༄༅། །ཧང་ངེའི་ཨ་མྱེས་བསྟན་སྐྱོང་ལབ་ཙེའི་རིག་གནས་བྱུང་འཕེལ་དང་ད་ལྟའི་གནས་བབ།
རྩོམ་པ་པོ།:སངས་རྒྱས་རྒྱལ།
ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ།
དུས་ཚོད།:2022-01-17
ཀློག་གྲངས།:
༄༅། །ཧང་ངེའི་ཨ་མྱེས་བསྟན་སྐྱོང་ལབ་ཙེའི་རིག་གནས་བྱུང་འཕེལ་དང་ད་ལྟའི་གནས་བབ།
སངས་རྒྱས་རྒྱལ།
ནང་དོན་གནད་བསྡུས། འདིར་ཕ་ཡུལ་ཧང་ངེ་ལྷ་སྡེའི་མཆོད་ཡུལ་དུ་གྱུར་བའི་གཞི་བདག་ཨ་མྱེས་བསྟན་སྐྱོང་གི་ལབ་ཙེའི་ཐོག་མའི་མཆེད་ཁུངས་དང་བསྟན་སྐྱོང་ཞེས་པའི་མིང་ཐོགས་ཚུལ།ཧང་ངེ་ལྷ་སྡེའི་ཁུ་ཐུལ་རི་རྩེ་རུ་བཞུགས་པའི་བསྟན་སྐྱོང་ལབ་ཙེ་བསྟད་ཚུལ་དང་བསྟོད་མཁན་གྱི་ཡུལ་སྡེ་ཕྲ་མོ།བསྟན་སྐྱོང་ལབ་ཙེའི་བསང་ཡིག་འཚོལ་བསྡུ་བྱུང་བ་དག་ངོ་སྤྲོད་ནུས་ཚོད་ཅིག་བཀོད་ཡོད་དེ། དེ་ཡང་རང་བློས་ཤེས་ཚོད་ཙམ་ལ་བློ་མ་ཁེན་པར་ཕ་ཡུལ་གྱི་རྒན་པ་དང་ཤེས་ལྡན་པའི་སྡེ་ལ་བཅར་འདྲི་སོགས་བྱས་པ་བརྒྱུད་དེ་རོབ་ཙམ་གླེང་བར་བྱའོ། །བརྡ་ཆད་གཙོ་བོ། ཨ་མྱེས་བསྟན་སྐྱོང་། ལབ་ཙེ། བསང་ཡིག
དང་བོ། གཞི་བདག་འདིའི་ཐོག་མའི་མཆེད་ཁོངས་དང་བསྟན་སྐྱོང་ཞེས་པའི་མིང་ཐོགས་ཚུལ།
གཉིས་པ། ད་ལྟའི་ཧང་ང་ལྷ་སྡེའི་རུ་གདན་ཞུས་པའི་གཞི་བདག་བསྟན་སྐྱོང་དང་ལབ་ཙེ།
ད་ལྟ་རང་ས་ཧང་ངེ་རུ་བཞུགས་པའི་གཞི་བདག་བསྟན་སྐྱོང་ནི་སྐུ་ཕྱོགས་རྒྱ་ལི་ཚང་[4]གིས་མཛད་པའི་བསངས་དཔེ་རུ། མཐུ་ལྡན་བསྲུང་མ་གཉན་པོ་བསྟན་སྐྱོང་ནི། །སྐུ་མདོག་དམར་སྨུག་ཞལ་གཅིག་ཕྱག་གཉིས་པ། །དབུ་སྐྲ་གྱེན་བརྫེས་སྤྱན་གཉིས་དགྲ་ལ་གཟུགས། །ཕྱག་གཡས་གནམ་ལྕགས་ཐོ་ཆེན་མཁའ་ལ་ཕྱར། །སྡང་བའི་བསྟན་དགྲ་མ་ལུས་ཆེམས་ལ་འབེབས། །གཡོན་པས་དགོས་འདོད་ནོར་བུ་འབར་བ་བསྣམ། །འཇིག་རྟེན་སྐྱེ་དགུའི་དབུལ་ཕུང་དབྱིངས་སུ་སེལ། །དམར་ལྗང་བེར་ཆེན་གོས་ཀྱིས་སྐུ་ལ་བརྒྱན། །ཁམས་གསུམ་འགྲོ་བློའི་སྣང་སེམས་དབང་དུ་སྡུད། །ཞབས་གཉིས་འགྱིང་སྟབས་གཡག་རྒོད་ངང་སེར་ཆིབས། །ཚེ་དཔལ་ཡོན་ཏན་རྒྱས་ལ་མངའ་དབང་བསྒྱུར། །སྔོན་བསྟེན་སྐྱེས་ལྷ་གཉན་པོར་དམ་བཅའ་བའི། །[5]ཞེས་གསུང་བ་བཞིན་སྐུའི་བཀོད་པ་དང་ཁྱད་ཆོས།ཆ་བྱེད་སོགས་གསུང་འདི་ལས་རེ་རེ་བཞིན་ཧ་ཅང་གསལ་བས་ཇེ་ཞིབ་ཏུ་གཏོང་མི་དགོས་ལ། སྤྱི་ལོ་ཉིས་སྟོང་བཅུ་ལོའི་ཟླ་བདུན་པའི་ཚེས་དྲུག་ཉིན་ལྷ་སྡེ་དང་དཔལ་ཁའི་བར་དུ་ཡོད་པའི་རི་རྒྱུད་ཀྱི་ཁུ་ཐུལ་[6]རི་རྩེ་རུ་བླ་མ་བསོད་ཆོས་ཚང་[7]གི་དགོངས་པ་དང་། སྐུ་ཕྱོགས་རྒྱ་ལི་བློ་བཟང་འཕྲིན་ལས་བཤད་སྒྲུབ་བསྟན་དར་ཚང་། སྔགས་འཆང་འཇམ་དཔལ་རལ་གྲི་ཚང[8]རྣམ་པ་གཉིས་ཀྱིས་ཡུལ་འདིར་ཞུས་ཏེ་གནས་འདིའི་དགའ་བདེའི་ལོངས་སྤྱོད་ཅིང་བསོད་ནམས་ཀྱི་དཔལ་འབར་ཆེད་བསྟད་པ་ཡིན། ལབ་ཙེ་དེའི་ཐད་དང་ཞེང་ལ་སྨི་དྲུག་རེ་ཡོད། བསང་ཁྲིའི་ཐད་ཞེང་ལ་སྨི་ལྔ་ནས་དྲུག་བར་ཡོད། བསངས་ཁྲི་རྡོ་གཡའ་མ་སོགས་དབྱིབས་ལེབ་མོ་ཅན་དག་ངོས་མཉམ་པོར་བསྒྲིགས་ཏེ་བརྩིགས་པ་ཡིན། ལབ་ཙེ་ཆེ་བ་འདི་དང་ཆུང་བ་བཅུ་གཉིས་བཅས་ཁྱོན་ལབ་ཙེ་མ་བུ་བཅུ་གསུམ་འཛོམས་ཏེ་བཙུགས་ཤིང་། ལབ་ཙེ་འདིའི་སྲོག་རྟེན་གཙོ་བོ་ཤིང་མདའ་དང་རྩེ་བརྒྱ། དེ་ལས་མདའ་ཤིང་ཕལ་ཆེར་ཤིང་སྒྲོ་ཅན་ཡིན་ལ། སྒྲོ་སྟེང་ཐམས་ཅད་དར་ཚོན་སྣ་ལྔས་རྩི་བྱུགས་ཡོད། མ་ཟད་མདུང་། གྲི། བོའུ། རིན་པོ་ཆེ་གཡུ་བྱུར་སྣ་ཚོགས་པ་མང་བོ་དཀྱིལ་སྙིང་དུ་བཞག་ཅིང་། རིན་ཐང་མི་གཅིག་པའི་གོས་དང་ཁ་དོག་མི་འདྲ་བའི་རྨུ་ཐག་མང་བོས་མཐའ་རྒྱན་ཏེ་བཙུགས་པ་ཞིག་ཡིན་ནོ། །
གསུམ་པ། ལོ་རེའི་ཨ་མྱེས་བསྟན་སྐྱོང་གི་ལབ་ཙེ་བསྟོད་པའི་ཆོ་ག
སྤྱི་ལོ་ཉིས་སྟོང་བཅུ་ལོའི་ཟླ་བདུན་པའི་ཚེས་དྲུག་ཉིན་བསྟན་སྐྱོང་ལབ་ཙེ་ཧང་ང་ས་ཆར་དབུ་བརྙེས་པར་བརྟེན་ལོ་རེའི་ཟླ་བདུན་པའི་ཚེས་དྲུག་ཉིན་ཡུལ་ལྷ་སྡེ་དང་ཨ་ཚོགས་མི་སྡེ་ཡོངས་ནས་བསྟན་སྐྱོང་ལབ་ཙེ་བསྟོད་པའི་ཉིན་མོ་གཏན་ཁེལ་བྱས་ཤིང་། ལོ་དེར་ཐོག་དང་བོར་གཞི་བདག་འདི་ཉིད་ཡུལ་འདིར་གདན་ཞུས་པ་རེད།ལབ་ཙེ་བསྟོད་ཉིན་རང་ཉིད་ཀྱང་ཡུལ་དངོས་དེར་ཡོད་ཅིང་། ཉིན་དེའི་གནམ་གཤིས་གཡའ་དག་ཅིང་བསིལ་རླུང་འཇམ་པོ་བར་བར་དུ་ལྡང་བའི་ཉིན་མོ་ཞིག་རེད། གཞི་བདག་འདི་སྟོད་མཁན་གྱི་ཡུལ་སྡེ་ནི་གཞི་བདག་འདི་ཉིད་ཡུལ་འདིར་ཐོག་མར་གདན་ཞུས་མཁན་སྐུ་ཕྱོགས་རྒྱ་ལི་ཚང་དང་སྔགས་འཆང་འཇམ་དཔལ་ཚང་རྣམ་པ་གཉིས་ཀྱིས་ཨ་ཚོགས་ལྷ་སྡེ་སྤྱིའི་མི་ཕྱུག་འཕེལ་ཁ་དར་བ་དང་། ནད་མེད་འཁྲུག་རྩོད་ཞི་བ།གདོན་འདྲེ་བདུད་གསུམ་གྱི་བར་ཆད་བསལ་བ་སོགས་ཀྱི་དགེ་བར་དམིགས་པ་བཞིན། དུས་དེ་ནས་བཟུང་སྤྱིར་ལྷ་སྡེ་ཚོ་བརྒྱད་དུ་གྲགས་པ་སྟེ། ཤྭངས། གོང་བ། ཨ་ཚོགས། ཕྱོར་གཙང་། མི་ཉག བྲ་ཚ། གཡོན་རུ། དཔོན་ཚང་། བཅས་ལས་ད་ལྟ་ཡུལ་ཧང་ང་གསེར་གཞུང་དུ་འཚོ་ཞིང་གནས་པ་ཡོངས་ཀྱིས་ལོ་རེའི་དུས་ཆད་ལྟར་གཞི་བདག་འདི་མཆོད་བཀུར་དང་འདིའི་ལབ་ཙེ་བསྟོད་པ་ཡིན་ནོ། །ལོ་རེའི་ལབ་ཙེ་བསྟོད་ལུགས་ཀྱང་བོད་ཡུལ་བྱིངས་དང་མཐུན་ལུགས་ཡོད་ལ། ཉིན་དེར་ལབ་ཙེ་སྟོད་མཁན་ཚོས་ནངས་སྔ་མོ་ནས་ཡར་ལངས་ཏེ་ཁ་ལག་གཙང་མ་བཀྲུ་ཞིང་། བསང་རྫས། (དེ་ལ་ཀ་ར་སིལ་ཏོག་སོགས་རྫས་སྣ་མང་བོ་འཛོམས་ཡོད།) དར་ལྕོག རླུང་རྟ། དམུ་ཐག་སོགས་ཁྱེར་ཏེ་འགྲོ་བ་ཡིན་ཞིང་། ལབ་ཙེ་བསྟོད་སྐབས་ལོ་སྔོན་མ་ནས་ཉིན་དེའི་བར་དུ་ལབ་ཙེའི་དར་ཤིང་དང་། མཐའ་རྒྱན་གྱི་གོས་དར་དང་དམུ་ཐག