༄༅། །«གསང་རྙིང་རྒྱན་དང་རོལ་མོའི་བསྟན་བཅོས»དང་དེས་བསྟན་པའི་བོད་ཀྱི་དམངས་ཁྲོད་གླུ་བྲོའི་སྐོར་གླེང་བ།
རྩོམ་པ་པོ།:བོན་སྐོར་ཡུལ་ལྷ་ཐར།
ཡོང་ཁུངས།:བོད་ལྗོངས་སྒྱུ་རྩལ་ཞིབ་འཇུག
དུས་ཚོད།:2022-06-17
ཀློག་གྲངས།:
༄༅། །«སྔ་འགྱུར་རྡོ་རྗེ་ཐེག་པའི་རིག་འཛིན་རྒྱ་མཚོའི་ལོངས་སྤྱོད་ཆས་གོས་རྒྱན་དང་རོལ་མོའི་རྣམ་བཤད་སྔགས་འཆང་རྒྱན་གྱི་མེ་ཏོག»དང་དེས་བསྟན་པའི་བོད་ཀྱི་དམངས་ཁྲོད་གླུ་བྲོའི་སྐོར་གླེང་བ།
བོན་སྐོར་ཡུལ་ལྷ་ཐར།
བོན་སྐོར་ཡུལ་ལྷ་ཐར།
ནང་དོན་གནད་བསྡུས། རྩོམ་ཡིག་འདིར་གཙོ་བོ«གསང་རྙིང་རྒྱན་དང་རོལ་མོའི་བསྟན་བཅོས»ཀྱི་མ་དཔེ་དང་པོ་ལས་བསྟན་པའི་གླུ་ཡི་ཡོན་ཏན་དང་། ངེས་པ་དྲུག་གི་བྱེད་ནུས་དང་ཁྱད་ཆོས། དབྱངས་རྟའི་རིགས་དང་ཁྱད་པར། ངག་གི་འགུགས་སྟངས། དེ་གཞན་གར་དང་བྲོ་ཡི་འཁྲབ་ལུགས་དང་མཚོན་དོན་སོགས་བརྗོད་གཞིར་བཟུང་ནས་གླེང་འདུག
བརྡ་ཆད་གཙོ་བོ། གླུ་ཡི་ཡོན་ཏན། ངེས་པ་དྲུག དབྱངས་རྟ། གར་དང་བྲོ།
དེ་ཡང་འདིར་གླེང་གཞིར་གྱུར་བའི་བསྟན་བཅོས་ནི་གསང་སྔགས་རྙིང་མ་བའི་ཆས་གོས་རྒྱན་དང་རོལ་མོ་སོགས་དང་འབྲེལ་ཡོད་ཀྱི་མ་དཔེ་བཅུ་བཞི་ཕྱོགས་གཅིག་ཏུ་བསྡུས་པའི«གསང་རྙིང་རྒྱན་དང་རོལ་མོའི་བསྟན་བཅོས»ལས་བྱུང་བའི་མ་དཔེ་དང་པོ་སྟེ། སྔ་འགྱུར་རྙིང་མའི་རིང་ལུགས་འཛིན་པའི་སྐྱེས་བུ་དམ་པ་བཀྲ་ཤིས་རྒྱ་མཚོ་མཆོག་གིས་སྤྱི་ལོའི་དུས་རབས་བཅུ་བཞི་བཅོ་ལྔའི་ནང་བརྩམས་པའི«སྔ་འགྱུར་རྡོ་རྗེ་ཐེག་པའི་རིག་འཛིན་རྒྱ་མཚོའི་ལོངས་སྤྱོད་ཆས་གོས་རྒྱན་དང་རོལ་མོའི་རྣམ་བཤད་སྔགས་འཆང་རྒྱན་གྱི་མེ་ཏོག»ཅེས་པ་ཡིན། མ་དཔེ་འདི་ནི་གཙོ་བོ་རྙིང་མ་བའི་ལྟ་བ་གཙོ་བོར་བཟུང་ནས་ནང་བསྟན་ཆོས་ལུགས་ལ་དམིགས་སུ་མཁོ་བའི་རྡོ་རྗེ་གསང་བའི་འབུད་རྡུང་དཀྲོལ་གསུམ་གྱི་རོལ་ཆའི་གྲུབ་ལུགས་དང་སྤྱོད་སྟངས། ཆས་གོས་རྒྱན་གྱི་རྣམ་པ་དང་ཆོ་ག་ཕྱག་ལེན། ཕྱི་ནང་གསང་གསུམ་གྱི་མཆོད་རྫས་དང་མཆོད་དབྱངས། མཆོད་པའི་རྣམ་གཞག་སོགས་བརྗོད་གཞི་གཙོ་བོར་གྱུར་ཡོད། སྤྱིར་ན་མདོ་སྔགས་ཀྱི་མཆོད་དབྱངས་དང་གསང་སྔགས་ཀྱི་ཆོ་གའི་ཕྱག་བཞེས། དེ་བཞིན་འདོན་དབྱངས་དང་གར་འཆམ་རོལ་དབྱངས་སོགས་མཐའ་དག་ལ་ཐབས་དང་ཤེས་རབ་ཀྱི་རྒྱུ་མཚན་དུ་མའི་ཐོག་ནས་དུས་དང་སྐབས་སུ་སྦྱར་བའི་རྟེན་འབྲེལ་དང་། དངོས་གྲུབ་ཀྱི་དགོས་ཆེད་རབ་ཏུ་ལྡན་པ་ཞིག་ཡིན་ཏེ། ཕྱི་ནང་གསང་བའི་ལྷ་དང་སྲུང་མ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་དགྱེས་པ་བསྐོངས་ཕྱིར། ཕྱི་ནང་གསང་གསུམ་གྱི་མཆོད་པ་རྣམ་པ་མང་པོ་འབུལ་བའི་ཆོ་གའི་ཁྲོད་དུ། གླུ་གཞས་ལེན་པ་དང་། གར་དང་བྲོ་འཁྲབ་པ་སོགས་ཀྱང་གསང་བའི་རྫས་ཀྱི་མཆོད་པར་གཏོགས་པས། གཞུང་འདིར་གླུ་གཞས་ཀྱི་སྐོར་དང་། གར་དང་བྲོ། འདོན་རྟ་དང་འབྲེལ་བའི་དབྱངས་རྟའི་སྐོར་སོགས་རགས་བསྡུས་ཤིག་བརྗོད་ཡོད། གཤམ་དུ་གླུ་གཞས་དང་འབྲེལ་ཡོད་ཀྱི་ནང་དོན་དག་བཤད་པར་བྱའོ།།
མཆོད་པའི་རྣམ་གཞག་གི་སྐབས་སུ་བྱེ་བྲག་བླ་མེད་ཡོ་ག་གསུམ་གྱི་རྒྱུད་སྡེ་རྙིང་མ་བའི་རང་ལུགས་སུ་བཤད་ན། ཕྱི་ནང་གསང་བ་ཁྱད་པར་དང་བཞི་ལས་གླུ་བྲོ་གར་གསུམ་ནི་གསང་མཆོད་དུ་འགྲོ་བར་བཤད་པ་བརྒྱུད་གླུ་གཞས་ཀྱི་ཡོན་ཏན་དང་། གླུ་ཡི་ངེས་པ་དྲུག དབྱངས་ཀྱི་ངེས་པ་བདུན། གར་དང་བྲོ་ཡི་འཁྲབ་སྟངས་དང་མཆོད་ཚུལ་བཅས་བརྗོད་པ་ལས།
