logo

འབྲོག་མིའི་ལག་བཟོའི་ཤེས་རིག་ལས་ཕྱིང་བ་གླེང་བ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:ཁམས་པའི་བརྙན་འཕྲིན་དྲ་བ། དུས་ཚོད།:2021-12-01 ཀློག་གྲངས།:
འབྲོག་མིའི་ལག་བཟོའི་ཤེས་རིག་ལས་ཕྱིང་བ་གླེང་བ།

དང་པོ། ཕྱིང་པའི་དགེ་མཚན་བསྡུས་པ།
        དེ་ལ་ཕྱིང་པ་ནི་བཟོས་པ་ཚགས་དམ་ཞིང་འཕྱོར་ལེགས་ལ། སྤུས་ཀ་བཟང་ཞིང་ངོས་འཇམ་པའི་འབྲོག་པའི་ཐོན་ལས་རིགས་ཤིག་ཡིན་ཏེ། ཕྱིང་པའི་ལྭ་བ་བཟོས་ཏེ་དགུན་ཁར་གྲང་རེག་དང་ཁ་བ་འགོག་བྱེད་དང་དབྱར་ཁར་ཚ་བ་དང་ཆར་ཆུ་གཡོལ་བྱེད་བྱེད་ཆོག་ལ། ད་དུང་དྲོད་ལེན་ཐབས་སུ་དང་ཅ་ལག་ཆེ་མ་ཆུང་གསུམ་འཇོག་སའི་སྣོད་ཆས། ཡང་ན་མལ་ཆས་ཀྱི་རིགས་ལ་གདན་དང་མལ་ཐུལ་སོགས་ཀྱང་བཟོས་ཆོག་ཅིང་། དགྲ་དང་འཐབ་པའི་སྐབས་སུ་མདའ་དང་མདུང་། གྲི་སོགས་མཚོན་ཆའི་རིགས་ཀྱང་འགོག་བྱེད་དུ་བཀོལ་ཆོག མདོར་ན་འབྲོག་པ་རྣམས་ནི་རྩྭ་ཆུའི་བཟང་ངན་ལ་གཞིགས་ནས་ནམ་རྒྱུན་རུ་སྤོར་དགོས་པས། དེས་བཟོས་པའི་དངོས་པོ་དག་འཁྱེར་འཇོག་སྟབས་བདེ་ཞིང་བཀོལ་རྒྱ་ཤིན་ཏུ་ཆེན་པོ་ཡོད་པ་རེད།
གཉིས་པ། ཕྱིང་པ་ནམ་བྱུང་ཚུལ།
        ཕྱིང་པ་ནམ་བྱུང་བའི་དུས་ཚོད་དེ་ལོ་རྒྱུས་དེབ་ཐེར་དང་རྩོམ་རིག་བརྩམས་ཆོས་གང་གི་ནང་དུའང་ད་སྔོན་གསལ་ཁ་དོད་པ་ཞིག་མ་རྙེད་ཀྱང་། «ཐང་ཡིག»ལས(སྲོང་བཙན་གྱི་སྐབས་སུ)“གྱོན་པ་ཕྱིང་པ་བྱེད་ཅིང་”ཞེས་དང་“ཤིང་གི་སྣོད་མཐིལ་དུ་ཀོ་བས་གཡོགས་པ་ཞིག་ཏུ་ཟས་ཟ་ལ། སྡེར་མའི་དོད་དུ་ཕྱིང་པ་བཏིངས་ནས་བྱེད”ཅེས་པ་དང་། ཡང“རྒྱ་ནག་པ་རྣམས་ཀྱི་ཆས་ལེགས་པོར་མཐོང་ནས་ངོ་གནོངས་ཤིང་དོགས་མི་བདེ་བར་གྱུར་ནས། བཙན་པོ་རང་ཡང་ཕྱིང་ལ་དོར་ནས་དར་ཟབ་ཀྱི་གོས་གྱོན་ཏེ”ཞེས་སྐབས་དེ་དུས་བཙན་པོས་ཀྱང་ཕྱིང་པ་བནབས་ཡོད་ལ། “མི་རྣམས་དབྱར་བལ་ཕྱིང་དང་དགུན་སློག་པ་གྱོན”ཞེས་པ་སོགས་ནས་དེའི་སྐབས་ཀྱི་ཕྱིང་པའི་དར་ཁྱབ་རང་བཞིན་རྟོགས་ཐུབ་པ་དང་། ཡང་རྒྱལ་པོའི་ཕྱིང་ལྭ་དེ་མི་སེར་ཕལ་པའི་ཕྱིང་ལྭ་དང་མ་འདྲ་བ་ཞིག་ཡིན་ངེས་པ་ང་ཚོས་དཔག་ཐུབ་པས་དེ་ལས་སྤུས་ཀ་དང་ཁ་དོག ཇུས་འགོད་སོགས་ཀྱིས་ཁྱད་པར་དབྱེ་རྒྱུ་ཡོད་སྲིད་པའང་རྟོགས་ཐུབ། ད་དུང་སྡེར་མའི་དོད་དུ་ཕྱིང་སྣོད་ཡོད་པ་དེས་ཕྱིང་པའི་ལག་རྩལ་དེའང་ཚད་ཤིན་ཏུ་མཐོ་ངེས་པ་གདོན་མི་ཟའོ།། བོད་འདི་ཡང་མི་རིགས་གཞན་ལྟར་ཐོག་མར་སྲོག་ཆགས་ཀྱི་པགས་རིགས་དང་། དེ་ནས་པགས་རིགས་འཚེམ་དྲུབས་ཀྱིས་གྱོན་པ་བཟོས་ཡོད་པ་ནི་ཁ་རུབ་གནའ་ཤུལ་ལས་རྙེད་པའི་རུས་ཁབ་ཕྲ་མོ་ལོ་སྟོང་ཕྲག་བཞི་དང་དྲུག་བརྒྱ་འགོར་བ་དེ་དག་ལས་ངེས་ཤེས་འདྲོངས་ཐུབ། དེས་ན་ཕྱིང་པ་ནི་དེའི་ཕྱིས་སུ་ཡུན་གྱིས་བྱུང་ཞིང་དུས་རབས་བདུན་པའི་རྒྱལ་པོ་སྲོང་བཙན་སྒམ་པོའི་སྐབས་ཤིན་ཏུ་ཁྱབ་ཡོད་འདུག་པས་སྲོང་བཙན་གྱི་སྔོན་ནས་བྱུང་ཡོད་པར་འདོད་པ་རེད།
གསུམ་པ། ཕྱིང་པ་འཇོག་ཚུལ། 
        ཕྱིང་པ་འཇོག་ཚུལ་ནི་སྤང་ཐང་ངོས་འཇམ་པོ་དང་བདེ་མོའི་སྟེང་རེ་ཕྱར་ཞིག་བཏིང་ཞིང་། དེའི་ཐོག་ཏུ་ཞིབ་མོར་བསེད་པའི་བལ་ལེབ་ལེབ་མོར་བཀོད་ལ། ཕྱིང་ཆུ་ཞེས་དྲོད་གྲངས་རན་པའི་ཆུ་ཉུང་ངུ་སྤེན་མས་གཏོར་རྗེས་རེ་ཕྱར་དང་བཅས་རིལ་པོར་བསྒྲིལ་ཏེ་ཐག་པས་བཅིངས་ཤིང་དེ་ནས་བསྒྲིལ་དགོས་པ་ཡིན། དེ་ལྟར་ཡུན་རིང་བོར་བསྒྲིལ་རྗེས“མ་ཁུད་ནས་བླངས”ཞེས་བཅིངས་པ་ལས་བཀྲོལ་ཏེ་རེ་ཕྱར་བཏོན་ཞིང་ཕྱིང་པ་ཁོ་ན་ཡུན་རིང་བོར་བསྒྲིལ་དགོས། ཕྱིང་པའི་བཟང་ངན་ནི་བསྒྲིལ་བའི་ཚད་ཀྱིས་འབྱེད་ཅིང་བསྒྲིལ་བ་ཇི་ལྟར་མང་ན་དེ་ལྟར་བཟང་བ་ཡིན་ལ། ཕྱིང་པའི་ཡག་བཙོག་ནི་བལ་གྱི་ཡག་བཙོག་ལ་རག་ལས་ཤིང་བལ་ཇི་ལྟར་ཡག་ན་ཕྱིང་པ་དེ་ལྟར་ཡག་པ་ཡིན། བསེད་ཡོད་པའི་བལ་འཇོག་ཚུལ་ལའང་གཅིག་འཇོག་དང་ཉིས་འཇོག སུམ་འཇོག་སོགས་ཡོད་ལ་དེ་ནི་ཕྱིང་པའི་མཐུག་སྲབ་ཇི་ལྟ་བུ་ཞིག་འཇོག་པར་བལྟ་དགོས་པ་ཡིན་ཏེ། གལ་ཏེ་ཕྱིང་པ་མཐུག་པོ་ཞིག་འཇོག་དགོས་ཚེ་སུམ་འཇོག་དང་བཞི་འཇོག་ཡང་དགོས་ལ། ཕྱིང་པ་སྲབ་མོ་ཞིག་འདོད་ཚེ་གཅིག་འཇོག་དང་ཉིས་འཇོག་གིས་ཡང་ཆོག་པ་ཡིན། དེས་ན་ཅི་ཞིག་ལ་གཅིག་འཇོག་དང་ཉིས་འཇོག་སོགས་ཟེར་བ་ཡིན་ཞེ་ན། དེ་ནི་བལ་བསེད་པ་དག་རེ་ཕྱར་སྟེང་དུ་བཏིང་ཚེ་ཐོག་མར་བཏིང་བའི་བལ་ལེབ་མོ་ཁེར་རྐྱང་དེར་གཅིག་འཇོག་དང་དེ་ནས་དེའི་སྟེང་དུ་སླར་ཡང་བལ་ལེབ་མོ་ཞིག་བསྣོལ་ནས་བཏིང་བ་ལ་ཉིས་འཇོག་ཟེར། དེ་ལྟར་གསུམ་འཇོག་དང་བཞི་འཇོག་ཡང་རིགས་བསྒྲེས་པའོ།། ཡང་ཕྱིང་པ་འཇོག་སྐབས་ཆར་བ་བབས་ཚེ། ཕོ་བསོད་ཆེན་གྱི་ཕྱིང་ཆུ་གནམ་ནས་འབབ་ཟེར་ཅིང་བཟང་པོར་བརྩི་སྲོལ་ཀྱང་ཡོད།
བཞི་པ། ཕྱིང་རྩིས་སམ་ཕྱིང་གླུ། 
        བལ་ཕྱིང་དེ་བསྒྲིལ་བའི་ཚེ་བསྒྲིལ་བ་བོས་སྙན་མོའི་དབྱངས་དང་བཅས་ཏེ་ཅི་ཙམ་བསྒྲིལ་བ་བརྩི་ཚུལ་གྱི་ཕྱིང་རྩིས་ཟེར་བ་ཞིག་ཡོད་དེ། སྐབས་འགར་ཕྱིང་གླུའང་ཟེར་རོ།། ངེད་ཀྱི་ཡུལ་ནི་སོག་པོ་དང་འདབ་འབྲེལ་ཡོད་ལ། ཆོས་ལུགས་དད་མོས་དང་འཚོ་བའི་གོམས་གཤིས། སྐད་ཡིག་སོགས་སོག་པོར་ཕར་ཤུགས་རྐྱེན་ཐེབས་ཡོད་ཀྱང་། ཕྱིང་རྩིས་ཚུད་པའི་ངལ་རྩོལ་གླུ་དབྱངས་རེ་ཟུང་དང་རྒྱུན་བཀོལ་ཐ་སྙད་ལ་ཤས་སོག་སྐད་ཀྱིས་ཚུར་ཤན་ཞུགས་འདུག ཕྱིང་རྩིས་ལ་ཆ་བཞག་ན། “མཛོ་ནེ་ནེ་གེ མཛོ་ནེ་ཧོ་བེ། མཛོ་ནེ་དབུར་བ། མཛོ་ནེ་འདེར་བེ། མཛོ་ནེ་ཆ་བུ། མཛོ་ནེ་འཛར་ཝ། མཛོ་ནེ་མཛོ་ལོ། མཛོ་ནེ་ནེ་མ། མཛོ་ནེ་ཡེ་སེ། མཛོ་ནེ་ཨ་ར། ཞེས་བཅུ་དང་དེ་ནས་ཡང་ཨ་ར་ནེ་གེ ཨ་ར་ཧོ་བེ། ཨ་ར་དབུར་བ་”ཞེས་སོག་སྐད་ཀྱིས་བརྒྱ་གྲངས་བར་བརྩི་སྲོལ་ཡོད། དེ་ཙམ་ལ་བརྟེན་ནས། ཕྱིང་པ་ནི་སོག་ཡུལ་ནས་དར་བའི་བཤད་སྒྲོས་མཆིས་ཀྱང་། དེ་ནི་མུན་སྤྲུལ་གྱི་སྐད་ཆ་ཡིན་པ་ཡིག་ཆ་རེ་གཉིས་དཔང་བོར་འདུག་སྟེ། མཁས་དབང་ནམ་མཁའ་ནོར་བུ་ལགས་ཀྱི«བྱང་འབྲོག་གི་ལམ་ཡིག»ཏུ་བཀོད་ཡོད་པའི་བལ་ཕྱིང་བསྒྲིལ་སྐབས་སུ་བརྩི་ཚུལ་ནི“ཨ་ལ་མ་ནེ་ལ་པད་མེ།། བུ་དག་གིས’ཕྱིང་ཡག་ལྷ་འུ་ལ་ལྷ་ཕྱིང་།། བུ་མོ་དག་གིས་ནི’གཡང་ཡག་གཡང་དཀར་ལ་ཁ་ཆུ།། ཡང་བུ་དག་གིས་’གཅིག་ཡག་ཨ་བུ་ཡི་རྐྱ་ཕྱིང་།། བུ་མོ་དག་གིས’ གཉིས་ཡག་ཞིག་མོ་ཡི་རྫི་ཕྱིང་།། བུ་དག་གིས’གསུམ་ཡག་སོ་ཁ་ཡི་དར་ཕྱིང་།། བུ་མོ་དག་གིས’བཞི་ཡག་ལྷ་གཞི་ཡི་དཀར་ལིང་།། བུ་དག་གིས་ལྷ་ཡག་ལྷ་རྔ་ཡི་ཕྱིང་ཞྭ།། བུ་མོ་དག་གིས་དྲུག་ཡག་གྲུས་མ་ཡི་རྫི་ཕྱིང་”ཞེས་བཀོད་ ཡོད་པ་ནི་བོད་རང་གི་བརྩི་ཚུལ་ངོ་མ་དེ་ཡིན་འདུག་སྙམ་ལ། ཡང་བསྒྲིལ་སྐབས་ཀྱི་ཁ་སྨོན་འདི་ལ་འབྲོག་ཕྱོགས་ཀྱི་ས་ཆ་མི་འདྲ་བ་སོ་སོར་རང་རང་གི་ཁ་སྨོན་ཡོད་འདུག་ཏེ། གསེར་རྟའི་ཡུལ་དུ། "ལ་ཕྱིང་སྔོན་མ་སོང་ནས་ལོ་གསུམ་རེད།། བར་མ་སོང་ནས་ཟླ་གསུམ་རེད།། རྗེས་མ་སོང་ནས་ཞག་གསུམ་རེད།། ཕྱིང་ད་ལྟ་སོང་ན་དོས་ས་ཡོད།། ད་ལྟ་མ་སོང་དོས་ས་མེད།། ཕྱིང་སོང་ན་བླ་མའི་ཆོས་ཕྱིང་ཡིན།། ཕྱིང་མ་སོང་ཞོ་སྙོབས་ཁེབས་མ་བྱེད།། ཕྱིང་སོང་ན་ཇག་པའི་ཇག་ཕྱིང་ཡིན།། ཕྱིང་མ་སོང་རྒས་པའི་ཉལ་གདན་བྱེད།། བྲེ་སེར་འབྲོང་གི་ཐོལ་ཀོ་དགོས།། ཐོད་གོ་མིན་ཀྱང་ཐོད་འདྲ་དགོས།། ཁ་དཀར་རྐྱང་གི་ཁ་ཀོ་དགོས།། ཁ་ཀོ་མིན་ཀྱང་ཁ་འདྲ་དགོས།། དུང་ཚེ་ཏུག་ཏུག་ཐེ་ཏུག་ཏུག་ནེ་གུམ་གུམ་འདབ་མ་ཅག་ཅག གཅིག་བརྒྱབ་ཐ’ཟེར་ནས་བརྩི།།” ཡང་དམངས་གླུ་རུ། གཡང་དཀར་ཚེར་མོ་ལུག་གི་བལ་དཀར་ཁ་ཆུ་འཇིལ་ལི་ལི། ཚེར་མོ་ལུག་ལྷས་ལ་འཛོམས་དུས། ལུག་ཆུང་འབའ་སྒྲ་ལྷང་སེ་ལྷང་། ཕྱིང་དཀར་ཆུ་རླངས་རེད། གོས་ཀྱི་དྭངས་རྩེ་རེད། གེ་སར་དམག་ལྭ་རེད། སྟག་ཤར་ཇག་ལ་འགྲོ་བའི་ཇག་ཕྱིང་རེད། བུ་མོ་གནས་ལ་འགྲོ་བའི་གནས་ཕྱིང་རེད་ཞེས་ལེན། ད་དུང་བརླིང་སྐབས་སུ་སྒྲོལ་མ་འདོན་པ་ཡང་ཡོད་ལ་སྒྲོལ་མ་ཚར་གཅིག་དེ་ཐེངས་བརྒྱ་བསྒྲིལ་བ་དང་འདྲ་ཟེར་རོ།།
ལྔ་བ། ཕྱིང་པའི་དབྱེ་བ། 
        དེ་ཡང་ཕྱིང་བས་བཟོས་པའི་དངོས་པོ་མི་འདྲ་བ་སོ་སོར་འཇོག་ཚུལ་གྱི་ཆ་རྐྱེན་དེ་ཕན་ཚུན་མི་འདྲ་བ་ཅུང་ཟད་ཙམ་ཡོད་དེ། ཕྱིང་བས་བཟོས་པའི་དངོས་པོའི་རིགས་ལ་ཕྱིང་ཞྭ་ནི་ཕྱིང་བས་བཟོས་པའི་ཞྭ་མོ་སྟེ། ཕྱིང་ཞྭ་མགོ་རིང་ཡང་ཟེར་ཞིང་དགུན་དྲོ་ལ་དབྱར་བསིལ་བའི་ཞྭ་མོ་མགོ་རིང་རྩེ་ཀླད་སྒོར་སྒོར་སྟོང་སྐུད་དམར་པོ་དང་ནག་པོའི་ཚར་ཁས་བརྒྱན་ཡོད་པ་ཞིག་ཡིན། ཕྱིང་ཞྭ་བཟོ་བར་དམིགས་བསལ་བལ་ཧ་ཅང་ཡག་པོ་དང་དེ་ཡང་བསེད་པ་ལྷག་ཏུ་ཞིབ་མོ་ཡིན་དགོས་ཤིང་བརླིང་བའི་ཚད་དེ་ཀུན་ལས་མཐོ་བོ་ཡིན་དགོས། དེ་ལྟར་ན་ཕྱིང་པའི་རིགས་གཞན་ལྟར་ཆར་ཆུས་བརྟོལ་མི་ཐུབ་པའི་ནུས་པ་ལས་གཞན་ཕྱིང་ཞྭ་དེ་རྣོན་པོ་གྲི་ཡིས་མི་ཆོད། ཞེ་སྡང་སྡེར་མོས་མི་གཤོགས་པ་ཞིག་འོངས་ཐུབ། གླིང་གེ་སར་གྱི་སྒོམ་ཞུ་བྱ་བའི་ཕྱིང་ཞྭ་བཟོ་སྲོལ་འདུག་པ་དེ་དང་ཡུལ་ལྷ་ཨ་མྱེ་རྨ་ཆེན་གྱིས་མནབས་པའི་ཕྱིང་ཞྭ་དེ་ཡང་འདི་ལས་བྱུང་བའི་སྲོལ་ཡིན་པར་འདོད། ཕྱིང་བས་བཟོས་པའི་དངོས་པོ་ཀུན་ལས་ ཕྱིང་ཞྭ་ནི་ཆེས་བཟོས་པ་ཞིབ་ཅིང་ལས་ཚེགས་ཆེས་ལྕི་བ་དེ་རེད། ཆུ་ཕྱིང་ནི་ཕྱིང་བས་བཟོས་པའི་ཕྱུགས་རྫིའི་ཆར་གོས་ཡིན་ཞིང་སྐྱེས་པ་དག་ལ་ཆུ་ཕྱིང་ཕུ་རུང་ཅན་ཞིག་ཡིན་ལ། ས་ཆ་ལ་ལར་ཧེ་ར་ཡང་ཟེར་ཞིང་ཆར་ནང་དུ་དེ་ཉིད་ཧེར་རྗེན་དུ་བུད་ཞེས་ཧེ་ར་རྗེན་པར་སྐེ་རགས་དཀྲིས་ནས་ཀྱང་གྱོན་པ་ཡིན་ལ། སྐྱེས་མ་ཚོ་ལ་ནི་ཕུ་རུང་མེད་པ་ཅན་ཞིག་རེད་འདུག་པས་ཧ་ལམ་འབྲི་བཞོ་སྐབས་སུ་སྟབས་བདེ་བར་དམིགས་པ་མིན་ནམ་སྙམ་བརྟག ཞོ་ཕྱིང་ནི་ཞོ་སྙོལ་སྐབས་སུ་འོ་མ་གཅུད་བྱེད་ཀྱི་བལ་ཕྱིང་གྲུ་བཞི་ཞིག་ཡིན། གཡང་སུ་(སྤུ)ཞེས་པ་ནི་བལ་གདན་ཞིག་ཡིན་མོད། འདི་ལ་དམིགས་བསལ་བཟོ་ཚུལ་ཞིག་ཡོད་པ་ནི། གཞི་དེ་བལ་ཁ་ཆུ་ཅན་ཞེས་དཔྱིད་ཀར་ལུག་བལ་འབྲེག་སྐབས་སུ་ལུག་ལ་ཤས་ཀྱི་བལ་དེ་ཧྲིལ་བོར་བྲེགས་ཤིང་། ཐུར་ལ་ཤམ་ཡོད་པའི་བལ་ཁ་རེ་ཕྱར་ཐོག་ཏུ་བསྐོར་ཅིང་དེའི་རྒྱབ་ངོས་སུ་བསེད་ཡོད་པའི་བལ་འཇོག་ལ་དེ་ནས་ཅུང་ཟད་བསྒྲིལ་བས་ཆོག ཡང་ཕྱིང་གདན་ནི་སྤྱིར་བཏང་གི་ཕྱིང་པ་འཇོག་ཚུལ་ལྟར་ཡིན་ཞིང་དེ་ལ་ཕྱིང་དཀར་གྱི་གདན་དང་ཕྱིང་ནག་གི་གདན་གཉིས་ཡོད།
