བོད་ཀྱི་མནའ་ཡི་རིག་གནས།
རྩོམ་པ་པོ།:
ཡོང་ཁུངས།:ལུག་ཚང་དཔལ་ཡོན་འཕྲིན་སྟེགས།
དུས་ཚོད།:2022-05-06
ཀློག་གྲངས།:
བོད་ཀྱི་དམངས་ཁྲོད་གཏམ་དཔེ། མྱི་ཡིས་མི་ཟ་མནའ། ཁྱི་ཡིས་མི་ཟ་ལྕགས།
ཐང་ཡིག་གསར་རྙིང་ལས་བྱུང་བའི་བོད་ཀྱི་ལོ་རྒྱུས་ལས། རྒྱལ་པོ་དང་མི་ཆེན་རྣམས་ཀྱིས་མནའ་བཅད་བྱེད། མི་ལྔ་དྲུག་ཙམ་ཚོགས་ནས་མཉམ་ཤི་མཉམ་གསོན་གྱི་མནའ་འདོར། དེ་འདྲ་བ་རྣམས་རྒྱལ་པོ་གྲོངས་པའི་ཚེ་རང་ཉིད་ཀྱང་འཆི། ཐམས་ཅད་དུར་ཁུང་གཅིག་ཏུ་སྦ། ཞེས་འབྱུང་བ་ལྟར། བོད་ལ་མནའ་འདོར་བའི་ལུགས་སྲོལ་ནི་ཆེས་གནའ་བོའི་དུས་ནས་བྱུང་ཞིང་། ནང་ཆོས་མ་དར་བའི་སྔོན་དུ་བོན་པོའི་ཆོས་ལུགས་ལ་བརྟེན་ནས་བོད་བཙན་པོའི་རྒྱལ་བློན་ཚོས་མནའ་བསྐྱལ་བའི་མཛད་སྒོ་ཆེ་ཆུང་སྣ་ཚོགས་ཞིག་སྤེལ་བཞིན་ཡོད།
༡ དམར་མཆོད་ཀྱི་སྒོ་ནས་མནའ་བྱེད་སྟངས།ལོ་རེ་རེའི་སྟོན་གྱི་འབྲས་བུ་སྨིན་པའི་དུས་སུ་ལོ་སར་ཏེ། ལུག་ཁྱི་སྤྲེའུ་གསུམ་དམར་མཆོད་བྱེད་ནས་རྒྱལ་བློན་ཚོས་མནའ་བསྐྱལ་བའི་མཛད་སྒོ་ཆུང་ཆུང་རེ་སྤེལ། ལོ་གསུམ་རེ་སོང་བའི་མཚན་མོ་ལ་མཆོད་རྫས་མང་པོ་བཤམས་ཤིང་མི་རྟ་གཡག་བོང་བུ་སོགས་ཀྱི་རྐང་ལག་བཅད་ཅིང་དོན་ལྔ་སྣོད་དྲུག་རྣམས་དམར་མཆོད་བྱེད། ཤ་ཁྲག་སྤུངས་པའི་མདུན་དུ་ཇོ་སྟོན་ཞིག་གིས་ལྷ་ཡི་ཆོ་ག་གཏོང་པ་ན། རྒྱལ་བློན་ཚོས་གལ་ཏེ་དམ་བཅའ་དང་འགལ་ན་སྲོག་ཆགས་འདི་རྣམས་བཞིན་དུ་མི་བགྱིད་རེ་ཞེས་མནའ་འདོར། མནའ་ཡི་ནང་དོན་ལ། བློན་པོས་རྗེ་ལ་བློ་དཀར་སེམས་དཀར་དང་། རྒྱལ་བློན་གསང་གྲོས་ཕྱི་ལ་མི་བསྒྲགས་པ། བུ་རབས་ཚ་རྒྱུད་དང་བཅས་པ་བོད་བཙན་པོ་ལ་ངོ་མི་ལོག་པ་སོགས་འདྲ་མིན་སྣ་ཚོགས་ཤིག་ཡོད་པར་སྣང་། མནའ་དང་སུ་ཞིག་འགལ་ན་ཡུལ་ལྷ་གཞི་བདག་གིས་བཀའ་ཡི་ཆད་པ་དྲག་པོ་གཅད་པའི་ཡིད་ཆེས་སེམས་གཏིང་ནས་བཟོ་བར་མ་ཟད། སྡོམ་པ་ཤོར་ན་རབ་བྱུང་གི་གྲལ་ནས་བུད་པ་བཞིན། མནའ་དང་འགལ་ན་ཀུན་གྱིས་འཕྱ་སྨོད་དང་བརྙས་བཅོས་བྱེད། མི་གྲལ་ནས་ལྷུང་། མནའ་ཟན་སྡིག་རྒན་ཞེས་ཀུན་གྱིས་བཙོག་ལྟ་བཟོ།