དར་ལྕོག་སད་པོ་དང་དར་ཐིག་ཆད་པ་སོགས་ཆག་རུལ་དང་གཏོར་ཞིག་ཏུ་གྱུར་བ་མཐའ་དག་སྤུས་དག་པའི་སྒོ་ནས་སླར་གསོ་བྱེད་པར་མ་ཟད། བསང་ཕུད་དང་དུང་འབུད་བྱེད་པ། ཀི་ཀི་བསོ་བསོའི་ལྷ་རྒྱལ་འཐེན་ཞོར་རླུང་རྟ་སྤུར་བ། རང་ལ་དད་འདུན་ཡོད་པའི་གཞི་བདག་བསྟན་སྐྱོང་གཙོ་བྱས་པའི་ས་འདིའི་ས་བདག་ཡུལ་ལྷ་གཞི་བདག་མ་ལུས་པར་གསོལ་བ་བཏབ་སྟེ་མི་ལ་ནད་ཚ་མེད་ཅིང་ཕྱུགས་ལ་གོད་ཁ་མེད་པ། ཆར་ཆུ་དུས་སུ་འབབ་ཅིང་ལོ་ལེགས་རྟག་ཏུ་འཁྲུངས་བ། བསམ་ངན་ཅན་གྱི་འདོད་བློ་མི་སྐོང་ཞིང་། འཕྱ་སྨོད་མཁན་ཚོས་ཁ་མཆུ་མི་ཕོགས་པ། དགྲ་འགོག་གཉེན་སྐྱོང་། མདོར་ན་མི་ཕྱུགས་ཐམས་ཅད་དགའ་བདེ་དཔལ་གྱིས་ཕྱུག་པའི་རེ་བཅོལ་གཙང་མ་སྤྱི་གཙུག་མགྲིན་པ་སྙིང་གའི་མཚམས་སྦྱར་ཏེ་དད་འདུན་སྟོང་གིས་སྐྱབས་འཇུག་དང་སྨོན་ལམ་འདེབས་ཤིང་། ཉིན་དེར་རང་རང་གི་སྒོ་ཕྱུགས་སུ་གྱུར་བའི་གྱི་ལིང་རྟ་མཆོག་གི་རིགས་ཀྱང་གནས་འདིར་ཁྲིད་ཅིང་། རྟ་ལ་གོམས་རྟ་དང་རྒྱུག་རྟ་ཅི་རིགས་ཁྲིད་འོང་། གོང་གི་ལས་རིམ་ཁག་གོ་རིམ་ལྡན་པའི་ངང་མཇུག་སྒྲིལ་རྗེས། ཉིན་དེར་ལབ་ཙེ་བསྟད་པའི་ཁུ་ཐུལ་རི་འདབས་ཀྱི་སྤང་ཐང་དུ་རྒན་དར་གཞོན་གསུམ་མཉམ་འཛོམས་ཀྱིས་ཀ་ར་སིལ་ཏོག་གི་ཟས་སྣ་མང་བོར་རོལ་ཏེ་དགའ་དགའ་སྐྱིད་སྐྱིད་ཀྱི་སྤྲོ་གསེང་གཏོང་བར་མ་ཟད། གླུ་ལེན་གར་རྩེ་བྱེད་ཅིང་། (གླུ་ལ་དམངས་གླུ་དང་རྫི་གླུ)རྟ་རྒྱུག་འགྲན་སྡུར་བྱེད་པ། དེ་ལའང་ཨང་དང་བོ་དང་གཉིས་པ། གསུམ་པ་སོགས་ཀྱི་སྒྲིག་རིམ་ཡོད་པའི་གཟེངས་རྟགས་འབུལ་ཞིང་། ཉིན་དེའི་ལབ་ཙེའི་སྟོན་ཐོག་ཏུ་ཟ་ཁང་དང་ཚོང་ཁང་སོགས་རྩེ་མོའི་རྣམ་གཡེང་གི་སྒོ་མོ་ཕུན་སུམ་ཚོགས་པ་ཕྱེས་ཏེ་ཕོ་མོ་རྒན་དར་གཞོན་གསུམ་དགའ་དགའ་སྤྲོ་སྤྲོའི་འཚོ་བར་འཇུག་པར་བྱེད་ཅིང་། དེ་ལས་ས་གནས་མི་དམངས་ཀྱི་མཐུན་སྒྲིལ་དང་དཔུང་རྡང་ལ་ཡར་སྐྱེད་བླ་མེད་ཅིག་འབྱུང་ངོ་། །
བཞི་བ། ཨ་མྱེས་བསྟན་སྐྱོང་ལབ་ཙེའི་བསང་ཡིག་འཚོལ་བསྡུའི་སྐོར།
བསྟན་སྐྱོང་ལབ་ཙེའི་བསངས་ཡིག་གི་སྐོར་ལ་སྔར་གྱི་ཁྲི་ཀ་དང་ད་ལྟའི་ཧང་ང་ས་ཆ་གཉིས་གང་གི་སྐབས་ཡིན་ཡང་སྔ་ཕྱི་མི་འདྲ་བ་འགའ་རེ་བརྩམས་ཡོད་མོད། དེ་ཡང་རྒྱུ་རྐྱེན་གང་རུང་ལ་བརྟེན་ནས་བསང་ཡིག་རྩོམ་མཁན་རྣམས་ཀྱིས་སྐབས་བསྟུན་གྱིས་བསང་ཡིག་མང་ཉུང་ཅི་རིགས་རེ་མཛད་པ་ཕྱིས་སུ་ཉར་ཚགས་མ་འདང་བ་སོགས་ཀྱིས། ད་ལྟ་འཚོལ་བསྡུ་དང་ལག་སོན་བྱུང་དཀའ་བ་དང་། ལ་ལའི་རྒྱུན་ཆད་ལ་ཉེ་བའང་ཡོད་སྲིད་པས། ད་རེས་ང་རང་གིས་དཔེ་ཀློག་དང་གཞན་ལ་རྩར་གཅོད་བྱས་པ་བརྒྱུད་བསང་ཡིག་རེ་འགའ་འཚོལ་བསྡུ་བྱས་ཡོད། འོན་ཀྱང་འདི་དག་དཔེ་སྐྲུན་ཁང་གན་དང་གནས་དུས་འདི་འདྲ་ཞིག་ལ་བརྩམས་པ་རེད་ཅེས་འགྲེལ་བཤད་བྱེད་མི་ཐུབ་མོད། ཕྱིས་སུ་གཞི་བདག་འདི་དང་ལབ་ཙེ་འདིའི་རིག་གནས་སྐོར་ལ་གཏིང་ཟབ་མོས་ཞིབ་འཇུག་གནང་མཁན་ལ་རྒྱུ་ཆ་ཙམ་གྱི་ཕན་ཐོག་ན་བསམ་སྟེ་འདིར་ལག་སོན་བྱུང་བའི་བསང་ཡིག་དག་མ་ཡིག་ཕྱོགས་བསྒྲིགས་ཀྱིས་འགོད་པར་བྱ། དེ་ཡང་ཐོག་མར་མཚན་སྒྲོག་མཁན་པོས་ཁྲི་ཀའི་གཡུ་བཟང་ཞེས་པའི་སར་གདན་འདྲེན་ཞུས་པའི་སྐབས་དེར་ཁོང་གིས་བསང་དཔེ་མཛད་ཡོད་སྲིད་ཀྱང་ཁོ་བོའི་ལག་ཏུ་མ་འབྱོར། རྗེས་ནས་ཨ་མྱེས་བསྟན་སྐྱོང་ཡུལ་ལྷ་སྡེ་ཨ་ཚོགས་ཀྱི་ཁུ་ཐུལ་རི་རྩེ་རུ་སྐུ་ཕྱོགས་རྒྱ་ལི་ཚང་དང་སྔགས་འཆང་འཇམ་དཔལ་ཚང་རྣམ་པ་གཉིས་ཀྱིས་ཞུས་ཏེ་བླ་མ་བསོད་ཆོས་ཚང་སོགས་ཀྱིས་བསྐུལ་བའི་ངོར་སྐུ་ཕྱོགས་རྒྱ་ལི་ཚང་གིས་བསངས་དཔེ་ཞིག་བརྩམས་ཡོད། ཡར་སྔོན་དུ་ཨ་རོལ་བློ་བཟང་ལུང་རྟོགས་བསྟན་པའི་རྒྱལ་མཚན་ཚང་གིས་བསྟན་སྐྱོང་བསངས་དཔེ་ཞིག་མཛད་ཡོད། དེ་བཞིན་རྗེ་གསེར་ཁང་བས་ཀྱང་བསངས་ཡིག་མཛད་ཡོད་པ་སོགས་དུས་ཀྱི་སྔ་ཕྱི་མི་འདྲ་བའི་ནང་བརྩམས་པའི་བསང་ཡིག་རྣམས་རིམ་བཞིན་བཀོད་ན།
གཅིག ཨ་རོལ་བློ་བཟང་ལུང་རྟོགས་བསྟན་པའི་རྒྱལ་མཚན་ཚང་གིས་བསྟན་སྐྱོང་ལབ་ཙེར་ཕུལ་བ་ནི།
ཀྱེེ་གསང་གསུམ་རིན་ཆེན་སྙིང་བོ་སྨིན་པའི་གར། །སྐྱབས་གནས་ཀུན་འདུས་དྲིན་ཅན་བླ་མ་རྗེ། །མཆོག་གསུམ་རིན་ཆེན་ཆོས་བསྲུང་དབྱེེར་མེད་ལ། །སྒོ་གསུམ་གུས་པ་ཆེན་པོས་སྐྱབས་སུ་མཆི། །གངས་རིས་བསྐོར་བའི་བོད་ཡུལ་གསེར་ལྡན་ལྗོངས། །དབྱིག་གི་ཆར་གྱི་སྙིང་པོ་བརྩིགས་པའི་སྤོར། །དགེ་བཅུའི་མེ་ཏོག་བཞད་པའི་སྡིང་ཁང་དུ། །མཐུ་ལྡན་བསྟན་སྐྱོང་ཞེས་གྲགས་ལྷ་གཉན་ཆེ། །མཁའ་མཉམ་འགྲོ་འདིའི་ལེགས་ཚོགས་འཕེལ་བའི་གཞི། །ཡིད་ལ་རེ་བའི་དོན་ཆེན་འགྲུབ་པའི་སླད། །སྤྱན་འདྲེན་མ་ངེས་ཞི་ཁྲོ་སྣ་ཚོགས་ཀྱི། །རྣམ་འགྱུར་དུ་མའི་སྒོ་ནས་འདིར་བྱོན་ལ། །དགྱེས་པའི་གདན་ཁྲིར་བཞུགས་ལ་དངོས་བཤམས་དང་། །ཡིད་སྤྲུལ་མཆོད་ཚོགས་དཔག་མེད་འབུལ་ལགས་ན། །བཞེས་པ་ཁྱོད་བརྟེན་ཡུལ་ཕྱོགས་སྡེ་འབངས་ཀུན། །ཚེ་དཔལ་བསོད་ནམས་རི་བོ་བཞིན་དུ་བརྟན། །བཀྲ་ཤིས་བདེ་སྐྱིད་ཉི་འོད་འགྲོས་བཞིན་གསལ། །དབང་ཐང་རིགས་བརྒྱུད་དབྱར་མཚོ་བཞིན་དུ་རྒྱས། །རྨད་བྱུང་ཕུན་ཚོགས་དགེ་བའི་མཚན་མ་ལ། །སྤྱོད་པའི་སྐལ་བཟང་མངོན་སུམ་འཆར་བར་ཤོག །ཅེས་པ་འདི་ནི་བྲག་དཀར་གནས་ཆེན་གྱི་མཐར་འཁོད་པའི་མངའ་འབངས་ལྷ་སྡེའི་དད་ལྡན་རྣམས་ནས་བསྐུལ་ངོར། ༧ཨ་རོལ་བློ་བཟང་ལུང་རྟོགས་བསྟན་རྒྱན་དུ་འབོད་པས་བྲིས་པའོ། །གཉིས། སྐུ་ཕྱོགས་རྒྱ་ལུ་ཚང་གིས་བསྟན་སྐྱོང་ལབ་ཙེར་ཕུལ་བ་ནི།
ཀྱེེ། རང་སྣང་འཁྲུལ་གཞི་དག་པའི་དབྱིངས་ཉིད་ལས། །མ་འགགས་རྟེན་འབྲེལ་སྣང་བའི་སྒྱུ་རྩལ་ངོམས། །སྔོན་ཚེ་པདྨ་འབྱུང་དང་བློ་བཟང་གྲགས། །ཐུབ་པའི་དབང་བོའི་གསང་གསུམ་དབྱེར་མེད་ལས། །སྣ་ཚོགས་འགྲོ་བའི་དོན་དུ་སྤྲུལ་བ་ཡི། །ལྷ་ཀླུ་གཉན་སོགས་སྡེ་བརྒྱད་དྲེགས་པའི་ཚོགས། །ཁྱད་པར་མདོ་སྨད་མགར་གྲོང་ས་ཡི་གཞིར། །ཆུ་ཀླུང་བྲག་རི་ནགས་ཚལ་རྒྱས་པ་ཡི། །རབ་བརྗིད་ཕོ་བྲང་སྨུག་པའི་གཞལ་ཡས་སུ། །སངས་རྒྱས་བསྟན་པ་སྐྱོང་བར་ཁས་བླངས་པའི། །མཐུ་ལྡན་བསྲུང་མ་གཉན་པོ་བསྟན་སྐྱོང་ནི། །སྐུ་མདོག་དམར་སྨུག་ཞལ་གཅིག་ཕྱག་གཉིས་པ། །དབུ་སྐྲ་གྱེན་བརྫེས་སྤྱན་གཉིས་དགྲ་ལ་གཟུགས། །ཕྱག་གཡས་གནམ་ལྕགས་ཐོ་ཆེན་མཁའ་ལ་ཕྱར། །སྡང་བའི་བསྟན་དགྲ་མ་ལུས་ཆེམས་ལ་འབེབས། །གཡོན་པས་དགོས་འདོད་ནོར་བུ་འབར་བ་བསྣམ། །འཇིག་རྟེན་སྐྱེ་དགུའི་དབུལ་ཕུང་དབྱིངས་སུ་སེལ། །དམར་ལྗང་བེར་ཆེན་གོས་ཀྱིས་སྐུ་ལ་བརྒྱན། །ཁམས་གསུམ་འགྲོ་བློའི་སྣང་སེམས་དབང་དུ་སྡུད། །ཞབས་གཉིས་འགྱིང་སྟབས་གཡག་རྒོད་ངང་སེར་ཆིབས། །ཚེ་དཔལ་ཡོན་ཏན་རྒྱས་ལ་མངའ་དབང་བསྒྱུར། །སྔོན་བསྟེན་སྐྱེས་ལྷ་གཉན་པོར་དམ་བཅའ་བའི། །དེང་འདིར་རྣལ་འབྱོར་བདག་གི་གདུང་བས་འབོད། །བརྩེ་ཞིང་འགོ་བའི་བསྲུང་མ་མཐུ་རྩལ་ཅན། །མ་གཡེལ་གནས་འདིར་གཤེགས་ལ་བརྟན་པོར་བཞུགས། །གཞན་ཡང་རྟེན་འབྲེལ་མཐུ་དང་སྨོན་ལམ་གྱིས། །ཡུལ་ཕྱོགས་འདི་དང་སྡེབ་པའི་གནས་བདག་ཚོགས། །ཁྱད་པར་ལྷ་ཀླུ་གཉན་གྱི་བུ་མོ་གསུམ། །དཀར་དམར་མཐིང་མཛེས་ནོར་ལྷ་ཕྱུགས་ཀྱི་བདག །མདའ་དང་གཏེར་བུམ་རེ་འགའ་བེའུ་བསྣམས། །རིན་ཆེན་རྒྱན་དང་སྒྲོན་པུའི་དོ་ཤལ་འཕྱང་། །དཀར་སྔོན་དམར་ཁྲའི་བེར་ཆེན་རྒྱབ་དར་མཛེས། །ཀུན་ཀྱང་སྨན་མོའི་ཚོགས་བཅས་བརྟན་པོར་བཞུགས། །ཁྱེད་རྣམས་མཆོད་པའི་དམ་རྫས་འབུལ་བ་ནི། །ཕྱི་མཆོད་བསང་ཤིང་དུད་པའི་མཁའ་དབྱིངས་ཁྱབ། །གསེར་སྐྱེམས་ཕུད་རྒོད་ཟག་མ་མཚོ་ལྟར་འཁྱིལ། །དམ་རྫས་སྤྱན་གཟུགས་སྣ་ཚོགས་སྐར་ལྟར་བཀྲམ། །དངོས་འབྱོར་ཡིད་སྤྲུལ་འདོད་དགུ་འབྱུང་བའི་གཏེར། །རང་སྣང་དག་པའི་དབྱིངས་སུ་འབྱམས་ཀླས་ཏེ། །སྣ་ཚོགས་སྤྲུལ་བའི་དགྱེས་བརྩེ་གར་གྱིས་འབུལ། །སྐྱེས་ལྷ་གཉན་པོ་བསྟན་སྐྱོང་འཁོར་བཅས་དང་། །ཡུལ་སྐྱོང་སྨན་མོའི་ཚོགས་བཅས་དགྱེས་པར་རོལ། །དེང་འདིར་རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱིས། །རེ་ལྟོས་འཆའ་བའི་བསྲུང་མར་དམ་བཅའ་ན། །ཁ་མགོན་གྲོགས་མཛོད་བཅོལ་བའི་ལས་ཀུན་སྒྲུབས། །ཡུལ་སྐྱོང་དགྲ་ལྷ་གཉན་པོར་རྟག་བཞུགས་ལ། །སྡང་བའི་དགྲ་བགེགས་ཀུན་སྒྲོལ་བྱད་ཕུར་བཟློག །ཕྱི་ནང་བར་ཆད་ཀུན་སོལ་ནད་གདོན་བསྲུང་། །ཁམས་གསུམ་དབང་སྡུས་ཚེ་དཔལ་ལོངས་སྤྱོད་སྤེལ། །ཕྱོགས་རྣམས་དུས་ཀུན་རྒྱལ་བའི་རླུང་རྟ་བསྐྱེད། །ཆར་ཆུ་དུས་འབེབ་ལོ་ཕྱུགས་རྟག་ཏུ་སྐྱོང་། །ཆོས་སྲིད་འགྲོ་ལ་ཕན་པའི་བདེ་ལེགས་སྩོལ། །ཅེས་ཡུལ་ལྷའི་རྒྱལ་བོ་བསྟན་སྐྱོང་ལ་བསངས་མཆོད་དགོས་འདོད་ནོར་བུ་ཞེས་པ་འདི་ཨ་ཚོགས་སྡེ་བའི་རེ་བ་ལྟར་ལབ་ཙེ་བསྟོད་སྐབས་བླ་མ་བསོད་ཆོས་ཚང་དང་དགོངས་པ་བསྟུན་ཏེ། རྒྱ་ལུ་སྤྲུལ་མིང་བ་འཕྲིན་ལས་རབ་རྒྱས་ནས་གྲོགས་སྔགས་འཆང་འཇམ་དཔལ་གྱིས་རྟེན་འབྲེལ་དུ་མས་བསྐུལ་ཚེ་ཤར་མར་བྲིས་པ་དགེའོ།། །།
གསུམ། རམ་འབྱམས་པ་ངག་དབང་ཀུན་བཟང་གིས་ཕུལ་བ་ནི།
