྱི་ལོ༦༦༡)། བཙན་པོ་མེར་ཀེ་ན་བཞུགས་ཤྀང་། བློན་ཆེ་སྟོང་རྩན་འ་ཞ་ཡུལ་ན་མཆིས་ཕར་ལོ་གཆིག། (༤)ཕགི་ལོ་ལ(སྤྱི་ལོ༦༦༣)། བཙན་པོ་སྣམ་སྟོང་ན་བཞུགས་ཤྀང་། བློན་ཆེ་སྟོང་རྩན་འ་ཞ་ཡུལ་ན་མཆིས་པར་ལོ་ཆིག། (༥)བྱི་བའི་ལོ་ལ(སྤྱི་ལོ༦༦༤)། བཙན་པོ་སྣམ་སྟོང་ན་བཞུགས་ཤྀང་། བློན་ཆེ་སྟོང་རྩན་འ་ཞ་ཡུལ་ན་མཆིས་པར་ལོ་ཆིག། (༦)གླང་གི་ལོ་ལ(སྤྱི་ལོ༦༦༥)བཙན་པོ་ཟྲིད་ཀྱི་ལྡུ་ནག་ན་བཞུགས་ཤྀང་། བློན་ཆེ་སྟོང་རྩན་འ་ཞ་ཡུལ་ན་མཆིས་པར་ལོ་ཆིག།”(12)ཞེས་བློན་པོ་མགར་སྟོང་བཙན་གྱིས་(སྤྱི་ལོ༦༥༩ནས་སྤྱི་ལོ༦༦༥པ)བསྟུད་མར་འ་ཞའི་ཡུལ་དུ་ལོ་དྲུག་ནས་བདུན་ལ་བཞུགས་རིང“འ་ཞ་བོད་ཀྱིས་དངོས་སུ་འབངས་ལ་འགུག་པའི་གཡུལ་འཁྲུག་ཐེངས་དང་པོ་དང་གཉིས་པ་བསླངས་ནས་འ་ཞར་བོད་བཙན་པོའི་དབང་བསྒྱུར་བའི་དབུ་ཚུགས་པ་དང་། གཞན་གསར་དུ་བོད་ཀྱི་མངའ་འོག་ཏུ་ཚུད་པའི་འ་ཞར་ཁྲིམས་ལུགས་སྣ་ཚོགས་གཏན་འབེབས་ཀྱིས་འབངས་མིའི་བློ་སེམས་གཅིག་གྱུར་བྱེད་ཆེད། བོད་ལ་བློ་ལོག་པའི་ཚོགས་ཁག་གི་ལྷག་རོ་ད་དུང་གནས་ཁོ་ཐག་ཡིན་པས་དེ་དག་གཙང་སེལ་བྱེད་རྒྱུ། འབྲོག་པར་གནག་ལིངས་དང་རོང་བར་ཞིང་གྱི་ཕྱིང་རིལ་སོགས་ཁྲལ་རིགས་སོ་སོ་གཏན་འཁེལ་བྱེད་རྒྱུ། དཔུང་ལ་སྦྱོང་བརྡར་གྱིས་གསར་དུ་བསྐྱེད་པའི་མཐའ་མཚམས་བརྟན་པོར་སྲུང་བ་བཅས་ལས་མ་འདས་སོ”(13) ཞེས་བློན་པོ་མགར་སྟོང་བཙན་གྱིས་བོད་བཙན་པོའི་དམག་གི་དཔུང་སྣ་དྲངས་ཏེ་མཚོ་སྔོན་ཕྱོགས་སུ་གཡུལ་འགྱེད་དེ་འ་ཞ་མངའ་འོག་ཏུ་བཅུག་པས་བོད་བཙན་པོའི་ཤར་མཐའ་སྟེ་བོད་ཐང་བར་གྱི་མཐའ་མཚམས་གཏན་འཁེལ་དང་བོད་ཀྱི་མངའ་ཁོངས་རྒྱ་བསྐྱེད་ཐད་བྱས་རྗེས་བླ་ལྷག་བསྐྲུན་ཡོད།
(༣) ཕྱི་འབྲེལ་མཛའ་མཐུན་གྱི་ངོས་ནས་བརྗོད་པ།
བློན་པོ་མགར་སྟོང་བཙན་སྔ་ཕྱིར་བལ་བོ་དང་རྒྱ་ནག་གི་ཁབ་ཏུ་ཕོ་ཉར་ཕེབས་ནས་བཙན་པོ་ཁྲི་སྲོང་བཙན་གྱི་སྤྱན་སྔར་ཀོང་ཇོ་རྣམ་གཉིས་གདན་དྲངས་པ་དང་། ལྷག་པར་རྒྱ་བཟའ་ཀོང་ཇོ་བོད་ལ་ཇི་ལྟར་གདན་དྲངས་པར་ངག་རྒྱུན་སྣ་ཚོགས་ཤིག་ཡོད་དེ། “རྒྱ་བཟའ་ཀོང་ཇོ་བོད་ལ་ཆས་ཁར། ཡབ་ཡུམ་གཉིས་ཀྱིས་ཆེད་དུ་ཕ་མའི་བརྩེ་སེམས་མཚོན་བྱེད་དུ་གསེར་བཟང་ལས་བྱས་པའི་ཉི་ཟླ་ཟུང་གི་མེ་ལོང་རེ་ཁོ་མོར་དྲན་རྟེན་དུ་གནང་། བློན་པོ་མགར་གྱིས་ཀོང་ཇོ་ཁོ་མོའི་ཕ་མར་ཡིད་ཆད་དུ་མ་བཅུག་ན་བོད་ལ་བསུ་དཀའོ་སྙམ་ནས། ཁོས་ལྐོག་ཏུ་རྡོའི་ཉི་ཟླའི་མེ་ལོང་རྫུན་མ་གཉིས་བཟོ་རུ་བཅུག་སྟེ། དེ་ལ་གསེར་དངུལ་གྱི་ཚོས་བརྒྱབ་ནས་ཀོ་རློན་གྱིས་བཏུམས་ཏེ་ངོ་མའི་ཚབ་ཏུ་བཞག