ཧོལ་ཁའི་ཡུལ་གྱི་གནས་རི་མ་འདྲོངས་ཁྱུང་རྫ།
རྩོམ་པ་པོ།:སྒོ་མེ་དཔལ་ཆེན་རྡོ་རྗེ།
ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ།
དུས་ཚོད།:2021-12-10
ཀློག་གྲངས།:

༄༅། །མདོ་སྨད་ཧོལ་ཁའི་ཡུལ་གྱི་གནས་རི་མ་འདྲོངས་ཁྱུང་རྫའི་སྐོར་ཅུང་ཟད་གླེང་བ།
སྒོ་མེ་དཔལ་ཆེན་རྡོ་རྗེ།
ནང་དོན་གནད་བསྡུས། མདོ་སྨད་ཧོལ་ཁའི་ཡུལ་གྱི་གནས་རི་མ་འདྲོངས་ཁྱུང་རྫ་ནི་ཨ་མྱེས་རྨ་རྒྱལ་གྱི་སྤྲུལ་པ་ཡིན་པ་དང་ཡུལ་འདིའི་དཀར་ཕྱོགས་སྐྱོང་བའི་གཞི་བདག་ཅིག་ཡིན། དཔྱད་རྩོམ་འདིར་ཐོག་མར་གནས་རི་འདིའི་བྱུང་བ་བརྗོད་པ་བརྒྱུད་གནས་རིའི་མིང་དེ་དུས་ནམ་ཞིག་ལ་བྱུང་བ་དང་ཅིའི་ཕྱིར་ཐོགས་པ། གཞན་ཆ་བྱད་ཅི་འདྲ་ཡིན་པ་དང་ཡུལ་མིའི་བསྟེན་ཚུལ་སོགས་ལ་དཔྱད་པ་ཅུང་ཙམ་བྱས་ཡོད།
བརྡ་ཆད་གཙོ་བོ། གནས་རི། མ་འདྲོངས་ཁྱུང་རྫ། ཆ་བྱད།
གླེང་གཞི།
སྤྱིར་རང་བྱུང་ཁམས་ལ་དད་མོས་བྱེད་པ་ནི་གདོད་མའི་སྤྱི་ཚོགས་ཀྱི་དུས་སྐབས་ནས་ཡོད་པའི་མིའི་རིགས་སྤྱི་ལ་མངའ་བའི་ཁྱད་ཆོས་ཤིག་ཡིན་ལ། དེ་ལྟ་བུའི་འདུ་ཤེས་ཤིག་གི་བསྐྱེད་འབྲས་ལས་བོད་གངས་ཅན་གྱི་ལྗོངས་ཆེན་པོ་འདི་ལ་མཚོན་ནའང་སྟོད་མངའ་རིས་ནས་སྨད་མདོ་ཁམས་བར་དུ་ཡར་ལྷ་ཤམ་པོ་དང་གཉན་ཆེན་ཐང་ལྷ། རྨ་རྒྱལ་སྦོམ་ར་སོགས་སྲིད་པ་ཆགས་པའི་ལྷ་དགུས་མཚོན་པའི་དད་མོས་མཆོད་བཀུར་བྱེད་ཅིང་། གཞན་མཚོ་དང་ནགས། ཆུ་དང་བྲག་སོགས་ལ་གནས་པའི་མཚོ་ལྷ་དང་ནགས་ལྷ། ཆུ་ལྷ་དང་བྲག་ལྷ་སོགས་རང་རང་གི་དད་སྟོབས་ལས་བཞེངས་པའི་ཡུལ་ལྷ་གཞི་བདག་སོགས་རིགས་མང་དུ་ཡོད། ཡིན་ཡང་དེང་གི་དུས་འདིར་སྔོན་གྱི་གོམས་སྲོལ་སྔར་བཞིན་མ་འགྱུར་བར་རྒྱུན་འཛིན་བྱས་ཡོད་པ་ནི་ཡུལ་ལྷ་དང་གཞི་བདག་ལ་མཆོད་བཀུར་བྱེད་པའི་ལུགས་སྲོལ་འདི་རང་རེད། ང་ཚོས་འདིའི་སྐོར་ལ་དཔྱད་ཞིབ་བྱེད་པ་ནི་མི་རིགས་རང་གི་གནའ་བོའི་དུས་ཀྱི་ཤེས་རིག་དང་ལོ་རྒྱུས། གོམས་སྲོལ་སོགས་ཕྱོགས་གང་ལའང་རྒྱུས་མངའ་བྱེད་པའི་དཔྱད་གཞི་གལ་ཆེན་ཞིག་ཡིན་པས་རིན་ཐང་གཏིང་མཐའ་བྲལ་བ་ཞིག་ཡོད་པར་འདོད། དེར་མ་ཟད་སྐྱེ་ཁམས་ཁོར་ཡུག་དང་རི་ཆུའི་རིག་གནས་བར་གྱི་འབྲེལ་བ་སྔོག་འདོན་བྱས་ཏེ་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་དེ་ཡང་གལ་ཆེ། དེ་ན་དཔྱད་རྩོམ་འདིར་མིག་སྔར་ཉམས་ཞིབ་པ་དག་གི་སྙུག་ཁར་བརྒྱུད་མེད་པའི་མདོ་སྨད་ཧོལ་ཁའི་ཡུལ་གྱི་སྒོ་མེ་གོང་མ་གཙོ་བྱས་དེའི་ཉེ་འཁོར་གྱི་ཡུལ་མི་དག་གིས་མཆོད་བཀུར་བྱེད་བཞིན་པའི་གནས་རི་མ་འདྲོངས་ཁྱུང་རྫའི་སྐོར་ལ་ཅུང་ཟད་དཔྱད་པར་བྱེད་པ་ལ།
དང་པོ། མ་འདྲོངས་ཁྱུང་རྫའི་བྱུང་བར་བརྟག་པ།
སྤྱིར་བོད་པ་རྣམས་ཀྱིས་ཚེ་འདིའི་རྐྱེན་ངན་བར་ཆད་སེལ་བ་དང་དགྲ་བགེགས་མེད་པར་བཟོ་བ། བསྟན་འགྲོའི་འཕྲིན་ལས་རྒྱས་ཤིང་ལོ་ཕྱུགས་ལེགས་པ་སོགས་ཀྱི་ཆེད་དུ་མཆོད་པའི་ཡུལ་ལྷ་གཞི་བདག་ནི། ཐོག་མ་ནས་ཡོད་པ་ཞིག་མ་ཡིན་པར་དེ་ནི་བསང་ཡིག་དང་ངག་རྒྱུན་སོགས་ལ་གཞིགས་ན་ཁོང་རྣམས་ཀྱང་ཐོག་མར་མིའི་ནང་གི་གུས་བཀུར་ཆེ་བ་དང་དམག་དཔོན་མཐུ་བོ་ཆེ་སོགས་ཡིན་པ་ནི་མིང་གི་སྔོན་ལ་ཨ་མྱེས་དང་ཨ་ནེ། ཨ་མ་སོགས་སྦྱོར་སྲོལ་ཡོད་པས་ཤེས་ཐུབ། དེ་ལ་ཆབ་འགག་རྟ་མགྲིན་ལགས་ནས་“སྔོན་ཆད་རང་རང་ས་ཆར་འགྲོ་བ་མིར་དངོས་སུ་སྐྱེས་མྱོང་བའི་ཆོས་ལུགས་པ་དང་། དཔོན་པོ། བློན་པོ། དམག་དཔོན། ཡུལ་ལྷ་གཞི་བདག་ལ་མཆོད་བཀུར་བྱེད་རྒྱུར་དགའ་བའི་འཇིག་རྟེན་རྒན་པོ་དང་། ཡང་ན་ཡུལ་དང་མི་རིགས་གཞན་ལ་སྔོན་ཆད་སྐྱེས་མྱོང་བའི་དམག་དཔོན་མཐུ་བོ་ཆེ་སོགས་ཡིན”(1)ཞེས་རྒྱུ་མཚན་དང་ལྡན་པའི་གསུང་འདི་ལས་ཀྱང་ཤེས་ཐུབ། དེ་ན་འདིར་གླེང་བར་བྱ་བའི་གནས་རི་མ་འདྲོངས་ཁྱུང་རྫ་ནི་འཇའ་མོ་ཏཱ་བླ་མ་སྐུ་ཕྲེང་བདུན་པ་འཇམ་དབྱངས་བློ་བཟང་བསྟན་འཛིན་རྒྱ་མཚོ་ཚང་གི་བསང་མཆོད་དགྲ་ལྷ་དགྱེས་སྐྱེད་ཅེས་པར། “ནག་ཕྱོགས་རྩད་གཅོད་དཀར་ཕྱོགས་སྐྱོང་བའི་གཉེན། །རྨ་རྒྱལ་སྤྲུལ་པ་སྨན་འབྲོང་ཁྱུང་གི་སྲས། །ནོར་བུ་དགྲ་འདུལ་འཁོར་བཅས་གནས་འདིར་བྱོན།།”(2)ཞེས་གསུངས་པ་ལྟར་ཨ་མྱེས་རྨ་ཆེན་གྱི་སྤྲུལ་པ་ཡིན་པར་གསུངས་ལ། ཡང་བསང་མཆོད་དེ་ལས། “སྟོབས་ལྡན་མཁའ་ལྡིང་རྒྱལ་པོའི་གདན་སྟེང་དུ”(3)ཞེས་ཁོང་གི་བཅིབས་རྟ་ནི་མཁའ་ལྡིང་ཁྱུང་ཞིག་ཡིན་པར་གསུངས་པ་ནི་རྨ་རྒྱལ་སྦོམ་རའི་གསོལ་མཆོད་འདོད་པའི་རེ་སྐོང་ནང་ཨ་མྱེས་རྨ་རྒྱལ་གྱི་བཅིབས་པ་དག་འདྲེན་སྐབས་ཀྱང་ཁྱུང་ཡོད་པ་ནི། “འཛུམ་ཆེན་ལྡོང་ཁྲོམ་མཁའ་ལྡིང་ཁྱུང་ལ་བཅིབས། །ཕྱག་ན་གནམ་ལྕགས་ཐོག་གི་མདའ་གཞུ་བསྣམས། །”(4)ཞེས་པ་དང་མཚུངས་པར་འདུག ཡང་ལྕང་སྐྱ་རོལ་བའི་རྡོ་རྗེའི་རྨ་ཆེན་སྦོམ་རའི་གསོལ་མཆོད་བཞུགས་སོ་ཞེས་པའི་ནང་། “རྨ་རིགས་སུམ་བརྒྱ་དྲུག་བཅུའི་ཚོགས་རྣམས་དང་། །སྨན་མོ་ཡིད་འོང་སུམ་བརྒྱ་དྲུག་ཅུ་སོགས། །སྤྲུལ་བ་ཡང་སྤྲུལ་བསམ་གྱིས་མི་ཁྱབ་པས། །”(5)ཞེས་ཨ་མྱེས་རྨ་རྒྱལ་ལ་སྤྲུལ་བ་མང་པོ་ཡོད་པར་གསུངས་པ། རྒྱལ་དབང་ལྔ་པའི་ཨ་མྱེས་རྨ་ཆེན་གྱི་གསོལ་མཆོད་བཞུགས་སོ་ཞེས་པར“ཀྱེེ་ལྷ་ཡི་དགེ་བསྙེན་འབྲོག་གནས་ཆེན་པོ་ཡིས། །རྫུ་འཕྲུལ་ཤུགས་ལྡན་རྟ་མཆོག་དཀར་པོ་ཅིབས། །”(6)ཅེས་དང་བོན་ལུགས་ལྟར་ནའང་ས་མཐོན་པོར་གནས་པའི་བསྟན་སྲུང་དགེ་བསྙེན་ཆེན་པོ་ཞིག་སྟེ། ཞི་རྒྱས་དབང་དྲག་གི་འཕྲིན་ལས་རྣམ་པ་བཞིའི་སྒོ་ནས་བསྟན་པ་སེམས་ཅན་གྱི་འགྲོ་དོན་སྐྱོང་བཞིན་ཡོད་པར་བཤད་པས་(7)མ་འདྲོངས་ཁྱུང་རྫ་ནི་ཨ་མྱེས་རྨ་རྒྱལ་གྱི་སྤྲུལ་པ་ཡིན་པར་བརྗོད་ན་རྒྱབ་རྟེན་གྱི་ལུང་དང་འགལ་བ་མེད་དོ། །
གཉིས་པ། མིང་གི་འབོད་སྟངས་སོགས་ཀྱི་སྐོར།
གནས་རི་འདི་ནི་དེང་གི་སྲིད་འཛིན་སྒྲིག་གཞི་ལྟར་ན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བྲག་དཀར་རྫོང་ཧོལ་ཁ་གྲོང་རྡལ་གྱི་ནུབ་ཕྱོགས་སུ་སྤྱི་ལེ་སུམ་ཅུ་ཙམ་གྱི་མཚམས་སྒོ་མེ་ཁྱུང་སེང་སྡེ་བའི་ས་ཁོངས་ན་ཡོད་པ་དང་། མཐོ་ཚད་ལ་མཚོ་ངོས་ལས་སྨི4924ཡོད་པར་དེ་ནི་དཔལ་ཁའི་རི་རྒྱུད་ལས་ཕལ་ཆེར་མཐོ་ཤོས་ལྟ་བུར་ཆགས་ཡོད། དེ་ན་གནས་རི་འདིའི་མིང་གི་ཐོགས་སྟངས་ལ་ངག་རྒྱུན་དང་ཡིག་ཆའི་ནང་མི་འདྲ་བར་བྱུང་བ་ནི། ཡུལ་མི་རྣམས་ཀྱིས་མ་འདྲོངས་དང་སྨན་ལྗོངས། སྨན་འབྲོང་ཞེས་འབོད་སྲོལ་ཡོད་ཀྱང་། མ་འདྲོངས་ལྟར་འབྲི་སྲོལ་དེ་«བོད་ཆེན་འཛིན་མའི་བསང་མཆོད་»ཅེས་པར་འབྱུང་། དེ་ནི་ངག་རྒྱུན་ལྟར་ན་སྔོན་ཆད་དུག་སྦྲུལ་ཞིག་འོང་ནས་སེམས་ཅན་ལ་གནོད་འཚེ་བྱེད་སྐབས་བྱ་རྒྱལ་ཁྱུང་ཞིག་དུག་སྦྲུལ་དེ་འདུལ་དུ་མ་འདྲོངས་ཁྱུང་རྫའི་མགོར་བབས་པར་རི་བོས་མ་ཐེག་པས་མ་འགྲེང་ཞེས་དང་། ཡང་སྔོན་ཆད་ཡུལ་འདིར་ཡུལ་གཞན་ལས་རྩྭ་ཆུ་འཛོམས་པ་དང་འདབ་ཆགས་རི་དྭགས་གཅན་གཟན་སོགས་བག་ཡངས་ཀྱིས་རྒྱུ་བ། རང་བྱུང་སྔོ་སྨན་གྱི་རིགས་དབྱར་རྩྭ་དགུན་འབུ་དང་བྱ་རྒོད་སུག་ག་སོགས་མང་དུ་ཡོད་པའི་རྒྱུ་མཚན་གྱིས་བཏགས་པ་བཅས་བཤད་སྲོལ་མི་འདྲ་བ་བྱུང་ཡོད་པར་དེ་ནི་ཁུངས་ལུང་མེད་པའི་ངག་རྒྱུན་ཙམ་ལས་ཡིད་རྟོན་འཕེར་བ་ཞིག་མ་ཡིན། ཡིན་ཡང་ཁུངས་ཐུབ་ཡིག་ཆ་དག་ལས་ངག་རྒྱུན་དེ་དག་བྱུང་མེད་ན་ཡང་འདབ་ཆགས་ཁྱུང་མིང་སྦྱར་ནས་འབོད་སྲོལ་ཡོད་དེ། རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ་མཆོག་ཆིན་གོང་མས་པེ་ཅིན་དུ་གདན་འདྲེན་སྐབས་ཕེབས་ལམ་གྱི་གནས་ཚུལ་དག་རང་རྣམ་དུ་བྲིས་གནང་མཛད་པའི་ནང་། ཨབ་ཕྱི་དུ་ཐང་ནས་ལྡོང་ར་མཚོ་ནག་དང་བེའུ་དུག་མཚོ་གཉིས་ཀྱི་འགྲམ་བརྒྱུད་ཧང་ངེ་གཞུང་ལ་འབྱོར་བར་བྲིས་ཡོད། དེ་ནས་“ཧང་ངེ་གཞུང་ལས་ཁྱུང་ཐོད་དང་ཉེ་བར་ཨ་རིག་སྟོད་པ་བརྒྱ་སྐོར་གྱིས་རྟ་སུམ་ཅུ་ཙམ་བསྟར”(8)ཞེས་བྱུང་བའི་ཁྱུང་ཐོད་ཅེས་པ་ནི་གནས་རི་སྨན་འབྲོང་ཁྱུང་རྫར་གོ་ན་མི་འགྲིག་པ་མེད་དེ། གཅིག་ནས་ཁྱུང་རྫའི་ལྷོ་ཕྱོགས་སུ་ཧང་ངེ་གཞུང་ཡོད་པའི་ས་མཚམས་ཕན་ཚུན་འབྲེལ་ཡོད་པ། གཉིས་ནས་ཡུལ་ཕྱོགས་འདིར་ཁྱུང་མིང་སྦྱར་བའི་ས་མིང་གཞན་མེད་པས་སོ། །དེ་ན་རི་འདིར་སྔོན་དུས་རབས་བཅུ་དྲུག་བཅུ་བདུན་སྐབས་ནས་ཁྱུང་མིང་སྦྱར་ནས་འབོད་སྲོལ་ཡོད་པ་དང་རྗེས་ཀྱི་ངག་རྒྱུན་དག་ནི་ཡུལ་མི་རྣམས་ཀྱིས་ཆེ་བཀུར་དང་བསྟོད་པའི་དོད་དུ་སྦྱར་བར་འདོད། དུས་རྒྱུན་ཡུལ་མི་རྣམས་ཀྱིས་མ་འགྲེང་ཁྱུང་རྫ་ལྟར་ཡུལ་སྐད་ཀྱིས་འབོད་ལ་དེ་ནི་གནས་རི་ཡོད་སའི་ཡུལ་ལ་མ་འགྲེང་ཟེར་བ་དང་གནས་རི་ལ་ཁྱུང་རྫ་ཞེས་འབོད། དེ་བཞིན་དུ“བོད་ཀྱི་ས་ཆ་ཕལ་ཆེར་ན་རི་མང་པོ་ཞིག་ལ་ཡུལ་ལྷ་གཞི་བདག་གི་མིང་གིས་འབོད་ཅིང་། ལབ་བསྟོད་དང་བསང་གཏོང་བྱེད་ཀྱིན་ཡོད།”(9)ཅེས་པ་ལྟར་དེང་དུས་ཡུལ་མི་ཚང་མས་རིའི་མིང་དེ་ཡུལ་གྱི་མིང་དུ་བཏགས་ནས་ཡུལ་ལུང་དེ་ལ་མ་འདྲོངས་ཞེས་འབོད་བཞིན་ཡོད་དོ། །

གསུམ་པ། གནས་རི་མ་འདྲོངས་ཁྱུང་རྫའི་ཆ་བྱད་སྐོར།
ང་ཚོས་ནམ་རྒྱུན་མཐོང་ཐུབ་པའི་ཡུལ་ལྷ་གཞི་བདག་གི་བྱེ་བྲག་པའི་ཆ་བྱད་ལ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་གི་རིགས་དང་འདྲ་ལ། ཞིབ་པར་ཞི་བ་དང་ཁྲོ་བོ། ཞི་མ་ཁྲོ་སོགས་རིགས་མང་དུ་ཡོད་པ་དང་། དེ་དག་ལ་བྲིས་ཐང་དང་གོས་ཐང་། གྱན་ཐང་སོགས་ཡོད་པ་ལས་གཞན་འབག་སྐུའི་རྣམ་པས་བཞེངས་པ་ཡང་ཡོད། གཞི་བདག་གང་ཞིག་ཡིན་རུང་ཚང་མར་རང་རང་གི་ཁྱད་གཤིས་མངོན་པར་གསལ་བའི་ཁྱད་ཆོས་རེ་ཡོད་དེ། བཅིབས་རྟ་དང་ཕྱག་མཚན། ཁྲབ་རྨོག་འཁོར་གསུམ་སོགས་མཆིས། དེ་ན་འདིར་གླེང་བར་བྱ་བའི་དཀར་ཕྱོགས་སྐྱོང་བའི་གནས་རི་མ་འདྲོངས་ཁྱུང་རྫའི་ཆ་བྱད་ལ། འབྲོང་ལ་བཅིབས་པའི་བྲིས་ཐང་ཞིག་དང་ཁྱུང་ལ་བཅིབས་པའི་བྲིས་ཐང་གཉིས་ཡོད་པར་བཤད་ཀྱང་མིག་སྔར་བཅིབས་པ་འབྲོང་ཅན་དེ་ལག་སོན་མ་བྱུང་། དེས་ན་གཤམ་དུ་འབྲེལ་ཡོད་བསང་ཡིག་དང་བྲིས་ཐང་ལ་ཁུངས་བཅོལ་ནས་ཅུང་ཟད་གླེང་བར་བྱ་སྟེ། གནས་རི་མ་འདྲོངས་ཁྱུང་རྫའི་ཆ་བྱད་ནི་འབྲེལ་ཡོད་བསང་ཡིག་ལས། “སྟོབས་ལྡན་མཁའ་ལྡིང་རྒྱལ་པོའི་གདན་སྟེང་དུ། །དགེ་བསྙེན་ཚུལ་འཛིན་ཕྱག་གཡས་རྡོ་རྗེ་འཕྱར། །གཡོན་པས་གསེར་གྱི་བགྲང་ཕྲེང་ཐུགས་ཀར་འཛིན། །”(10)ཞེས་འབྱུང་བ་ལྟར། མཁའ་ལྡིང་ཁྱུང་ལ་བཅིབས་ཤིང་དགེ་བསྙེན་གྱི་ཆ་བྱད་འཛིན་པ་ཕྱག་གཡས་པར་རྡོ་རྗེ་འཕྱར་བ། ཕྱག་གཡོན་པར་གསེར་གྱི་ཕྲེང་བ་ཐུགས་ཀར་འཛིན་པ་ཞིག་ཡིན་པ་གསལ་བོ་རྟོགས་ནུས་ལ། གཞན“ཀྱེ། རབ་བརྗིད་ས་འཛིན་མཐོན་པོའི་གནས་མཆོག་ནས། །དགེ་བསྙེན་སྨན་འབྲང་ཡུམ་སྲས་བློན་འཁོར་བཅས། ། བསང་གསུར་སྐྱེམས་ཕུད་འདོད་ཡོན་རྒྱ་མཚོ་འདི། །དགྱེས་བཞེས་བདག་སོགས་ཁ་མགོན་གདོང་གྲོགས་མཛོད། །”(11)ཅེས་དགེ་བསྙེན་གྱི་ཆ་ལུགས་འཛིན་པ་ཞིག་དང་། དཀར་ཕྱོགས་སྐྱོང་བའི་གཞི་བདག་སྟེ“དགྲ་དཔུང་ཚར་གཅོད་བགེགས་དཔུང་ཕྱེ་མར་འཐོགས། ། ནག་ཕྱོགས་ཀུན་ཆོམས་དཀར་ཕྱོགས་དབུ་འཕང་བསྟོད། །སངས་རྒྱས་བསྟན་སྲུང་འགྲོ་བའི་བདེ་སྐྱིད་སྤེལ། །མི་མཐུན་ཀུན་ཞིག་མཐུན་པའི་དངོས་གྲུབ་སྩོལ། །”(12)ཞེས་འབྱུང་བ་ལྟར་གསལ་བོར་ཤེས་ཐུབ།
བཞི་པ། ཡུལ་མིའི་བསྟེན་ཚུལ་གྱི་སྐོར།
གནས་རི་འདི་ལ་བཀུར་བསྟི་དང་མཆོད་བསྟོད་བྱེད་མཁན་ནི་ཡུལ་ཧོལ་ཁའི་སྒོ་མེ་ཚོ་བ་གཙོ་བྱས་ཚོ་བ་གཞན་འགའ་རེ་ཡང་ཡོད། ནམ་རྒྱུན་བོད་ཀྱི་སྲོལ་རྒྱུན་ལྟར་གནམ་ལོ་གསར་ཚེས་དང་ཉིན་བཟང་དུས་བཟང་། སྤྲོ་ཚོགས། དུས་ཆེན་སོགས་ལ་བསང་མཆོད་བྱེད་པ་ཕུད། འཇའ་མོ་ཏཱ་བླ་མ་སྐུ་ཕྲེང་བདུན་པ་འཇམ་དབྱངས་བློ་བཟང་བསྟན་འཛིན་རྒྱ་མཚོ་མཆོག་གི་ཐུགས་བཀོད་ལྟར་སྤྱི་ལོ༢༠༡༠ལོའི་ཧོར་ཟླ༦པའི་ཚེས༧ཉིན། ཁོང་གིས་ལབ་ཙེ་འདི་བསྟོད་གནང་མཛད་ཅིང་། དེ་ནས་བཟུང་ལོ་རེའི་ཉིན་དེ་ལ་ཁྱུང་རྫའི་ལབ་ཙེ་བསྟོད་པའི་སྲོལ་ཡང་བཙུགས་སོ། །ལྷག་པར་བསང་མཆོད་སོགས་བྱེད་སྐབས་དམར་ཟས་ཀྱི་མཆོད་པ་གཏན་ནས་བྱེད་སྲོལ་མེད་པར་“གཡུ་ཤུག་མཁན་དཀར་བ་ལུ་ལ་སོགས་པའི། །བདུད་རྩི་ཅན་གྱི་ཤིང་གི་དུ་བའི་བསང་། །ཕྱེ་མར་ཇ་ཆང་འོ་ཞོ་ཕུད་མཆོད་དང་། །”(13)ཞེས་པ་ལྟར་དཀར་ཟས་དང་ཤིང་རིགས་སྣ་མང་། སྨན་སྤོས་སྣ་ཚོགས་ཀྱིས་མཆོད་ཅིང་བསངས་བཞིན་ཡོད་དོ། །ལབ་ཙེ་བསྟད་རྗེས་ལ་ལས་གཏེར་སྦ་བར་བྱེད་ལ་སྤྱིར་གནས་རི་འདི་ལ་གཏེར་བསྔོས་སྐོར་གྱི་ཡིག་ཆ་ལག་སོན་མ་བྱུང་མོད། ཨ་མྱེས་རྨ་ཆེན་ལ་སྔོན་བྱོན་བླ་མ་མཁས་གྲུབ་རྣམས་ཀྱིས་མཛད་པ་གཏེར་བསྔོས་སོགས་མང་དུ་ཡོད་ན་གནས་རི་འདིར་ཡང་གཏེར་སོགས་སྦས་ན་བྱིན་རླབས་ལྡན་པ་སྨྲས་མ་དགོས། གཞན་ཡུལ་ལྷར་མཆོད་བསྟོད་བྱེད་སྐབས་ལྷན་གཅིག་འཛོམས་ནས་གླུ་