ཀྱཻ། སྔོན་ཚེ་རྡོ་རྗེ་ལེགས་པའི་སྤྱན་སྔ་རུ། །སུམ་བརྒྱ་དྲུག་ཅུའི་འཁོར་གྱི་ཡང་སྤྲུལ་ཞིག །སྐྱེས་མཆོག་ཡུལ་ལྷའི་རྒྱལ་བོ་བསྟན་སྐྱོང་ཞེས། །འཁོར་བཅས་ཐོགས་པ་མེད་པར་ད་ཚུར་བྱོན། །རབ་བརྗིད་ས་འཛིན་སྨུག་པོའི་གུར་ཁྱིམ་དབུས། །འདིར་གཤེགས་དགྱེས་པའི་གདན་ལ་མངོན་པར་བཞུགས། །ཕྱུགས་ཀྱི་རྒྱུད་འཛིན་གཡག་རོག་ངང་དཀར་ཆིབས། །ཟ་འོག་སྔོ་ཁྲའི་འཇོན་པར་སག་ལྷམ་གྱོན། །གཡས་པས་གནམ་ལྕགས་ཐོ་བ་མཁའ་ལ་འཕྱར། །དགོས་འདོད་ཀུན་འབྱུང་རིན་ཆེན་བུམ་བཟང་བསྣམས། །སྲ་བའི་གོ་ཁྲབ་རྣོ་བའི་མདའ་མདུང་རིགས། །སྟོབས་ལྡན་སྐྱེ་བོའི་དཔུང་་གི་ཚོགས་རྣམས་བརྒྱན། །བརྗིད་ཆགས་དབང་བོ་མ་ཉམས་ཕྱུགས་ཀྱི་རིགས། །དར་སྣེ་བརྒྱན་ཅིང་ཁྱོད་ལ་རྟེན་དུ་འབུལ། །ལྷ་བསང་དུད་པའི་སྤྲིན་ཕུང་མཁའ་ལ་འཁྲིགས། །རྟ་གདོང་མེ་རུ་འབར་འདྲའི་བསང་རྫས་བསྲེག །རོ་མཆོག་བརྒྱད་ལྡན་བཟའ་བཅའ་བཏུང་བ་སོགས། །བསང་མཆོད་འདི་བཞེས་འདོད་པའི་དོན་ཀུན་སྒྲུབས། །ཡུལ་ཁམས་སྤྱི་དང་ཁྱད་པར་སྡེ་འདི་རུ། །མི་དང་ཕྱུགས་ཀྱི་ནད་ཡམས་གོད་ཁ་ཆོད། །མདོར་ན་བདག་ཅག་བསམ་པའི་དོན་རྣམས་ཀུན། །སྨོན་པ་བཞིན་དུ་འགྲུབ་པའི་སྡོངས་གྲོགས་མཛོད། །གཞན་ཡང་འཁོར་ཡུག་དགེ་མཚན་དཔལ་གྱི་རི། །གནས་པའི་ལྷ་ཀླུ་ཚོགས་ཀྱིས་བསངས་མཆོད་བཞེས། །ཆར་ཆུ་དུས་འབེབས་ལོ་ཕྱུགས་རྟག་ཏུ་རྒྱས། །རྨད་བྱུང་དགེ་མཚན་ཆེན་པོའི་ཕྱྭ་གཡང་སྩོལ། །ཞེས་ཡུལ་ལྷའི་རྒྱལ་བོ་བསྟན་སྐྱོང་ལ་བསང་བསྟོད་ཡིད་ཀྱི་རྫིང་བུའི་ཟླ་ཤར་ཞེས་བྱ་བ་འདི་ནི་གྱེར་སྒམ་[9]ལབ་ཙེ་ཉམས་གསོ་བརྩིགས་སྐབས་སུ་སྡེ་འདིར་སྐྱེ་བོ་འགས་བསྐུལ་ངོར་མ་ལྡོག་པར་རམ་འབྱམས་པ་ངག་དབང་ཀུན་བཟང་ནས་བགྱིས་པའོ། །
བཞི། རྗེ་གསེར་ཁང་བས་[10]ཨ་མྱེས་བསྟན་སྐྱོང་ལབ་ཙེར་ཕུལ་བ་ནི།
ཀྱཻ། །མདོ་སྨད་ལྗོངས་ཁྲི་ཀའི་རྨ་འགྲམ་ན་གནས་པའི་ཡུལ་ལྷ་གཉན་པོ་སྤྱན་འདྲེན་ནོ། །མདུན་གྱི་ནམ་མཁར་དགྱེས་བཞིན་ལེགས་བཞུགས་ནས། །བསང་གསུར་ཇ་ཆང་ཤ་ཁྲག་དག་གི་མཆོད། །དགྱེས་བཞིན་བཞེས་ལ་བདག་ཅག་མཆོད་ཡོན་གྱི། །མི་ནད་ཕྱུགས་ནད་གོད་ཁ་གྲོགས་གཅོད་ལྡོག །དགོས་འདོད་དངོས་གྲུབ་ཆར་ལྟར་འབེབས་པ་དང་། །འདོད་པའི་དོན་ཀུན་འབད་མེད་ལྷུན་གྲུབ་མཛོད། །ཅེས་པ་འདི་ནི་རྗེ་གསེར་ཁང་བས་སྦྱར་བའོ། །
ལྔ། སྔགས་འཆང་ཀརྨ་བདུད་འདུལ་གྱིས་ཨ་མྱེས་བསྟན་སྐྱོང་ལབ་ཙེར་ཕུལ་བ་ནི།
ཧྲཱི། ཕན་བདེ་དངོས་གྲུབ་སྩོལ་བའི་ལྷ་བཙན་ཆེ། །ངང་དཀར་ཆིབས་ནས་རྒྱས་པའི་ལས་མཛད་པ། །དཀར་བརྗིད་ཉམས་ལྡན་གནས་བདག་གསོལ་ལོ་མཆོད། །ནད་རིམས་དགྲ་གདོན་ཕུང་སྲི་ཡུལ་འདྲེ་སོགས། །ལོག་འདྲེན་སྦྱོར་རྩུབ་དགྲ་བགེགས་རྡུལ་དུ་བརློག །མི་ནོར་ཚེ་བསོད་སྟོབས་དཔལ་སྙན་གྲགས་སྤེལ། །རླུང་སེམས་སྣང་བ་དབང་དུ་འདུ་བ་དང་། །བསམ་དོན་ཆོས་བཞིན་ལྷུན་གྲུབ་གྲོགས་ལྡན་མཛོད། །ཅེས་པ་འདི་ནི་སྔགས་འཆང་ཀརྨ་བདུད་འདུལ་(གཡུ་ལོང་སྐུ་ལོ།)གྱིས་སྦྱར་བའོ། །
མཇུག་སྡུད་པ།