ཀོང་ཇོ་འཁོར་དང་བཅས་པ་དེང་སང་གི་ཉི་ཟླ་ཉག་ཁའི་ཁར་བུད་སྐབས། ཀོང་ཇོའི་ཕ་མ་གཉིས་དྲན་ནས་ཕ་མས་གནང་བའི་མེ་ལོང་ལ་བལྟ་དུས། དེ་ནི་རྡོ་ལེབ་གོར་མོ་གཉིས་སུ་འདུག་པ་མཐོང་བས་ན། ཁོ་མོ་ཞལ་སྐྱེངས་ཤིང་ཐུགས་ཁྲོས་ནས་དེ་གཉིས་ཉི་ཟླ་ཉག་ཁའི་གཞོགས་གཉིས་སུ་བསྒྲིལ་ཅིང་། ཀོང་ཇོའི་དེར་གཟིགས་ནས་ཉི་ཟླ་གཉིས་ལྷན་དུ་མ་འཛོམས་བར་དུ་ང་རང་ཕ་ཡུལ་དུ་མི་ལོག་ཅེས་པའི་ཞལ་མནའ་བོར་བར་གྲགས།”(14)ཞེས་ངག་རྒྱུན་འདི་ནི་བློན་པོ་མགར་དང་རྒྱ་བཟའ་ཀོང་ཇོའི་བར་དངོས་སུ་བྱུང་ཡོད་མེད་བཤད་དཀའ་མོད། འོན་ཀྱང་། རི་བོ་ཉི་ཟླ་དང་འབྲེལ་ནས་འདི་འདྲའི་ངག་རྒྱུན་ཞིག་རྟོག་བཟོ་བྱས་པ་དེས་ཡུལ་དེའི་མི་དམངས་ཡོངས་ཀྱིས་བློན་པོ་མགར་སྟོང་བཙན་ཡུལ་བཟུང་ཐང་གི་ཕོ་ཉར་ཕེབས་ནས་བོད་ཐང་གི་འབྲེལ་བའི་རྣམ་པ་གསར་པའི་སྒོ་ཕྱེ་བ་དང་བོད་རྒྱ་མི་རིགས་ཕན་ཚུན་འགྲོ་འོང་དང་འབྲེལ་འདྲིས་ཀྱིས་འཚོ་བ་ཡར་རྒྱས་དང་རིག་གནས་གོང་འཕེལ། སྤྱི་ཚོགས་འཆམ་མཐུན་གྱི་ལམ་བཟང་བསྐྲུན་པར་རྗེས་སུ་ཡི་རངས་བྱ་ཕྱིར་གྲུབ་པར་འདོད།
མདོར་ན། ལོ་རྒྱུས་མི་སྣ་དང་ལོ་རྒྱུས་དོན་རྐྱེན། ཕྱི་འབྲེལ་མཛའ་མཐུན་སོགས་ཕྱོགས་གང་ནས་བལྟས་ཀྱང་བློན་པོ་མགར་སྟོང་བཙན་ཡུལ་བཟུང་གི་མཁས་པའི་ཡོན་ཏན་དང་མཛངས་པའི་ཐབས་ཤེས། དཔའ་བོའི་སྙིང་སྟོབས་དང་སྨྲ་བརྗོད་ཐབས་ཤེས་འགྲན་ཟླ་བྲལ་བ་འདི་དག་ནི་བློན་པོ་གསེར་ཆེན་གྱི་ངག་རྒྱུན་གྲུབ་པའི་རྩ་བའི་རྒྱུ་རྐྱེན་དུ་འགྲོ་བར་འདོད་དོ། །
གསུམ་པ། ངག་རྒྱུན་མི་འདྲ་བ་ཁག་གི་ནང་དོན་དཔྱད་བསྡུར།
གོང་དུ་བློན་པོ་གསེར་ཆེན་སྐོར་ལ་རྒྱས་བསྡུས་མི་འདྲ་པའི་ངག་རྒྱུན་ལྔ་དྲངས་ཡོད་ལ། ངག་རྒྱུན་སོ་སོའི་ནང་དོན་དང་ཁྱད་ཆོས་ཀྱང་མི་འདྲ་སྟེ། (༡) ངག་རྒྱུན་དང་པོ་ལས། “བློན་པོ་གསེར་ཆེན་ནི་ཡུལ་ཕྱོགས་གཞན་ནས་འཁྱམས་ཡོང་བ་ཞིག་ཡིན་པས་རུ་ཡོང་གྲོགས་མེད་རྣམས་ལ་ལྷག་ཏུ་སྡོངས་གྲོགས་མཛད”ཟེར་བས་བོད་ཀྱི་ཡུལ་ལྷ་གཞི་བདག་ལ་རིགས་དབྱེ་ཡོད་པ་མ་ཟད། བློན་པོ་གསེར་ཆེན་རིགས་གང་ལ་གཏོགས་པའང་ཤེས་ནུས་ཏེ། «སྲིད་པའི་རྨ་རབས»ལས། “བོད་ཀྱི་གཞི་བདག་ལ་དབྱེ་ན་རིགས་མང་དུ་ཡོད་དེ། ཕོ་མོའི་རིགས་དང་། ཞི་དྲག་གི་རིགས། ཡང་ན་དཀར་ཕྱོགས་དང་ནག་ཕྱོགས་པའི་རིགས་སོགས་ཡོད”(15)ཟེར་བས། ཐོག་མར་བློན་པོ་གསེར་ཆེན་གྱི་བློན་པོ་ཞེས་པའི་ཚིག་འབྲུ་འདི་ལས་བོད་ཀྱི་ཡུལ་ལྷ་གཞི་བདག་ནི་བསྐལ་བ་ས་ཆགས་པ་ནས་ཡོད་པ་ཞིག་གམ། མཐོ་རིས་ཀྱི་ལྷ་མི་ཡུལ་དུ་བབས་པའམ། ཡང་ན། ཐུན་མིན་གྱིས་བསྟེན་པའི་ཡི་དམ་གྱི་ལྷ་སོགས་མིན་པར། སྔོན་གྱི་དུས་རང་ས་ཆར་མིའི་སྐྱེ་བ་བཞེས་མྱོང་བའི་བློན་པོ་ཞིག་མཆོད་བཀུར་བྱ་ཡུལ་དུ་གྱུར་པ་གསལ་པོར་ཤེས་ཐུབ། བློན་པོ་ཞེས་འབོད་པས་རྟེན་ཕོའི་རིགས་སུ་གཏོགས་པ་གསལ་བོར་རྟོགས། མཁར་རྨེའུ་བསམ་གཏན་གྱིས“ཡུལ་ལྷའི་མཚན་ནས་འབོད་སྐབས་རྟག་ཏུ་མཚན་གྱི་འགོར་ཨ་མྱེས་ཨ་ཕྱི་ཨ་ཕ་ཇོ་བོའམ་ཇོ་ཇོ་ཇོ་མོ་སོགས་ཀྱི་ཐ་སྙད་སྦྱར་སྲོལ་ཡོད། མི་རྣམས་ཀྱིས་ཡུལ་ལྷའི་མཚན་གྱི་འགོར་ཐ་སྙད་དེ་དག་བཏགས་དགོས་དོན་ནི་གཏམ་རྒྱུད་ཀྱི་འབྱུང་ཁུངས་ཀྱིས་བོད་ཀྱི་རིག་གནས་ཁྲོད་དུ་མི་དང་ལྷའི་དབར་འབྲེལ་བ་ལྡན་པར་སྨྲ་བའི་ལྟ་བའི་སྣང་ཚུལ་ཞིག་ཡིན།”(16)ཞེས་གསུངས་པས། གཞི་བདག་དེ་མཐར་གཏུགས་ན་བོད་མི་རིགས་རང