ལེན་གར་རྩེད་དང་རྟ་རྒྱུགས་སོགས་ཀྱིས་མང་ཚོགས་ཀྱི་བསམ་བློའི་ཆུ་ཚད་དང་རིག་གནས་ཀྱི་འདུ་ཤེས་མཐོར་འདེགས། མཐུན་སྒྲིལ་གྱི་ཨ་ལོང་ཇེ་དོམ་དུ་གཏོང་བར་ནུས་པ་ཐོན་བཞིན་ཡོད། གཞན་འཇའ་མོ་ཏཱ་བླ་མ་སྐུ་ཕྲེང་བདུན་པ་འཇམ་དབྱངས་བློ་བཟང་བསྟན་འཛིན་རྒྱ་མཚོ་མཆོག་གིས་ཀྱང་གནས་རི་མ་འདྲོངས་ཁྱུང་རྫའི་མདུན་ཕྱོགས་སུ། སྨུག་པོ་སྤུན་གསུམ་ཟེར་བའི་ནང་ཚན་གྱི་ཁྱུང་སྲས་ནོར་བུ་དགྲ་འདུལ་གྱི་མདུན་ངོས་སུ། གཏེར་གནས་ཡག་པོ་ཞིག་ལ་ཞལ་གཟིགས་མཛད་ཡོད་པར་མ་ཟད་སྒྲོལ་མའི་ལྷ་ཁང་ཞིག་བཞེངས་ཡོད་སྐད། འདིར་གླེང་བའི་ཁྱུང་སྲས་ནོར་བུ་དགྲ་འདུལ་ནི་མ་འདྲོངས་ཁྱུང་རྫའི་སྲས་ཡིན་པ་སྔ་འགྱུར་གྲུབ་དབང་རྒྱལ་བ་རྫོགས་ཆེན་པ་སྐུ་ཕྲེང་བཞི་བ་མི་འགྱུར་ནམ་མཁའ་རྡོ་རྗེས་གསུངས་པར་གྲགས་པའི་མ་འདྲོངས་ཁྱུང་རྫའི་བསང་མཆོད་དུ་བཞུགས་ཡོད་པར་གྲགས།
མདོར་ན་རི་ཆུའི་རིག་གནས་ནི་གདོད་མའི་མི་རྣམས་ཀྱིས་རང་བྱུང་ཁམས་ལ་བཟུང་བའི་འདུ་ཤེས་ཀྱིས་བསྐྱེད་པའི་ངོས་འཛིན་ཞིག་སྟེ། གདོད་མའི་མི་རྣམས་ལ་མཚོན་ན་ཚན་རིག་གི་འདུ་ཤེས་ཧ་ཅང་ཞན་པའམ་མེད་པས། ནམ་རྒྱུན་གློག་འཁྱུག་པ་དང་འབྲུག་ལྡིར་བ། མུ་གེ གཅན་གཟན་སོགས་ཀྱིས་མི་རྣམས་ཀྱི་འཚོ་སྡོད་དང་ཚེ་སྲོག་ལ་འཇིགས་སྣང་ཆེན་པོ་བཟོས་དང་བཟོ་བཞིན་པ་འདི་དག་ནི་རང་བྱུང་ཁམས་ལ་གནས་པའི་ལྷ་ཀླུ་གཉན་གསུམ་སོགས་གང་རུང་ཞིག་མ་དགའ་བར་བཟོས་པ་ཞིག་དང་རང་རང་གི་ལས་དབང་ཡིན་པར་ངོས་འཛིན་བྱེད་ཀྱིན་ཡོད་པ་རེད། དེའི་རྐྱེན་གྱིས་ཡུལ་ལྷ་གཞི་བདག་སོགས་ལ་ནམ་རྒྱུན་མཆོད་བཀུར་བྱེད་པ་དང་སྦྲགས་ལྷ་སྒྲུང་སྙན་མོ་དང་ལྷ་གསོལ་བསང་མཆོད་སྣ་ཚོགས་བྱུང་བ། རང་བྱུང་ཁམས་ལ་གཅེས་སྤྲོས་བྱེད་པའི་བསམ་བློ་བཅས་ལ་འབྲེལ་བ་ངེས་ཅན་འདུག དེ་བས་ང་ཚོས་ཡུལ་ལྷ་གཞི་བདག་སོགས་ལ་དཔྱད་ཞིབ་བགྱིས་ཏེ་སྔོན་གྱི་ལོ་རྒྱུས་དང་རིག་གནས། གོམས་སྲོལ་སོགས་ཕྱོགས་གང་ལའང་རྒྱུས་མངའ་བྱེད་དགོས་པ་མ་ཟད། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་འདུ་ཤེས་ཆགས་སུ་འཇུག་པ། གཞན་སྐྱེ་ཁམས་ཁོར་ཡུག་དང་རི་ཆུའི་རིག་གནས་བར་གྱི་འབྲེལ་བར་རྒྱུས་མངའ་ཡོད་པར་བྱེད་རྒྱུའང་གལ་ཆེན་པོ་རེད་དོ། །