མནའ་དང་འགལ་ཚབས་ཆེ་ན་རང་གི་མནའ་ཡས་གསོད་པར་བྱེད།
མནའ་ཡི་དམ་ཚིག་ནི་རང་གི་སྲོག་ལས་ཀྱང་གལ་ཆེ་བར་བརྩི། ཕ་ཡིས་བཞག་པའི་མནའ་ཕ་གྲོངས་རྗེས་བུ་ཡིས་བརྩི་སྲུང་བྱས་པ་ཡང་ཡོད། མནའ་ཡ་དང་མནའ་གྲོགས་ཀྱི་ཆེད་དུ་བྱ་བ་ཅི་ཡང་སྒྲུབ་ནུས་ཞིང་། དགོས་གལ་ཐུག་ཚེ་རང་གི་ཚེ་སྲོག་ཀྱང་བློས་གཏོང་། མནའ་ལ་བརྩི་རྒྱུ་ནི་མི་ཞིག་གི་མ་མཐའི་ཆ་རྐྱེན་ལྟ་བུར་འདོད་པས། མནའ་ཟ་མཁན་དང་མནའ་ཡི་དམ་ཚིག་ལ་འགལ་མཁན་ཤིན་ཏུ་ཉུང་། མནའ་ཡི་དྲིན་གྱིས་བོད་མི་ཕལ་ཆེར་གཞུང་དྲང་ཞིང་། ཚིག་ཐོག་གནས་པ་འབའ་ཞིག་ཡིན། གནའ་བོའི་བོད་ལ་མཚོན་ན་མནའ་ནི་ཁ་བཤད་དོན་ལ་གནས་བྱེད་ཀྱི་གན་རྒྱ་དང་། རང་ཉིད་བདེན་བརྫུན་སོགས་ཤན་འབྱེད་པའི་དཔང་རྟགས། ཡིད་ཆེས་ནི་སྟོབས་ཤུགས་ཐམས་ཅད་ཀྱི་གཞི་རྩ་ཡིན་ན་མནའ་ནི་ཡིད་ཆེས་འབྱུང་བའི་སྒོ་ལྟ་བུ་ཞིག་ཡིན།
༢ ཀོ་དམར་ཁྲག་བརྫིས་ཀྱི་སྒོ་ནས་མནའ་བྱེད་སྟངས།
དཔེར་ན་སྡེ་བ་དང་སྡེ་བའི་བར་གྱི་ས་ཁོང་འཕྲོག་རྩོད་སོགས་འགལ་བ་ཆེ་ཆུང་གི་རིགས་སྣ་ཚོགས་ཤིག་གྲོས་མོལ་གྱི་ལམ་ནས་ཞི་འགྲིག་བཟོ་སྐབས། ད་ཕྱིན་ཆོད་གྲོས་ཆོད་འདི་ལས་སྡེ་བ་སུ་ཡང་མི་འགལ་ཞེས་སྡེ་བ་གཉིས་ཀྱི་མི་རྒན་གྲས་ཚོས་གཡག་ཀོ་ཁྲག་དང་བཅས་པའི་སྟེང་དུ་རྐང་རྗེན་དུ་བརྫི་ཞིང་། ལག་པའི་མཛུབ་མོ་རྣམས་བཀུག་ནས་ཕན་ཚུན་བསྣོལ་རེས་བྱེད་དེ་མནའ་འདོར་བཞིན་ཡོད་ཅེས་བྱང་འབྲོག་ལམ་ཡིག་ལས་འབྱུང་བ་ལྟར། མནའ་འདིའི་རིགས་ནི་ཁ་བཤད་དོན་ལ་གནས་ཆེད་དུ་དེང་སང་གི་གན་རྒྱ་འཇོག་པ་དང་མཚུངས།
༣ ལྷ་ཁང་སྒོ་ལྕགས་ལ་འཇུ་བའི་མནའ།