་ཉིད་ཀྱི་འདས་པའི་ལོ་རྒྱུས་སྟེང་དངོས་སུ་བྱུང་མྱོང་བའི་མི་སྣ་ཆེ་གེ་མོར་ཐུན་མོང་གི་དྲན་ཤེས་བརྒྱུད་དེ་ཁས་ལེན་ཐོབ་ཅིང་དད་མོས་བྱས་པ་གསལ་བོར་ཤེས་ཐུབ། གཞན་ཞིག་ནི“རུ་ཡོང་གྲོགས་མེད་རྣམས་ལ་ལྷག་ཏུ་སྡོངས་གྲོགས་མཛད”ཅེས་པས་དཀར་ནག་གཉིས་ལས་དཀར་ཕྱོགས་ཡིན་པར་གཏོགས་པ་སྟེ། གལ་ཏེ་དཀར་ནག་ཕྱོགས་ལས་ནག་པོར་གཞོལ་བ་ཡིན་ན“དགྲ་བོར་ཤིན་ཏུ་སྡང”ལ་སོགས་པའི་ཚིག་གིས་མཚོན་ཡོད། དེ་མིན“བློན་པོ་གསེར་ཆེན་ནི་ཡུལ་ཕྱོགས་གཞན་ནས་འཁྱམས་ཡོང”ཞེས་པའི་བློན་པོ་འདི་ནི་ཚུལ་ཇི་ལྟར་འཁྱམས་ཡོང་བ་དང་བྱེད་ནུས་གང་ལྡན་པ། ཁྱད་ཆོས་ཅི་ཙམ་ཡོད་སོགས་བརྗོད་མེད་པར་སྤྱི་བམ་གྱི་རྣམ་པས་བཀོད་འབྲི་བྱས་ཡོད། (༢) ངག་རྒྱུན་གཉིས་པ་ལས། “བློན་མགར་སྟོང་བཙན་གྱིས་དམག་སྣ་དྲངས་ཏེ་རི་བོ་འདིར་དགྲ་དང་འཐབ་པས་སྐུ་གྲོངས(17)ཤིང་རི་བོ་དེ་མིང་ལ་བློན་པོ་གསེར་ཆེན་བྱའོ”ཞེས་པས་བློན་པོ་གསེར་ཆེན་ནི་མ་གཞི་སྐྱ་དམག་མང་པོའི་སྣ་དྲངས་ཏེ་གཡུལ་གྱི་གྲབས་གཤམ་པ་ལས་རྣམ་པར་རྒྱལ་བའི་དཔའ་རྒོད་ཅིག་ཡིན་པ་དང་། བོད་ཀྱི་ཡུལ་ལྷ་གཞི་བདག་མང་ཆེ་བ་ནི་གནའ་དུས་ཀྱི་རྒྱལ་བློན་ཡུལ་དཔོན། དམག་དཔོན་དང་རུས་ལྷ་ཡིན་པའི་རང་བཞིན་རྒྱུན་འཛིན་བྱས་པ་མ་ཟད། བློན་པོ་མགར་སྟོང་བཙན་གྱིས་བཙན་པའི་རྒྱལ་ཁབ་དང་མཐའ་མཚམས་གཏན་སྲུང་ཐད་མཛད་རྗེས་བླ་མེད་བཞག་པ་དྲིན་ལ་དྲིན་གཟོའི་ཕྱིར་རི་བོ་དེར་བློན་པོ་གསེར་ཆེན་ཞེས་བསང་མཆོད་འཕྲིན་བཅོལ་གྱིས་བཀུར་བསྟི་མཛད་པ་རེད། (༣) ངག་རྒྱུན་གསུམ་པ་ལས་བརྗོད་པ་ནི«ཐང་ཡིག་གསར་མ»ལས། “ཞན་ཁྲིན་ཁྲི་ལོ་གསུམ་པར། གསེར་ཕོར་དང་གསེར་ཆས་སོགས་ཕུལ་ནས་སླར་ཡང་གཉེན་ཞུས། རིང་མིན་འ་ཞ་འབངས་སུ་མངའ་བ་ལས་ལོག་པས། མགར་ཁྲོས་ཏེ། ཧྲག་དམག་དྲངས་ནས་གཡུལ་བརྡབས། འ་ཞའི་བློན་ཆེན་སུ་ཧི་ཀོས་བྱ་བ་བོད་དུ་བྲོས་ཏེ་ནང་གཏམ་སྦྲན་པས་བོད་ཀྱིས་འ་ཞ་འདུལ་ཐུབ་པ་བྱུང་།”(18)ཞེས་བློན་པོ་མགར་སྟོང་བཙན་གྱིས་ཧྲག་དམག་ཁྲི་སྟོང་གི་དཔུང་བཏེགས་ཏེ་མདོ་སྨད་འ་ཞའི་རྗེ་བོ་ཕ་མཐར་སྤྲད་ཅིང་འ་ཞའི་འབངས་མི་རྣམས་བཙན་པོའི་གདུགས་འོག་གཅིག་ཏུ་འབངས་རྣལ་མར་བཅུགས་པའི་ལོ་རྒྱུས་ཀྱི་དོན་རྐྱེན་ས་བོན་ཞེས་པའི་ངག་རྒྱུན་ཞིག་ཡིན་མོད། འོན་ཀྱང་། མགར་སྟོང་བཙན་གྱིས་ཧྲག་དམག་ཁྲི་སྟོང་གི་དཔུང་བཏེགས་ཏེ་གཡུལ་འགྱེད་ཆེན་པོ་གཤོམ་པའི་ས་ནི་སྟོང་རི་མཚོ་ནག་ཡིན་པ་ལས་ངག་རྒྱུན་འདིའི་ཁྲོད་བྱུང་བའི“བློན་པོ་མགར་གྱི་དམག་སྒར་ནི་ཤ་ལ་ཟེར་བའི་ཀླད་ཆ་དེར་བཏབ”ཅེས་པ་མིན་པར་འདོད། ཐང་གིས་ནུབ་བྱང་གི་མཐའ་མཚམས་སྲུང་བ་དང་འ་ཞའི་མངའ་ཁོངས་ཕྱིར་འཕྲོག་ཆེད། གོང་མས་ཞོས་རིན་ཀོས་དང་། ཨ་ཧྲི་ན་ཏོ་ཀྲིན། ཀོ་ཏེ་ཧྥུན་བཅས་དམག་དཔོན་ཆེན་མོ་གསུམ་གྱིས་དམག་ཁྲི་བཅུ་ཕྲག་ལྷག་དང་བཅས་བོད་དུ་བཏང་བར། བོད་ཀྱི་དམག་དཔོན་ཆེན་པོ་མགར་ཁྲི་འབྲིང་གིས་ཏ་ཧྥི་ཁྲོན་ནས་བཅོམ་པར་གྲགས་པའི་ལོ་རྒྱུས་