ཨ་མྱེས་བསྟན་སྐྱོང་ལབ་ཙེ་གླེང་བའི་གཏམ་བརྗོད་ཐུང་ངུ་འདི་ཡིག་ཐོག་ཏུ་འཁོད་དུས་དངོས་ཤུགས་བརྒྱུད་གསུམ་ནས་རྒྱབ་སྐྱོར་དང་བློ་འདྲི་བྱེད་ཡུལ་གྱི་རྒན་པ་རྣམས་དང་བསངས་དཔེ་འཚོལ་བསྡུ་བྱེད་པར་རོགས་འདེགས་གནང་མཁན་དག་ལ་ཐུགས་རྗེ་ཆེ་ཞུ། ཁོམ་སློང་མེད་པའི་བར་གླགས་ནས་ཨ་མྱེས་བསྟན་སྐྱོང་ལབ་ཙེའི་རིག་གནས་འཚོལ་བསྡུ་མཐུས་ཚང་བ་ཞིག་མ་ནུས་ཏེ། དཔེར་ན་གོང་དུ་གསལ་བ་དག་ལས་གཞན་ཨ་མྱེས་བསྟན་སྐྱོང་ལབ་ཙེ་དང་མི་སྣའི་བར་གྱི་གཏམ་རྒྱུད། ཨ་མྱེས་བསྟན་སྐྱོང་ལབ་ཙེ་དང་ས་གནས་བར་གྱི་གཏམ་རྒྱུད་སོགས་ཅི་རིགས་ཡོད་སྲིད་ཀྱང་ལག་ཏུ་མ་འབྱོར་བས་མཐུས་མ་ཚང་བ་ཡོད་ལ། གཞི་བདག་གི་ཆ་བྱེད་དང་དམིགས་བསལ་ཡུལ་གང་དང་ཆོས་གང་གི་གཉེན་པོ་དང་མགོན་སྐྱབས་སུ་བཀུར་བ། འཁོར་ཚོགས་ཀྱི་དགེ་མཚན་སོགས་གོང་དུ་བཀོད་པའི་བསངས་ཡིག་དག་ལ་གཟིགས་པས་གསལ་རྗེན་དུ་མཐོང་ཐུབ་པས་དེའི་སྐོར་ལ་ཡིག་ཚོགས་མ་སྤུངས་ལ། འཇིག་རྟེན་པ་རྣམས་ཀྱི་དགོས་མཁོར་དམིགས་ཏེ་བཙུགས་པའི་ས་གནས་ཀྱི་ལབ་ཙེའི་རིག་གནས་སོགས་ཀྱི་མཚོན་པའི་རང་ས་རང་ཡུལ་དུ་དར་བའི་བསངས་ཕུད་དང་། གཏེར་རྒྱག་པ། དར་ལྕོག དེ་ལའང་རུ་དར་དང་དཔའ་དར། དམུ་ཐག་འཐེན་པ། རྡོ་སྤུངས་བརྩིགས་པ་སོགས་རྣམ་པ་ཅི་རིགས་ཀྱི་སྒོ་ནས་གྲུབ་པའི་རིག་གནས་འཚོ་བ་གྱ་ནོམ་པ་མང་བོ་ཞིག་གི་མཚོན་དོན་དང་འཕེལ་རིམ་སོགས་ཡིག་ཐོག་ཏུ་བཀོད་པ་ཤིན་ཏུ་དཀོན་པས་ན། ཉེ་བའི་ཆར་དམངས་སྲོལ་རིག་གནས་བསྔོག་འདོན་འཚོལ་ཞིབ་ཀྱི་ཚ་རླབས་ཅུང་འཕྱུར་བའི་དུས་འདིར་བསྟན་བཅོས་ཁག་ཏུ་རྒྱུ་ཆ་བསྔོག་འདོན་བྱ་རྒྱུར་ཧ་ཅང་དཀའ་བར་འདུག་ལ། ཐབས་མཆོག་ཅིག་ཡོད་པ་ནི་མེས་པོ་ཚོ་ནས་རིམ་པར་བརྒྱུད་པའི་ངག་ཐོག་རིག་གནས་ལ་ཁོངས་བཅོལ་བྱ་རྒྱུ་དེ་རེད། རྒན་པ་རྣམས་ཀྱང་ལོ་དང་ཟླ་བ་རེ་རེར་རྒྱ་མཚོའི་ནང་ལ་ཁ་བ་འཐིམས་པ་ལྟར་འཇིག་རྟེན་མི་ཡུལ་དང་ཁ་གྱེས་བཞིན་ཡོད་ཅིང་། ཁོ་ཚོའི་ངག་ཐོག་གི་ལེགས་བཤད་དག་ཀྱང་ཆུ་ལ་ཆུ་བཞག་ལྟར་ཤུལ་མེད་དུ་འགྲོ་བཞིན་འདུག རི་ཆུའི་རིག་གནས་འཛིན་སྐྱོང་སྤེལ་གསུམ་གནང་བཞིན་པའི་དུས་དང་བསྟུན། རེབ་འདིར་བདག་གིས་ཀྱང་ཕ་ཡུལ་གྱི་ཨ་མྱེས་བསྟན་སྐྱོང་ལབ་ཙེའི་རིག་གནས་མདོར་བསྡུས་སུ་གླེང་བ་ལའང་གོང་གི་དཀའ་ཁག་དག་དང་སླད་མར་འཕྲད་པས།ས་གནས་ཀྱི་རྒན་པ་སྐོར་ཞིག་ལ་བཅར་འདྲི་བྱས་པ་སོགས་བརྒྱུད་དེ་ད་གཟོད་མདོ་ཙམ་ཞིག་ཡིག་ཐོག་ཏུ་འཁོད་ཐུབ་པ་བྱུང་བར་རང་གི་ཤེས་འཇོན་གྱིས་མ་འདང་བར་བརྟེན་ནས་ནོར་སྐྱོན་དང་ཉེས་བཤད་ཀྱི་ཆ་གང་མཆིས་ལ་རང་སེམས་གཙང་མས་འཐོལ་ལོ་ཞོ་ཅེས་མཇུག་གཏམ་གྱི་དོད་དུ་ཞུའོ། །ལུང་ཁུངས་དང་དཔྱད་ཡིག
[1] གཞི་བདག་འདི་ཉིད་ཐོག་མར་ཁྲི་ཀའི་གཡུ་བཟང་ཞེས་པའི་སར་གདན་ཞུ་མཁན་གྱི་བླ་མའི་མཚན། དུས་ཚོད་ཀྱི་དབང་གིས་ཁོང་གི་ལོ་རྒྱུས་ཞིབ་ཕྲ་ལག་ཏུ་མ་སོན་པས་དཔྱོད་ལྡན་རྣམས་ཀྱིས་དཔྱོད་པར་འཚལ།
[2] ངག་རྒྱུན་འདི་གཉིས་སྔོན་ནས་ཕ་ཡུལ་ཕྱོགས་སུ་མ་ཉམས་པར་ཡོད་ཅིང་། ཐེངས་འདིར་ཡང་ཤངས་ཚོ་བའི་རྒན་པ་ལྷ་བྷེ(ལྷ་རྒྱལ)དང་གོང་བའི་བྱམས་པ་སོགས་ཀྱི་ངག་ལས་དྲངས་པ་ཡིན།
[3] སྐུ་ཕྱོགས་རྒྱ་ལི་བློ་བཟང་འཕྲིན་ལས་བཤད་སྒྲུབ་བསྟན་དར། བསྟན་སྐྱོང་ལབ་ཙེ་བསང་ཡིག སྣ་རིང་ཤོག་ངོས། ༡
[4] རྒྱ་ལི་བློ་བཟང་འཕྲིན་ལས་བཤད་སྒྲུབ་བསྟན་དར་ཚང་ནི་རབ་བྱུང་བཅུ་དྲུག་པའི་ས་གླང་སྟེ་སྤྱི་ལོ་༡༩༤༩ལོར་ལྷ་སྡེ་ཚོ་བརྒྱད་ཀྱི་སའི་ཡ་གྱལ་ཀླུ་ཡི་ལུང་བ་ཞེས་པའི་སར་ཡབ་ཕྱོར་གཙང་གཡང་འབུམ་རྒྱལ་དང་ཡུམ་ཚེ་བྷ་གཉིས་ཀྱི་སྲས་སུ་འཁྲུངས། ཡུལ་ཧང་ངེ་ཕྱོགས་གཙོས་ཉེ་རིང་ཐམས་ཅད་ལ་དཀར་བོ་དགེ་བའི་ས་བོན་རྒྱ་ཆེར་བསྐྲུན། སྤྱི་ལོ་༢༠༢༠ལོའི་ཟླ་༢་པའི་ཚེས་༡༥ཉིན་དགོངས་པ་རྫོགས་སོ། །ལོ་རྒྱུས་ཞིབ་ཕྲ་གཞན་དུ་གཟིགས་རོགས།
[5] སྐུ་ཕྱོགས་རྒྱ་ལི་བློ་བཟང་འཕྲིན་ལས་བཤད་སྒྲུབ་བསྟན་དར། བསྟན་སྐྱོང་ལབ་ཙེ་བསང་ཡིག སྣ་རིང་ཤོག་ངོས། ༡-༢
[6] ཁུ་ཐུལ་ཞེས་པའི་མིང་འདི་སྔོན་སོག་པོས་འབོད་པ་ཡིན་ལ། དེ་ཡང་ད་ལྟའི་ཧང་ང་གསེར་གཞུང་གི་རུ་སྡེ་ཕྲ་མོ་འདི་མ་ཆགས་སྔོན་སོག་པོ་རྣམས་གནས་སྡོད་བྱས་པས། ཡུལ་འདིའི་ས་མིང་ཆུ་མིང་ལ་སོག་མིང་གིས་འབོད་པ་མང་བོ་ཡོད།
[7] ཨ་ལགས་བསོད་ནམས་ཆོས་འབྱོར་(བསོད་ཆོས)ནི་རབ་བྱུང་བཅུ་དྲུག་པའི་མེ་གླང་སྟེ་སྤྱི་ལོ༡༩༣༧ལོར་ཨ་ཚོགས་དཔོན་ཚང་དུ་ཡབ་དཔལ་ལྡན་དང་ཡུམ་དཔལ་མཚོ་རྒྱལ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དུས་ད་ལྟའི་བར་ཡུལ་འདིའི་ལྷ་སྡེ་རྣམས་ལ་ཆོས་ཀྱི་སྦྱིན་པ་ཕངས་མེད་དུ་གནང་བཞིན་མཆིས། ལོ་རྒྱུས་ཞིབ་ཕྲ་གཞན་དུ་གཟིགས་རོགས།
[8] འཇམ་དཔལ་རལ་གྲི་ཚང་ནི་རབ་བྱུང་དྲུག་པའི་མེ་སྦྲེལ་ཏེ་སྤྱི་ལོ་༡༩༥༦ལོར་ཡབ་རི་གསར་གཅོད་རྒྱལ་དང་ཡུམ་རྒྱལ་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ད་ལྟའི་བར་ཡུལ་དཔལ་ཁ(ཧོལ་ཁ)ལྷ་སྡེའི་འགྲོ་དོན་སྐྱོང་བཞིན་ཡོད། ལོ་རྒྱུས་ཞིབ་ཕྲ་གཞན་དུ་གཟིགས་རོགས།
[9] གཞི་བདག་ཨ་མྱེས་བསྟན་སྐྱོང་འདི་ཉིད་སྔོན་ཁྲི་ཀའི་གཡུ་བཟང་ཞེས་པའི་སར་གདན་ཞུས་པའི་སྐབས་ཀྱི་ལབ་ཙེ་གནས་སའི་མིང་ཞིག་ཡིན་པར་དཔྱད།
[10] རྗེ་བཙུན་གསེར་ཁང་བ་ཞུ་བ་འདི་ཉིད་མདོ་སྨད་ཨ་རིག་ཆུ་སྟོད་དུ་ཡབ་ནོའི་རིགས་དང་ཡུམ་ཛ་ཏི་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གསུམ་པའི་ལྕགས་བྱི་སྤྱི་ལོ་༡༧༨༠ལོར་སྐུ་འཁྲུངས། རྭ་རྒྱའི་ཉེ་འགྲམ་རྒོད་པོ་རྫོང་དང་། གསེར་ཁང་རྩེའི་སྒྲུབ་གནས་སོགས་ཁག་བརྒྱད་ལ་སྐུ་མཚམས་སུ་བཞུགས། གསེར་ཁང་བདག་སྦྱར་གྱིས་ལོ་མཚམས་ཁ་ཤས་གནང་བས་གསེར་ཁང་བར་གྲགས། མཚན་ཡོངས་ལ་བློ་བཟང་བསྟན་འཛིན་རྒྱ་མཚོ་ཞེས་གསོལ།
རྩོམ་པ་པོ། སངས་རྒྱས་རྒྱལ། མཚོ་ལྷོ་ཁུལ་བྲག་དཀར་རྫོང་(ཧང་ངེ་རྫོང་།)ལྷ་སྡེ་གོང་བ་ཚོ་བར་སྐྱེས། མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་༢༠༡༩ལོའི་ཆོས་ལུགས་རིག་པའི་རབ་འབྱམས་ཞིབ་འཇུག་སློབ་མ།
རྩོམ་འདི་༢༠༢༡ལོའི་བྲག་དཀར་དེབ་གཉིས་པ་ལས་བཏུས།
འབྲེལ་ཡོད་འོས་སྦྱོར།