ནང་ཆོས་བོད་ལ་དར་བའི་རྗེས་སུ་མནའ་བྱེད་སྟངས་ལ་ཡང་དེས་ཤན་ཤུགས་ཆེན་པོར་ཐེབས། དཔེར་ན། དོན་གྲུབ་ཀྱི་གཟི་ཞིག་བོར་ཞིང་། བཀྲ་ཤིས་ཀྱིས་རྐུས་པ་ལ་དོགས་པ་ཆེ་ཞིང་དཔང་རྟགས་ཁུངས་ཅུང་བཙན་ན། བཀྲ་ཤིས་ཀྱིས་རང་ཉིད་དཀར་འདོན་བཟོ་ཆེད་དུ་ཡུལ་དེའི་དགོན་པའི་ལྷ་ཁང་གི་སྒོ་ལྕགས་ལ་ལག་པས་འཇུ་བཞིན་ངག་ནས་འདི་ལྟར། གལ་སྲིད་ངས་དོན་གྲུབ་ཀྱི་གཟི་བརྐུས་ཡོད་ན། དགོན་འདིའི་བཀའ་ལྷ་ཆོས། བསྟན་སྲུང་མ་རྣམས་ཀྱིས་བདག་གི་སྙིང་ཁྲག་བཞེས་སུ་གསོལ། ལས་ཅི་བྱས་ན་ལམ་མི་འགྲོ་བར་མཛད་དུ་གསོལ་ཞེས་མནའ་བྱེད་མཁན་དེས་བརྗོད་ཤེས་ཚད་གཅིག་སྨྲ་ལ། གལ་སྲིད་ངས་རྐུས་མེད་ན་རྐུ་བཙུགས་མཁན་གྱི་ཕྱོགས་ལ་དེ་འདྲའི་གནོད་པ་འབྱུང་ཞིང་། ངའི་འགལ་རྐྱེན་ཞི་ནས་མཐུན་རྐྱེན་འཕེལ་བར་མཛད་དུ་གསོལ་ཞེས་ཟེར་སྲོལ་འདུག འདི་ལ་མགོན་ཁང་། སྐུ་གསུང་ཐུགས་རྟེན་སོགས་ཀྱི་མདུན་ནས་མནའ་བྱེད་སྲོལ་ཡང་ཡོད། ཡིན་ཡང་དཔང་རྟགས་ཆེན་པོ་མེད་ན་རྐུ་བཙུགས་པའི་སྲོལ་མེད།
༤ དཀོན་མཆོག་དཔང་བཙུགས་དང་མི་མང་པོའི་མདུན་ནས་མནའ་བྱེད་སྟངས།
སྡེ་དཔོན་དང་དགོན་པའི་གཉེར་བ་སོགས་སྤྱི་རྒྱུ་ལ་བདག་གཉེར་བྱེད་མཁན་ཚོས། ལས་འགན་བརྗེ་ལེན་དང་སྤྱི་རྒྱུ་རྩིས་སྤྲོད་སོགས་ཀྱི་སྐབས། སྤྱི་རྒྱུ་སྒེར་སྤྱད་བཟོས་མེད་ཅེས་དཀོན་མཆོག་དང་སྲུང་མ་དཔང་དུ་བཙུགས་ནས་མནའ་ཆེན་པོ་འདོར། དེང་སང་ཚུར་ཡོང་ཕར་སོང་ཚང་མ་ཐོ་འགོད་ནས་ཞིབ་ཆ་བཟོ་རྩིས་སྤྲོད་བྱེད་དགོས་ཀྱང་། གནའ་བོའི་དུས་སུ་མནའ་བསྐྱལ་བ་ཙམ་ལ་མི་ཀུན་པོས་ཡིད་ཆེས་བཟོ་ལ། རང་ཉིད་གིས་ཀྱང་མནའ་འདོར་དགོས་སྙམ་ནས། ཚུལ་མིན་གྱི་ལས་མི་བྱ།
༥ གསེར་སྐུ་མགོ་བཞག་གི་སྒོ་ནས་མནའ་བྱེད་སྟངས།
གསེར་སྐུ་མགོ་བཞག་གི་མནའ་ནི་དགོན་པ་ཚོས། གྲྭ་པ་ཚོའི་བསླབ་པ་གཙང་མིན་དག་ཐེར་བྱེད་སྐབས་གཙོ་བོ་བེད་སྤྱད་བཞིན་ཡོད། གྲྭ་པ་རེ་རེ་བཞིན་དགོན་པའི་རྟེན་གྱི་གཙོ་བོ་གསེར་སྐུ་སོགས་ཀྱི་འོག་ཏུ་མགོ་གཏུག་ནས་རང་གི་སྡོམ་པ་གཙང་མ་ཡིན་ཞེས་མནའ་འདོར་དགོས། མནའ་འདི་ནི་ཤིན་ཏུ་ཉེན་ཁ་ཆེ་བས་སྡོམ་པ་མེད་མཁན་ཚོས་མནའ་འདོར་བ་ཡིན་ན། དུས་ཡུན་ཐུང་ངུའི་ནང་རྟགས་མཚོན་ཆེན་པོ་འོང་བར་བཤད་པས་ཀུན་གྱིས་མཐོང་ཆེན་བཟོ། འདི་ལ་བསྟན་པ་དག་ཐེར་གྱི་མནའ་ཡང་ཟེར།
༦ རྣ་འཇུ་རྭ་ཐོད་ཀྱི་སྒོ་ནས་མནའ་བྱེད་སྟངས།
འདི་ནི་གྲོགས་པོ་ཕན་ཚུན་བར་མནའ་ཡའམ་མནའ་གྲོགས་སྒྲིག་སྐབས་ཀྱི་བྱེད་སྟངས་ཤིག་སྟེ། ལག་པ་གཡས་པས་རྣ་བ་གཡོན་པ་ལ་བཟུང་ཞིང་ཐོད་པ་གཉིས་གཏུག་སྟེ། ཉི་མ་དེ་རིང་ནས་བཟུང་། ངེད་གཉིས་ཟ་རྒྱུ་ཡོད་ན་མཉམ་ཟ་མཉམ་འཐུང་དང་། མཉམ་ཤི་མཉམ་གསོན། སྐྱིད་སྡུག་མཉམ་མྱོང་། ངའི་དགྲ་ཁོའི་དགྲ་དང་། ཁོའི་དགྲ་ངའི་དགྲ། ཁོའི་གཉེན་ངའི་གཉེན་དང་། ངའི་གཉེན་ཁོའི་གཉེན་ཡིན་པས་དགྲ་མཉམ་འདུལ་དང་གཉེན་མཉམ་སྐྱོང་ཡིན་ཞེས་མནའ་འདོར། རང་གི་ནོར་ལུག་དང་རྒྱུ་ནོར་སོགས་ལ་གས་ཆག་ཆེན་པོར་ཤོར་ན། མནའ་ཡ་ཚོས་རང་གི་རྟ་ནོར་ལུག་གསུམ་སོགས་རྒྱུ་ནོར་ཅི་ཡོད། དུམ་བུ་གཉིས་སུ་བགོས་ནས་དུམ་ཡ་མནའ་གྲོགས་ལ་སྦྱིན་སྲོལ་ཡོད། འདི་ལ་ཤག་པོ་རྣ་འཇུ་རྭ་ཐོད་ཅེས་འབོད་སྲོལ་ཡོད།
༧ ཁྲག་འཐུང་བའི་སྒོ་ནས་མནའ་བྱེད་སྟངས།
འདི་ནི་ཉེ་བའི་ལོ་ཤས་སྔོན་དུ་གྲོང་ཁྱེར་གྱི་བོད་པ་ཚོས་ལག་སྟར་བྱེད་སྲོལ་ཅུང་རྒྱ་བའི་མནའ་བྱེད་སྟངས་ཤིག་རེད། མནའ་བྱེད་སྟངས་འདི་འདྲ་བོད་ཀྱི་ལོ་རྒྱུས་དང་དམངས་ཁྲོད་དུ་ཡོད་མེད་གསལ་བོར་མ་ཤེས། གཅིག་བྱས་ན་མནའ་འདི་རྒྱ་མིའི་ལུགས་སྲོལ་བོད་ལ་ཞུགས་པ་ཡིན་ནམ་སྙམ། མནའ་འདོར་བའི་ནང་དོན་ནི་སྔ་མ་དང་མཚུངས་སོ།། ཕ་ཁུ་ཙནྡན་གྱི་སྡོང་པོ་ལ། བུ་རྒྱུད་ཆུ་ཤིང་གི་ཡལ་ག་མང་བའི་དུས་མཐའ་འདིར། མནའ་ནི་ཁྱི་ཡིས་སྐྱག་པ་ཟ་ཟ་བྱེད་པས། དེ་ལ་བློ་གཏོད་དང་ཡིད་ཆེས་ཤིག་སུ་ཡིས་བཟོ་ནུས་སམ། འཇོ་མདའ་དྲང་འགྲོས་བརྗེད་ཐོའི་ཚུལ་དུ་བྲིས།
འབྲེལ་ཡོད་འོས་སྦྱོར།