དང་ཉེ་བར་མཚུངས་པས། ངག་རྒྱུན་འདིའི་ས་བོན་དངོས་ནི་བོད་ཀྱི་དམག་དཔོན་ཆེན་པོ་མགར་ཁྲི་འབྲིང་གིས་ཏ་ཧྥེ་ཁྲོན་ནས་ཐང་དམག་ཕམ་ཉེས་བྱུང་དུ་བཅུག་པའི་མཛད་རྗེས་དེ་བློན་པོ་མགར་སྟོང་བཙན་གྱི་སྟེང་དུ་སྦྱར་ནས་བརྗོད་ཡོད་དེ། རྒྱུ་མཚན་ནི་ཤ་ལ་ཟེར་བའི་ས་ཆ་འདི་ནི་གུང་ཧོ་རྫོང་གི་ལྷོ་ནུབ་ཕྱོགས་སུ་ཡོད་པ་དང་ཏ་ཧྥེ་ཁྲོན་ཀྱང་ཕྱོགས་དེར་ངོས་འཛིན་བྱེད་བཞིན་ཡོད། ད་དུང་། “བློན་ཆེན་གྱི་ཆུང་མར་བུ་ཞིག་བཙས་པས། བཙས་སྟོན་རྒྱ་ཆེར་གནང་ནས་སྔོན་གྱི་བཙན་པོ་རྣམས་ཀྱི་དྲག་པོ་གཡུལ་ཐབས་ཀྱི་ལུགས་ཇི་ལྟ་བ་བཞིན་དར་དང་མདའ་མདུང་གིས་བརྒྱན་པའི་ལབ་ཙེ་ཞིག་བརྩིགས”ཞེས་པ་འདི་ལས་བློན་ཆེན་ལ་བུ་ཞིག་བཙས་ཡོད་མེད་དེ་གཙོ་བོ་མིན་པར་གལ་ཆེ་བ་ནི་བོད་རང་གི་ཆོས་ལུགས་དད་མོས་ཀྱི་དབང་དུ་གྱུར་བའི་རང་ལ་བུ་དཔའ་བོ་སྙིང་སྟོབས་ལྡན་པ་ཞིག་བཙས་པར་རེ་སྨོན་དང་བཅས་ལབ་ཙེའི་ཁྲོད་བུ་མདའ་འཛུགས་པའི་སྲོལ་མཆིས་པའི་ཚུལ་སྟོན་པའམ། ཡང་ན། སྔོན་གྱི་དུས་དམག་གི་ས་ཚིགས་སམ་ལམ་སྲུང་བའི་སླུངས་ལྟ་བུའམ། ལམ་ཁྲལ་བསྡུ་བའི་ས་ཚིགས་སོགས་བརྡ་རྟགས་རིག་གནས་ཀྱི་མངོན་སྟངས་ཤིག་ལ་ངོས་འཛིན་བྱས་ཀྱང་འགལ་མེད་དུ་འདོད། (༤) ངག་རྒྱུན་བཞི་པ། ངག་རྒྱུན་གང་ཞིག་ཡིན་ཡང་ལོ་རྒྱུས་ཀྱི་ས་བོན་ངེས་ཅན་ཡོད་དེ། ངག་རྒྱུན་འདི་ནི“མགར་སྟོང་བཙན་རྒྱལ་པོའི་ཁྲིམས་ལ་ཐོགས་ནས་རི་བོ་འདིའི་ཉེ་འདབས་སུ་བཞུགས་ཤིང་དེར་སྐུ་འདས”ཟེར་བ་ཁོངས་ཐིག་གཙོ་བོར་དྲངས་ནས་བརྗོད་ཡོད་མོད། དངོས་བྱུང་ལོ་རྒྱུས་ལ་གཞི་བཅོལ་ན་བློན་པོ་མགར་སྟོང་བཙན་ནི་རྒྱལ་པོར་བློ་དཀར་ཞིང་མི་རིགས་ལ་མཛད་འཕྲིན་བླ་མེད་བཞག་པའི་བློན་ཆེན་མོ་ཞིག་ཡིན་པ་ལས། རྒྱལ་པོའི་ཁྲིམས་དང་འགལ་ནས་ས་མཐར་སྤྱུགས་པའི་ཚིག་དང་ལུང་འདྲེན་ནི་ལོ་རྒྱུས་ཀྱི་ཡིག་ཆ་གང་དུའང་མི་རྙེད་ཕྱིར་ངག་རྒྱུན་འདིའི་ས་བོན་དངོས་ནི་མགར་སྟོང་བཙན་ཡུལ་བཟུང་གི་སྲས་གཉིས་པ་མགར་ཁྲི་འབྲིང་བཙན་བྲོད་གཞི་བྱས་ནས་སྒྲིག་བཟོ་དར་འཕེལ་དུ་བྱུང་བར་འདོད་དེ། རྒྱུ་མཚན་ནི། ཁྲི་འདུས་སྲོང་སྐབས་ཀྱི་དོན་ཆེན་གནད་བསྡུས་ལས“བྱ་གགྀ་ལོ་ལ་བབ་སྟེ(སྤྱི་ལོ༦༨༥)། བཙན་པོ་ཉེན་ཀར་ན་བཞུགས་ཤྀང་། བློན་ཆེན་པོ་བཙན་སྙ་དང་། མང་ཉེན་སྟོག་ཙབ་གཉིས། དམེས་བྱུང་། ཤངས་ཀྱི་སུམ་ཆུ་བོར། བློན་ཆེན་པོ་བཙན་སྙ་གུམ། བང་མི་བང་ཀར་དུ་བློན་ཁྲི་འབྲིང་བཙན་བྲོད་བློན། ཆེན་ཕོར་བཚུག(བཆུག)བློན་ཁྲྀ་འབྲྀང་གྱིས།”(19)ཞེས་པ་ལྟར་བློན་ཆེན་པོ་བཙན་སྙ་གུམ་པ་ཉིད་དུ་མགར་ཁྲི་འབྲིང་བློན་ཆེན་ལ་བསྡད་ཅིང་སྤྱི་ལོ་༦༨༥ནས་སྤྱི་ལོ༦༩༨ལོ་སྟེ་མི་ལོ་བཅུ་བཞིའི་རིང་བློན་ཆེན་གྱི་འགན་འཁུར་དུ་བླངས་ཏེ། ལི་ཡུལ་སྡེ་བཞི་དང་གྲུ་གུའི་ས་ཁོངས་མང་པོ་བདག་ཏུ་བཟུང་བ་དང་། དམག་གི་རྩ་འཛུགས་སྒྲིག་གཞི་གསར་འཛུགས་བྱས་ཏེ་འ་ཞ་ལ་སོགས་པར་མུ་མཐུད་མཁོས་བགྱིས་པ། ལྷག་པར་ལུག་གི་ལོ་སྟེ་སྤྱི་ལོ༦༩༥ལོར་སྟག་ལ་རྒྱ་དུར་བྱ་བའི་ཡུལ་དུ་ཐང་གི་དམག་དཔོན་ཝང་ཞའོ་ཅེ(王孝杰)ཕམ་པ་སོགས་དམག་སྲིད་ཀྱི་ལས་དོན་མང་དུ་བསྒྲིབས་པས་བཙན་པོ་ཁྲི་འདས་སྲོང་གི་བློ་མི་བདེ་པར་གྱུར་པས་རྒྱལ་བློན་གཉིས་ཀྱི་འགལ་བ་ལྟག་སྤྲོད་དུ་འགྲོ་བའི་འགོ་ཚུགས་པ་དང་། ཡང་དོན་ཆེན་གནད་བསྡུས་ལས“ཁྱི་ལོ་ལ་བབ་སྟེ(སྤྱི་ལོ༦༩༨)། བཙན་པོ་དབྱརད་བྱང་རོལ་དུ་གཤེགས། དགུན་བློན་ཆེན་པོ་ཁྲི་འབྲིང་གྱྀས། ཙོང་ཀ་ཆེ་ཆུང་དུ་དྲང་སྟེ། རྒྱའི་དམག་དཔོན་ཆེན་པོ་ཐུག་པུ་ཤི་བཟུང་། དེའི་དགུན་མགར་ལ་བཀྱོན་ཕབ་སྟེ་བཙན་པོ་ཕར་དུ་གཤེགས་པར་ལོ་ཆིག།”(20)ཞེས་པ་ལས་མགར་ཁྲི་འབྲིང་གིས་སྤྱི་ལོ༦༩༨ལོར་མདོ་སྨད་ཀྱི་ཙོང་ཀ་ཆེ་ཆུང་ཕྱོགས་ལ་དམག་དྲངས་ཏེ། རྒྱའི་དམག་དཔོན་ཐུག་པུ་ཤི་འཛིན་བཟུང་བྱས་པའི་སྟོབས་ཤུགས་ཀྱིས་བཙན་པོས་རང་ལ་གློ་བ་རིངས་པར་སྙམ་ནས་མགར་ལ་བཀྱོན་ཕབ་པས་ཁྲི་འབྲིང་བཙན་བྲོད་ཀྱིས་གཡུལ་མ་སྤྲད་པར་རང་སྲོག་བཅད་པ་རེད། ལོ་རྒྱུས་ཀྱི་དངོས་ཡོད་གནས་ཚུལ་དེར་དཔྱད་ཞིབ་བགྱི་ཁུལ་ལས་ངག་རྒྱུན་ཁྲོད“རི་འདིའི་ཉེ་འདབས་སུ་སྐུ་འདས”ཞེས་པའི་སྐུ་འདས་པ་པོ་ནི་མགར་སྟོང་བཙན་མ་ཡིན་པར་ཁོང་གི་སྲས་གཉིས་པ་མགར་ཁྲི་འབྲིང་བཙན་བྲོད་མིན་པའི་ངེས་པ་མེད་དེ། དཔལ་དོན་འགྲུབ་རྒྱལ་གྱིས“ད་ལྟ་མདོ་སྨད་ཀྱི་མཚོ་སྔོན་པོའི་ལྷོ་ཕྱོགས་སུ་བློན་པོ་གསེར་ཆེན་རི་བྱ་བ་ཞིག་ཡོད་པ་ནི་མགར་བཙན་བྲོད་ཀྱིས་རྒྱ་དང་འབྲེལ་བའི་ས་མཚམས་སུ་ལོ་ངོ་སུམ་ཅུའི་རིང་ལ་དམག་གི་བྱ་བ་གཉེར་བའི་མཛད་རྗེས་དྲན་གསོ་བྱེད་ཆེད་མིང་དེ་བཏགས་པ་རེད”(21)ཅེས་པ་དང་། དགེ་བཤེས་བཤད་སྒྲུབ་རྒྱ་མཚོས“སྲོང་བཙན་སྒམ་པོས་མགར་ལ་བཀྱོན་ཕབ་ནས་མཚོ་ཁ་འདིར་སྤྱུགས་པར་བཤད་པ་ནི། གནའ་དེང་གི་ལོ་རྒྱུས་བསྟན་བཅོས་གང་དུ་ཡང་མུ་མཐུན་པས་མི་འཐད་ལ། འོ་ན་ངག་རྒྱུན་དེ་གང་ལ་བརྟེན་ནས་བྱུང་ངམ་སྙམ་ན། རྒྱལ་པོ་ཁྲི་འདུས་སྲོང་གི་རིང་ལ་མགར་སྟོང་བཙན་གྱི་བུ་ཁྲི་འབྲིང་སོགས་ལ་བཀྱོན་ཕབ་པ་དེ་ལ་འཁྲུལ་ལོ་སྙམ”(22)ཞེས་བརྗོད་པས་ངག་རྒྱུན་གང་ཞིག་གྲུབ་པ་ལ་ལོ་རྒྱུས་ཀྱི་ས་བོན་ངེས་ཅན་ཞིག་ལྡན་དགོས་པའི་ཕྱིར་ན། མགར་ཁྲི་འབྲིང་གིས་མཚོ་སྔོན་པོའི་འགྲམ་རྒྱུད་ཀྱི་གནས་འདི་དག་འདུས་པའི་མདོ་སྨད་ཀྱི་ཡུལ་རྣམས་དབང་དུ་བསྡུས་ནས་རྒྱལ་ཁབ་དང་མི་དམངས་ལ་ཕན་པའི་མཛད་པ་གང་བཟང་བསྐྲུན་པ་དང་། «སྲིད་སྐྱོང་མེ་ལོང»ལས“ཞན་ཆིན་ཁྲི་ལོ་ལྔ་པ་སྤྱི་ལོ༦༦༠ཟླ་བརྒྱད་པར། བོད་ཀྱི་བློན་པོ་མགར་སྟོང་བཙན་གྱིས་ཁོའི་བུ་ཁྲི་འབྲིང་འ་ཞ་འདུལ་བར་མངགས། རྒྱུ་མཚན་ནི་འ་ཞ་ནང་ལ་ལོག་པས་རེད།”(23)ཟེར། དེ་མིན་ཀུན་བཟང་རྡོ་རྗེའི་«རྒྱའི་ཡིག་ཚང་ལས་བྱུང་བའི་ཏ་ཧྥི་ཁྲོན་ཞེས་པའི་ཡུལ་གྱི་ངོས་འཛིན»ཞེས་པར“ཏ་ཧྥི་ཁྲོན(མཚོ་སྔོན་ཞིང་ཆེན་གུང་ཧོ་རྫོང་གི་ལྷོ་ནུབ་ཆོས་རྗེ་རྩྭ་ཐང་དུ་ངོས་འཛིན་བྱེད)སྤྱི་ལོ༦༦༣ལོའི་སྔ་རོལ་ཏུ་འ་ཞའི་ཁམས་སུ་གཏོགས་ལ། ལོ་དེར་བཙན་པོའི་དམག་གིས་འ་ཞ་བླངས་རྗེས། བོད་བཙན་པོས་ཐང་གི་ཕྱོགས་སུ་རུ་དཔུང་དྲངས་ཏེ་མཚོ་སྔོན་པོའི་ནུབ་ཕྱོགས་བརྒྱུད་ནས་ཀན་ཀྲིག་དང་། ཀྭ་ཀྲིག་སོགས་སུ་ཆས་པའམ། ཡང་ན་མཚོ་སྔོན་པོའི་ལྷོ་ཕྱོགས་ནས་ལྕགས་མཁར་དང་། ཧྲན་ཀྲིག་སོགས་སུ་ཆས་པ་གང་ཡིན་ཡང་ཕལ་ཆེར་ཏ་ཧྥེ་ཁྲོན་གྱི་ས་ཆ་བརྒྱུད་ཀྱི་ཡོད་པ་རེད།”(24)དེ་བས་བློན་པོ་གསེར་ཆེན་གྱི་ངག་རྒྱུན་འདི་ནི་མགར་ཁྲི་འབྲིང་གི་ལོ་རྒྱུས་དོན་རྐྱེན་ལས་འཕྲོས་པར་སེམས། (༥) ངག་རྒྱུན་ལྔ་པ་ནི་གོང་གསལ་དག་དང་བསྡུར་ན་ནང་དོན་ཆེས་རྒྱས་ཤོས་སུ་འགྲོ་ཞིང་། དེའི་ཁྲོད་དུ་བློན་པོ་གསེར་ཆེན་ནི་དེའི་ཁ་གཏད་ཀྱི་མཚོ་མོ་ཁྲི་གཤོག་དང་འབྲེལ་ནས་བརྗོད་ཡོད་པས། གདོད་མའི་བསམ་བློར་བླ་རི་རེའི་ཁ་གཏད་དུ་བླ་མཚོ་རེ་གནས་ཤིང་ཕན་ཚུན་འཛའ་ཞིང་མཉེས་པའི་ཚུལ་གྱི་ངག་རྒྱུན་མང་པོར་སྣང་བས་འདི་ལས་སྐྱེ་འཕེལ་དད་གུས་བྱེད་པའི་བསམ་བློ་ཞིག་མཚོན་གྱིན་པར་འདོད་ལ། གཞན་ཞིག་ནི་མཚོ་ཁྲི་གཤོག་རྒྱལ་མོ་འཕྱུར་བའི་མོད་ལ། སློབ་དཔོན་པདྨ་འབྱུང་གནས་ཀྱིས་རྒྱ་གར་རི་བོ་མ་ཧྭ་དེ་ཝའི་མགོ་བཅད་ནས་གསེར་གྱི་རྡོ་རྗེར་བསྒྱུར་ཅིང་དོང་ཆུའི་ཁ་བཅད་ཚུལ། བག་ཧ་གཞུང་གི་འདྲེ་མོས་མཐུ་དང་སྟོབས་ཀྱིས་བཀག་པ་སོགས་བརྗོད་མོད། དོན་གྱིས་བློན་པོ་མགར་དང་སློབ་དཔོན་པདྨ་འབྱུང་གནས་གཉིས་དུས་ཐོག་གཅིག་གི་མིན་པས་ངག་རྒྱུན་འདི་གཉིས་གཞི་གཅིག་ཏུ་སྦྱར་ན་འགལ་བ་མངོན་གསལ་ཡིན་མོད། འོན་ཀྱང་། ངག་རྒྱུན་འབྱུང་པའི་ཐབས་ལམ་དང་རིན་ཐང་། ཁྱད་ཆོས་ཀྱི་ངོས་ནས་བལྟས་ཚེ། ངག་རྒྱུན་འདིས་བོད་ཀྱི་གཞི་བདག་གི་བྱུང་བ་དང་དེའི་རིག་གནས་ཀྱི་སྣང་ཚུལ་ཞིག་རྒྱུན་འཛིན་བྱས་ཡོད་པར་འདོད་དེ། སློབ་དཔོན་པདྨ་འབྱུང་གནས་ཀྱིས“ལྷ་འདྲེ་གདུག་པ་ཅན་རྣམས་བཏུལ་ཞིང་དམ་ལ་བཏགས་པའི་གནས་ཚུལ་ངག་རྒྱུན་འདིར་དྲངས་པས་གནད་དོན་གཉིས་གཏོགས་ཡོང་སྟེ། གཅིག་ནི་ངག་རྒྱུན་འདི་ནི་ཆེས་མ་མཐའ་ཡང་སློབ་དཔོན་པདྨ་འབྱུང་གནས་ཀྱིས་བོད་ཀྱི་ལྷ་འདྲེ་འདུལ་བའི་རྗེས་སུ་བྱུང་བ་རྟོགས་ཐུབ་པ་དང་། གཞན་ཞིག་ནི་ངག་རྒྱུན་འབྱུང་ཐབས་ལས་ལོ་རྒྱུས་ངོ་མཚར་ཅན་དུ་བསྒྱུར་བ་ལས་བྱུང་བར་སྙམ། ཐད་ཀར་བློན་པོ་མགར་སྟོང་བཙན་གསེར་ཆེན་རི་འདབས་སུ་འདས་པས་མིང་དེ་ལྟར་ཐོགས་ཞེ་ན། ངག་རྒྱུན་གྱི་སྤྲོ་སྣང་འདྲེན་ཤུགས་དང་ཡིད་སྤྲུལ་གྱི་ཆ་གསལ་བོར་མཚོན་མི་ཐུབ་པར་མ་ཟད། ངག་རྒྱུན་འདི་ཡུན་རིང་རྒྱུན་འཛིན་བྱེད་པར་ཡང་དཀའ་ལས་ཕྲད་སྲིད་འདོད། དེ་བས་ངག་རྒྱུན་ལ་རྟོག་བཏགས་དང་བཟོ་བཅོས་བྱེད་ཆོག་པའི་ཆོས་ཉིད་གཞིར་བཟུང་སྟེ་རྒྱས་བསྡུས་མི་འདྲ་བའི་ངག་རྒྱུན་མང་པོ་བྱུང་བ་རེད།
བཞི་པ། མཇུག་བསྡུ་བ།
དུས་རྒྱུན་འཚོ་བའི་ཁྲོད་ཀྱི་ཐོན་སྐྱེད་བྱེད་སྟངས་དང་འཚོ་བའི་ཉེར་སྤྱོད་ལས་མིའི་རིགས་ཀྱི་དམངས་ཁྲོད་རིག་གནས་སྣ་ཚོགས་གསར་རྩོམ་བྱས་པ་ཡིན་ཕྱིར། དུས་ཡུན་རིང་པོར་ངག་ནས་ངག་བརྒྱུད་པའི་རིག་གནས་ལས་ལོ་རྒྱུས་སྟེང་དངོས་སུ་བྱུང་བའི་དྲང་ལྡོག་མི་སྣའི་མཛད་པ་དང་བརྒྱུད་རིམ། ཡང་ན། རང་བྱུང་ཁམས་ཀྱི་བྱུང་བ་དང་བྱེད་ནུས། དེ་མིན་མི་རིགས་དང་ས་ཁུལ་སོ་སོའི་ཁྱད་ཆོས་མངོན་སུམ་ལྡན་པའི་ཡུལ་སྲོལ་གོམས་གཤིས་ཇི་ལྟར་བྱུང་བ་དང་ལག་ཏུ་བསྟར་ལུགས་སོགས་ཕྱོགས་མང་པོའི་སྒོ་ནས་སྟོན་པས། མི་རིགས་རིག་གནས་ཀྱི་གྲུབ་ཆ་མང་པོ་ཞིག་ངག་རྒྱུན་ཁྲོད་སིམ་འཛུལ་བྱས་ཡོད་པ་མ་ཟད་དེས་རྒྱུན་འཛིན་བྱེད་པར་ཡང་བྱེད་ནུས་གལ་ཆེན་ཐོན་ཡོད། དེ་བས་འདིར་བློན་པོ་གསེར་ཆེན་གྱི་ངག་རྒྱུན་སྤྱིར་བསྟན་པ་བརྒྱུད་ངག་རྒྱུན་འདི་འདྲ་ཞིག་འབྱུང་བའི་རྒྱུ་རྐྱེན་ལ་རིགས་འདེད་དང་ངག་རྒྱུན་སོ་སོའི་ནང་དོན་ལ་དབྱེ་ཞིབ་བགྱིས་ཏེ།‘ཤ་ལ’ཟེར་བའི་ས་མིང་དང་‘མགར་སྟོང་བཙན་རྒྱལ་བོའི་ཁྲིམས་ལ་ཐོགས་ནས་རི་བོ་འདིའི་འདབས་རོལ་དུ་སྐུ་འདས’ཞེས་པའི་རྒྱུ་རྐྱེན་སྣ་ཚོགས་ལོ་རྒྱུས་ཡིག་ཚང་ལ་གཞི་བཅོལ་ཏེ་དཔྱད་ཞིབ་བྱས་པ་ན། མི་དམངས་བྱིངས་ཀྱིས་བརྗོད་པའི་བློན་པོ་གསེར་ཆེན་གྱི་ངག་རྒྱུན་འདིའི་ས་བོན་ནི་བློན་པོ་མགར་སྟོང་བཙན་མ་ཡིན་པར་ཁོའི་བུ་མགར་ཁྲི་འབྲིང་བཙན་བྲོད་ཡིན་པ་གསལ་བོར་རྟོགས་ཡོང་ངོ་།།
མཆན།
(17) ངག་རྒྱུན་ལས་བློན་པོ་མགར་གྱིས་དམག་སྣ་དྲངས་ཏེ་རི་བོ་འདིར་དགྲ་དང་འཐབ་པས་སྐུ་གྲོངས་ཤིང་། སྐུ་གྲོངས་སའི་རི་བོའི་མིང་ལ་བློན་པོ་གསེར་ཆེན་ཟེར། གོང་དུ་ངག་རྒྱུན་གཞིར་བཟུང་བས་བློན་པོ་མགར་སྟོང་བཙན་ནི་གསེར་ཆེན་རི་བོའི་འདབས་རོལ་ནས་སྐུ་གྲོངས་ཚུལ་བརྗོད་ཡོད་མོད། ལོ་རྒྱུས་ཀྱི་གནས་བབ་དངོས་ལ་གཞིགས་ན་དེ་འདྲ་མིན་པར་མཆིས་ཏེ། གཉའ་གོང་དཀོན་མཆོག་ཚེ་བརྟན་གྱིསབརྩམས་པའི་«བོད་ཀྱི་བརྡ་རྙིང་ཡིག་ཆ་བདམས་བསྒྲིགས» ༡༩༩༥ལོའི་ཟླ༨པའི་དཔར་ཐེངས་དང་པོའི་ཤོག་ངོས༣༥པར། དེའི་འོག་ཏུ་མགར་སྟོང་རྩན་ཡུལ་ཟུང་གིས་བྱས་སོ།། ཡུལ་ཟུང་རྒས་ནས།། འོ་མ་ལྡེ་ལོད་བཙན་བཅུག་གོའ།། རྀང་བོ་མ་རག་པར་གློ་བ་རིངས་ནས་བཀུམ་མོ།། འུང་ནས་བློན་སྟོང་རྩན་སླར་བཅུག་སྟེ། ལོ་དྲུག་བགྱིས།ནས།། རྒས་ཏེ་གུམ་མོ།། དགེ་བཤེས་བཤད་སྒྲུབ་རྒྱ་མཚོའི་གསུང་འབུམ་གཉིས་པའི་ཤོག་ངོས༡༢༠པར། བོད་ཀྱི་དེབ་ཐེར་དག་ཏུ་མགར་མདོ་སྨད་ཀྱི་དམག་ཐོག་ཏུ་འདས་པར་བཤད་ཀྱང་། ཏུན་ཧོང་གཏེར་ཡིག་ཏུ་ལུག་གི་ལོར་བརྒྱད་ཁྲི་སྟོང་རྡུགས་ཀྱི་དོན་ཆེན་དེ་བྱུང་རྗེས། མགར་སྟོང་བཙན་སྤྲེའུ་ལོ་ནས་གླང་གི་ལོའི་བར་གྱི་ལོ་ངོ་དྲུག་ལ་འ་ཞའི་ཡུལ་དུ་བཞུགས་ཤིང་། སྟག་གི་ལོར་ཡར་དབུས་ལ་ཕེབས་ནས་ནད་ཀྱིས་གཙེས་ཏེ་ཡོས་བུའི་ལོར་འདས་པར་བཤད། དགེ་འདུན་ཆོས་འཕེལ་གྱིས་ཟྲིད་མདར་ཐོང་མྱིག་སྟེ་གཉན་འབྲས་ཀྱི་ན་ཚ་བྱུང་ནས་སྐུ་གཤེགས་ཞེས་འདོད་ཚུལ་མི་མཐུན་པ་གསུམ་བྱུང་ཡོད་མོད། མཐའ་བཀྲ་ཤིས་དོན་འགྲུབ་ཀྱིས་རྒས་ནས་རང་བཞིན་གྱིས་གཤེགས་པར་སྒྲུབ་བྱེད་དང་ཁུངས་ལུང་ངེས་ཅན་དྲངས་ཡོད་པས་ཚད་ཐུབ་ཏུ་འདོད།
ཟུར་ལྟའི་དཔྱད་གཞི།