ཟུར་ལྟའི་ཡིག་ཆ།
(1) ཆབ་འགག་རྟ་མགྲིན་གྱི་ཆེད་རྩོམ་ཕྱོགས་བསྒྲིགས།(སྟོད་ཆ།) ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༡༨ལོ། ཤོག་ངོས༡༧༥
(2)(3)(10)(12) མཚོ་བོད་མཐོ་སྒང་གི་རི་ཆུའི་རིག་གནས།(མཚོ་ལྷོའི་གླེགས་བམ།) ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༡༦ལོ། ཤོག་ངོས༦༠༦ ཤོག་ངོས༦༠༦ ཤོག་ངོས༦༠༦ ཤོག་ངོས༦༠༦
(4) བསང་མཆོད་བཀྲ་ཤིས་འཁྱིལ་བ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༣ལོ། ཤོག་ངོས༨༥
(5) སྒུ་རུ་བཀྲ་ཤིས་དོན་གྲུབ། རྨ་རྒྱལ་དཔང་བསྟོད། མི་རིགས་དཔེ་སྐྲུན་ཁང་། ༢༠༡༦ལོ། ཤོག་ངོས༣༡༡
(6) ལྕམ་རིག་སྲས་ཀྱིས་རྩོམ་སྒྲིག་བྱས། ཡུལ་མདོ་སྨད་ཀྱི་སྲིད་པའི་ཡུལ་ལྷ་གཞི་བདག་གི་བྱུང་བ་བརྗོད་པའི་དེབ་ཐེར་ཁྲ་བོ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༤ལོ། ཤོག་ངོས༢༩༣
(7) མཚོ་བོད་མཐོ་སྒང་གི་རི་ཆུའི་རིག་གནས།(མགོ་ལོག་གླེགས་བམ།སྨད་ཆ།) ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༡༨ལོ། ཤོག་ངོས༡༠༢༡
(8) ངག་དབང་བློ་བཟང་རྒྱ་མཚོ། རྒྱལ་དབང་ལྔ་པ་བག་དབང་བློ་བཟང་རྒྱ་མཚོའི་རྣམ་ཐར་དུ་ཀཱུ་ལའི་གོས་བཟང་།(གླེགས་བམ་དང་པོ།) བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༢ལོ། ཤོག་ངོས༣༢༦
(9) མུན་འཇོམས་ནོར་བུའི་ཕྲེང་བ། མི་རིགས་དཔེ་སྐྲུན་ཁང་། ༡༩༩༦ལོ། ཤོག་ངོས༢༩༩
(11) སྤྲུལ་འཇམ་དབྱངས་ཐོགས་མེད་རྒྱ་མཚོ་ཚང་གིས་མཛད་པའི་བསང་ཡིག་དགེ་བསྙེན་ཆེན་པོ་སྨན་འབྲང་ཁྱུང་རྫའི་བསང་མཆོད་ཕྲིན་ལས་མྱུར་འགྲུབ་བཞུགས།། དམངས་ཁྲོད་ལག་བྲིས་མ།
(13) མཁན་ཆེན་ཚེ་དབང་རིག་འཛིན། རྒྱལ་པོ་གོ་ཆེན་གྱི་བསང་མཆོད་བཞུགས་སོ།། དམངས་ཁྲོད་ལག་བྲིས་སྣ་ཐུང་མ།
འབྲེལ་ཡོད་འོས་སྦྱོར།