        ཆེ་ཆུང་ཚད་བཀག་མེད་པར་རང་གི་འདོད་མོས་ལྟར་བཟོས་ཆོག ད་དུང་ཕྱིང་དཀར་གྱི་གདན་ཆེ་ཆུང་སྣ་ཚོགས་ཀྱི་ཐོག་ཏུ་བལ་ནག་གི་གཡང་དྲུང་དང་དགའ་འཁྱིལ་གྱི་རི་མོ་འགོད་པའི་སྲོལ་ཡོད་ལ། ཡང་བག་མ་དང་མནའ་མ་ཕར་སྐྱེལ་ཚུར་ལེན་སྐབས་དང་བླ་མ་སོགས་ཇ་ཞུ་བྱེད་དུས། ཕྱིང་དཀར་གྱི་གདན་ཐོག་ལ་ནས་དང་འབྲས་དཀར་གཏོར་དེ་གཡང་དྲུང་སོགས་བཀྲ་ཤིས་པའི་རི་མོ་འབྲི་ལ་དེས་ནི་ཕྱྭ་གཡང་འགུགས་ཤིང་བཀྲ་ཤིས་བའི་རྟགས་སུ་འདོད་དོ།། ད་དུང་དགུན་དུས་སུ་གྲང་ངར་འགོག་ཆེད་དུ་ཕྱིང་བས་བཟོས་པའི་ཕྱིང་ལྷམ་ཡུ་རིང་པོ་ཅན་ཡོད་ལ་ལྷམ་གཞན་གྱི་ནང་རོལ་ཏུ་གདིངས་པའི་ཕྱིང་པའི་ལྷམ་གདན་ཀྱང་ཡོད་པ་ཡིན། ཡང་གནའ་དུས་སུ་ཡུལ་དུ་དྲེད་མོང་གི་གནོད་པ་ཆེ་བ་ལ། དེ་ཉིད་གསོད་བྱེད་དུ་ཕྱིང་བུའི་གྲུ་གུ་རྡོག་རྡོག་པོ་ཨབ་མང་པོ་བླངས་པ་ཞིག་བཟོ་ངེས་ཤིང་། དྲེད་མོང་དང་འཐབ་པའི་ཚེ་དེ་ཉིད་སྔོན་ལ་གཡུགས་ནས་གཅན་གཟན་གང་དེའི་སྡེར་མོ་དེ་ལ་ཟུག་པར་བྱས་ནས། སླར་ལེན་མི་ཐུབ་པ་བཟོས་རྗེས་ད་བཟོད་གསོད་པ་ཡིན། ཡང་ཉེར་སྤྱོད་ཀྱི་རིགས་ལ། ཁེབས་ཕྱིང་བྱ་བ་ནི་ཕྱིང་བུ་གྲུ་བཞི་འམ་ནར་མོ་གདན་ལས་ཆུང་བ་ཞིག་སྟེ། དེ་ནི་རྟ་དང་ནོར་གྱི་ཁེབས་བྱེད་སྤྱད་དང་། ཆེ་ཆུང་ ཁེབས་ཕྱིང་དང་འདྲ་བའི་ཞོ་ཕྱིང་ནི་ཞོ་སྙོལ་བྱེད། ཕྱིང་ཁུག་ནི་སྣོད་ཅ་ལག་གྲི་དང་དཀར་ཡོལ་སོགས་དང་ཆོས་སྤྱོད་ཡོ་ཆས་དྲིལ་བུ་དང་ཊ་མ་རུ་སོགས་བསྡུ་ཉར་བྱེད་ཆས་ཀྱང་ཡིན། འདི་དག་ནི་འབྲོག་ཡུལ་གྱི་ཆེས་རྒྱུན་ལྡན་དུ་བཀོལ་གྱིན་པའི་ཕྱིང་པའི་རིགས་ཀྱི་དངོས་པོ་འགའ་ཡིན་ལ། ད་དུང་འདི་དག་ལས་ཀྱང་མང་སྲིད་ནའང་གཞན་དག་ཕྲན་གྱིས་གསལ་ཆ་དོད་པོ་ཞིག་མ་ངེས། དེང་སྐབས་སྤྱི་ཚོགས་ཀྱི་འགྱུར་བ་དང་བསྟུན་ནས་འགྱུར་གྱིན་པ་མ་གཏོགས་ཕྱིང་པ་ནི་ སྔོན་དུས་འབྲོག་པའི་འཚོ་བའི་ཁྲོད་མེད་ཐབས་མེད་ཅིང་དུས་རྒྱུན་གྱི་འཚོ་བ་དང་འབྲེལ་ནས་ཡོད་པས་ཕྱིང་པའི་སྐོར་གྱི་གཏམ་དཔེ་ཡང་གང་མང་ཞིག་ཉིན་རེ་རེའི་འཚོ་བའི་ནང་བཀོལ་གྱིན་པ་སྟེ། དཔེར་ན། ཞྭ་མགོ་རིང་ས་ཆའི་མགོ་ལྟོས་རེད།། མགོ་ཇ་ལྭ་དཔོན་གྱི་སྐུ་སྐལ་རེད།། ལྟ་བུ་དང་ཡང་། ཕྱིང་ངུ་འཇོག་ས་ན།། སྡེར་མོ་ཅན་ལ་སྐལ་མེད།། ཅེས་པ་དང་། ཐག་རིང་སྐད་ཆ་རླུང་རེད།། མགོའི་ཞྭ་དཀར་གྲིབ་མ་མཐའ་རེད།། ལྟ་བུ་དང་ཡང་ལྷས་ནག་གྲུ་བཞིའི་དཀྱིལ་དུ།། ལུག་གཡང་དཀར་ཐང་གང་བསྐོར་ནས།། ཆར་སིལ་མ་རྒྱབ་གང་ཕབ་ཡོད།། ཅི་ཁེད། (བལ་ཕྱིང)ལྟ་བུའི་ཁེད་ཀྱང་ཡོད་དོ།།
དྲུག་པ། མཇུག་གི་བསམ་གཞིགས།
        དེང་གི་དུས་འདིར་མི་རྣམས་སྤྱི་ཚོགས་འཕེལ་རྒྱས་དང་ལྷག་པར་དུ་དངོས་པོའི་ལོངས་སྤྱོད་འཕེལ་རྒྱས་སུ་གཏོང་བར་བློ་རྩིང་པོས་འབད་ཅིང་། སྔར་གྱི་འཚོ་བའི་བརྒྱུད་རིམ་ལས་ཐོན་པའི་དངོས་པོ་དང་ལག་རྩལ། གཞུང་ལུགས་མང་ཤོས་ལ་ནི་རྙིང་རུལ་དང་རྗེས་ལུས་སུ་བལྟས་ཏེ། སྔར་ཡོད་མང་དག་ཅིག་འབོར་དོར་རྨེག་མེད་བྱས་རྗེས། ཤུལ་དུ་གསར་བ་གསར་རྐྱང་གི་ཆོས་ཤིག་འདོན་པ་ནི་ད་གཟོད་འཕེལ་རྒྱས་དང་སྔོན་ཐོན་དུ་འདོད་ཀྱིན་འདུག་མོད། དོན་དམ་དེ་ལྟར་བྱེད་དགོས་ངེས་ཤིག་མིན་པ་ནི་འཛམ་གླིང་ཡུལ་གྲུ་དང་མི་རིགས་གཞན་ལ་དཔེ་བལྟས་པས་རྟོགས་པར་འགྱུར། དེ་དང་མཚུངས་པར་བོད་ཀྱི་དམངས་ཁྲོད་ལག་བཟོའི་སྒྱུ་རྩལ་ཕྱིང་པ་འདི་ཉིད་ཀྱང་རྙིང་བ་ཡིན་པས་མཁོ་མེད་ཡིན་པར་འདོད་པ་ནི་བསམ་རྒྱ་གུ་དོག་པོ་དང་། གནའ་བོས་ལག་ཤེས་ཀྱི་རིན་ཐང་མ་རྟོགས་པ་ལས་ཅི་ཡང་མིན་པས། དེང་རབས་ཀྱི་ལག་རྩལ་སྤྱད་ནས་གནའ་བོའི་ལག་ཤེས་ཇེ་ལེགས་ཇེ་དར་དུ་གཏོང་བར་རིགས་སོ།།
འབྲེལ་ཡོད་འོས་སྦྱོར།