(1) (5) (14)བློ་བཟང་ལྷུན་འགྲུབ་རྡོ་རྗེ་སོགས་ཀྱིས་བསྒྲིགས། «མཚོ་བོད་མཐོ་སྒང་གི་རི་ཆུའི་རིག་གནས»(མཚོ་ལྷོའི་གླེགས་བམ) [M] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༡༦ལོའི་ཟླ༡ ཤོག་ངོས།༣༦ ཤོག་ངོས༣༧ ཤོག་ངོས༡༨
(2) (3) (4) མཚོ་ལྷོའི་དམངས་ཁྲོད་རིག་གནས་དཔེ་ཚོགས། «ངག་རྒྱུན» [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༠༦ལོའི་ཟླ༡ ཤོག་ངོས།༢༥དང་༢༦དང་༢༦
(6) གཡང་མོ་སྐྱིད་ཀྱིས་བརྩམས། «བོད་ཀྱི་དམངས་ཁྲོད་རྩོམ་རིག་རྣམ་བཤད་རབ་གསལ་མེ་ལོང» [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༣ལོའི་ཟླ༡༠ ཤོག་ངོས།༢༩༨
(7) དགེ་འདུན་ཆོས་འཕེལ། «དེབ་ཐེར་དཀར་པོ» [M] མི་རིགས་དཔེ་སྐྲུན་ཁང་། ༢༠༠༢ལོའི་ཟླ༧ ཤོག་ངོས།༡༥
(8) པད་ཚེ། «སྒྱོགས་ཆེན་གདོང་རའི་གནས་རབས» [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༦ལོའི་ཟླ༡༢ ཤོག་ངོས།༧
(9) (10) (11) (18) དཔལ་དོན་འགྲུབ་རྒྱལ་གྱི་གསུང་འབུམ་པོད་བཞི་བ། «ཐང་ཡིག་གསར་མ་ལས་བྱུང་བའི་ཐུ་བྷོད་ཀྱི་གླེགས་བམ» སྟོད་ཆ། མི་རིགས་དཔེ་སྐྲུན་ཁང་། ༢༠༡༤ལོ། ཤོག་ངོས༢༨༡ ཤོག་ངོས༢༨༠ ཤོག་ངོས༢༨༠ ཤོག་ངོས༢༨༠
(12) (19) (20) གཉའ་གོང་དཀོན་མཆོག་ཚེ་བརྟན། «བོད་ཀྱི་བརྡ་རྙིང་ཡིག་ཆ་བདམས་བསྒྲིགས» [M] ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དཔེ་སྐྲུན་ཁང་། ༡༩༩༥ལོའི་ཟླ༨ ཤོག་ངོས།༣༤ནས༣༥ ཤོག་ངོས།༦༡ནས༦༢ ཤོག་ངོས༧༥ ཤོག་ངོས༧༨
(13) (23) མཐའ་བ་བཀྲ་ཤིས་དོན་འགྲུབ་ཀྱིས་བརྩམས། «དཔའ་བོའི་བཞུད་ལམ» [M] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༩ལོའི་ཟླ༡༠ ཤོག་ངོས།༡༢༧ ཤོག་ངོས།༢༥༦
(15) སྒུ་རུ་བཀྲ་ཤིས་དོན་གྲུབ། «སྲིད་པའི་རྨ་རབས» [M] ཤོག་ངོས ༧ མི་རིགས་དཔེ་སྐྲུན་ཁང་། ༢༠༡༢ལོའི་ཟླ༩
(16) མཁར་རྨེའུ་བསམ་གཏན། «མདའ་དང་འཕང» [M] ཤོག་ངོས། ༣༢༨ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༩ལོའི་ཟླ༩
( 21) དཔལ་དོན་འགྲུབ་རྒྱལ་གྱིས་བརྩམས་པའི«མགུར་གླུའི་ལོ་རྒྱུས་དང་ཁྱད་ཆོས» [M] མི་རིགས་དཔེ་སྐྲུན་ཁང་། ༡༩༨༥ལོའི་ཟླ༥ ཤོག་ངོས།༡༢༡
(22) དགེ་བཤེས་བཤད་སྒྲུབ་རྒྱ་མཚོ། «ཉིན་ལུང་ཚོ་བ་བཅུ་གཉིས་དང་དཔོན་ཚང་གི་ལོ་རྒྱུས་མདོ་ཙམ་བརྗོད་པ་བདེན་གཏམ་གསེར་གྱི་སྦྲམ་བུ་ཞེས་བྱ་བ» གསུང་འབུམ་པོད་གཉིས་པ། [M] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༡༦ལོའི་ཟླ༩ ཤོག་ངོས། ༡༢༠
(24) ཀུན་བཟང་རྡོ་རྗེ། «རྒྱའི་ཡིག་ཚང་ལས་བྱུང་བའི་ཏ་ཧྥི་ཁྲོན་ཞེས་པའི་ཡུལ་གྱི་ངོས་འཛིན» «མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་རིག་གཞུང་དུས་དེབ» [J] ༢༠༡༣ལོའི་དེབ་གཉིས་པ། ཤོག་ངོས ༡༥
ཡོང་ཁུངས། «བོད་ཀྱི་དམངས་སྲོལ་རིག་གནས།» 2020ལོའི་དེབ་གཉིས་པ།
འབྲེལ་ཡོད་འོས་སྦྱོར།