དང་པོ། གླུ་གཞས་ཀྱི་ཡོན་ཏན་སྐོར།
གླུ་གཞས་ཀྱི་ཡོན་ཏན་བཤད་པ་ལ། གླུ་ཡི་ཡོན་ཏན་བསམ་མི་ཁྱབ། །སྔོན་གྱི་རྒྱལ་བ་གླུ་ཡིས་འགྲུབ། །རིག་འཛིན་རྡོ་རྗེ་གླུ་ཡིས་འདྲེན། །རྣལ་འབྱོར་དབང་ཕྱུག་གླུ་ཡིས་འགྲུབ། །བསྟན་པ་རྒྱ་མཚོ་གླུ་ཡིས་སྤེལ། །སྲིད་པའི་བུ་མོ་གླུ་ཡིས་འབེབས། །ཞེས་སྔོན་དུས་སུ་བདུད་བཞི་སོགས་ལས་རྣམ་པར་རྒྱལ་བའི་སངས་རྒྱས་ཐམས་ཅད་ཀྱི་འཕྲིན་ལས་གླུ་ཡི་ཡོན་ཏན་གྱིས་འགྲུབ་པ་དང་། རིག་འཛིན་རྡོ་རྗེ་གླུ་ཡི་ཡོན་ཏན་ལས་འདྲེན་ཐུབ་པ། སྒྲུབ་པ་ཉམས་ལེན་གྱི་རྣལ་འབྱོར་དབང་ཕྱུག་ཆེན་མོ་རྗེ་མི་ལ་རས་པ་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་པའང་གླུ་ཡིས་འགྲུབ་པ། སངས་རྒྱས་ཀྱི་བསྟན་པ་རིན་པོ་དར་རྒྱས་སུ་གཏོང་བའི་ལས་དེའང་གླུའི་ཡོན་ཏན་ལས་འགྲུབ་པ། ཐ་ན་འཇིག་རྟེན་བུ་མོའི་བརྩེ་བའང་གླུ་ཡིས་འབེབས་ནུས་པ་བཅས་གཙོ་བོ་མདོ་སྔགས་ཀྱི་ལྟ་བ་སྤེལ་བ་དང་སྒོམ་པ་གོམས་པར་བྱེད་པ། སྤྱོད་པ་ཉམས་སུ་ལེན་པ་བཅས་ལ་གླུ་གཞས་ཀྱིས་ནུས་པ་གལ་ཆེན་ཞིག་ཐོན་པའི་ཡོན་ཏན་བརྗོད་ཡོད་དོ། །གླུ་གཞས་ཀྱི་ཡོན་ཏན་འགའ་བརྗོད་ཡོད་པ་འདི་ལས། གླུ་གཞས་ཀྱིས་མདོ་སྔགས་ཀྱི་ཆོས་ལུགས་ཆོ་གའི་ཁྲོད་གོ་གནས་གལ་ཆེན་ཞིག་བཟུང་ཡོད་པ་མ་ཟད། ཆོས་ལུགས་གྲུབ་མཐའི་ལྟ་བ་ཁྱབ་བསྒྲགས་བྱེད་པའི་ལག་ཆ་གལ་ཆེན་ཞིག་ཡིན་པའང་ཤེས་ཐུབ། སྒོས་སུ་བསྟོད་པའི་དོན་ཅན་གྱི་གླུ་གཞས་ཀྱི་རིགས་གང་དེའི་འབྱུང་ཁུངས་ཡང་ཆོས་ལུགས་ཆོ་ག་དང་འབྲེལ་བ་ཡོད་པ་ཤེས་ཐུབ་ལ། བོད་ཀྱི་ཡུལ་ལུང་སོ་སོ་ན་ཆོས་ལུགས་དང་འབྲེལ་བའི་དུས་སྟོན་སྣ་ཚོགས་ཤིག་ཡོད་པའི་ཁྲོད། གླུ་ལེན་གར་རྩེད་བྱེད་པ་ནི་ཆོ་གའི་ཕྱག་ལེན་གལ་ཆེན་ཞིག་ཡིན་པའི་རྒྱུ་མཚན་སོགས་མདོར་དྲིལ་ན་གླུ་གཞས་ནི་ཕྱི་ནང་གསང་གསུམ་གྱི་མཆོད་པའི་རིགས་སུ་གཏོགས་པ་དང་། ཆོས་ལུགས་གྲུབ་མཐའ་སོ་སོའི་ལྟ་གྲུབ་བརྗོད་པའི་སྐབས་སུ་གླུ་གཞས་ཀྱིས་ཐོན་པའི་ནུས་པ་དང་ཡོན་ཏན་དེ་དམིགས་བཀར་གྱིས་བརྗོད་ཡོད་དོ།།
གཉིས་པ། དབྱངས་ཀྱི་ངེས་པ་བདུན་དང་གླུ་གཞས་ཀྱི་ངེས་པ་དྲུག་གི་སྐོར།
དབྱངས་ཀྱི་ངེས་པ་བདུན་དང་གླུ་ཡི་ངེས་པ་དྲུག་བཤད་པ་ལ། གླུ་དབྱངས་ཀྱི་ངེས་པ་བདུན་ནི། བར་མ། དྲང་སྲོང་། ས་འཛིན། དྲུག་ལྡན། ལྔ་པ། བློ་གསལ། འཁོར་ཉན་དང་བདུན་ནོ། །ཡང་དེ་ཉིད་ལས། ཤ་ཏ་པ་དང་། གར་ཏ་པ། ཅང་ཀ་ཏེའུ་དང་། བང་ཀ་ཏེའུ་དང་། བྲེང་ངེ་བ་དང་། དུད་ངེ་བ་ཞེས་གླུ་ཡི་ངེས་པ་དྲུག་ལས། ཤ་ཏ་པ་ཡི་གླུ་བླངས་པས། །གདུག་བྱེད་ཐམས་ཅད་སྤ་ཡང་བཀོང་། །གར་ཏ་པ་ཡི་གླུ་བླང་བས། །གནོད་བྱེད་ཐམས་ཅད་རྡུལ་དུ་རློག །ཅང་ཀ་ཏ་ཡི་གླུ་བླངས་བས། །འབར་བའི་དཀྱིལ་འཁོར་མེ་ལྟར་མཆོད། །བང་ཀ་ཏེའུའི་གླུ་བླང་བས། །དྲག་པོ་གཏུམ་པོ་ལྷན་ནེར་འགྱུར། །བྲེང་ངེ་བ་ཡི་གླུ་བླང་བས། །སྤྲུལ་བའི་ཆོ་འཕྲུལ་ཐམས་ཅད་འགྱེད། །དུང་ངེ་བ་ཡི་གླུ་བླང་བས། །སྲིད་པའི་བུ་མོ་དབང་དུ་སྡུད། །ཅེས་གླུ་དབྱངས་ཀྱི་ངེས་པ་བདུན་དང་གླུ་ཡི་ངེས་པ་དྲུག་བསྟན་ཡོད་པ་དང་། དེ་ཡང་ཤ་ཏ་པ་ཡི་གླུ་བླངས་པ་ཞེས་པ་ནི་སྐབས་འདིར་ཤ་ཏ་པ་ཞེས་པའི་གླུ་གཞས་ཀྱི་ངེས་པ་དང་པོའི་དབྱངས་རྟ་ལ་དྲངས་ནས་གླུ་བླངས་པ་ན། གདུག་རྩུབ་ཅན་གྱི་དགྲ་བོའང་སྤ་བཀོང་བར་བྱེད་པའི་ནུས་པ་ལྡན་པ་དང་། གར་ཏ་པ་ཡི་དབྱངས་རྟར་དྲངས་ནས་གླུ་བླངས་པ་ན། གནོད་པ་བྱེད་མཁན་གྱི་མ་རུངས་དགྲ་སྡེ་རྣམས་བཅོམ་ཐུབ་པའི་ནུས་པ་ལྡན་པ། ཅང་ཀ་ཏ་ཡི་དབྱངས་རྟར་དྲངས་ནས་གླུ་བླངས་པ་ན། ལྷ་སོགས་ལ་མཆོད་པའི་རྫས་སུ་འགྱུར་བའི་ནུས་པ་ལྡན་པ། བང་ཀ་ཏེའུ་ཡི་དབྱངས་རྟར་དྲངས་ནས་གླུ་བླངས་ན། གཏུམ་སྤྱོད་དང་ལྡན་པ་རྣམས་ཞི་བའི་ངོ་བོར་འགྱུར་བའི་ནུས་པ་ལྡན་པ། བྲང་ངེ་བ་ཡི་དབྱངས་རྟར་དྲངས་ནས་གླུ་གཞས་བླངས་ན། ཆོ་འཕྲུལ་གྱི་གསང་བ་བརྟོལ་ཐུབ་པའི་ནུས་པ་ལྡན་པ། དུང་ངེ་བ་ཡི་དབྱངས་རྟར་དྲངས་ནས་གླུ་བླངས་ན། སྲིད་པའི་བུ་མོ་རྣམས་ཀྱི་བརྩེ་བ་སྡུད་ཐུབ་པའི་ནུས་པ་ལྡན་པ་བཅས་མདོར་ན་གླུ་གཞས་ཀྱི་ངེས་པ་དྲུག་པོའི་དབྱངས་ཀྱི་འགྱུར་ཁུགས་རེ་རེ་ལ་ཐུན་མོང་མ་ཡིན་པའི་ནུས་པ་རེ་ཡོད་པར་བརྗོད་འདུག་སྙམ།སྤྱིར་དབྱངས་ཀྱི་ངེས་པ་ཞེས་པའི་དོན་ནི་དབྱངས་ཀྱི་འདེགས་འཇོག་དེ་དམའ་རིམ་ནས་མཐོ་རིམ་ལ་འགྲོ་བའི་གོ་རིམ་མམ་དབྱངས་རིམ་མི་འདྲ་བ་བདུན་མཚོན་པར་བྱེད་པའི་དབྱངས་རྟགས་ཀྱི་མིང་ཡིན་པས། འདིར་བཤད་པའི་གླུ་ཡི་ངེས་པ་དྲུག་ཞེས་པ་དེའང་གླུ་གཞས་ཀྱི་དབྱངས་རྟའི་མཐོ་དམའ་མི་འདྲ་བ་དྲུག་གི་དབྱངས་རྟགས་ཀྱི་མིང་ཡིན་པར་འདོད། །
གསུམ་པ། གར་དང་བྲོ་ཡི་སྐོར།
དེ་ཡང་གར་འཁྲབ་པ་དང་བྲོ་བརྡུང་བ་ནི་མཆོད་པ་ཡིན་པར་མ་ཟད། གར་དང་བྲོ་ཡི་མཆོད་པ་ལ་ནུས་པ་བསམ་གྱིས་མི་ཁྱབ་ཞིག་ཡོད་ཚུལ་བསྟན་ཡོད་དེ། བྲོ་གར་ཕྱག་རྒྱའི་འདུ་འཕྲོ་ཡིས། །འཛུལ་ལམ་ནམ་མཁར་འགྲོ་བར་འགྱུར། །གླུ་ཚིག་བརྡ་ཡི་ཕྱག་བརྒྱ་ཡིས། །ཆོས་ཀྱི་དངོས་གྲུབ་ཐོབ་པར་འགྱུར། །རྒྱན་དང་བགོ་བའི་ཕྱག་རྒྱ་ཡིས། །འབར་བའི་རྒྱལ་པོ་ཐུབ་མེད་འགྲུབ། །བཟའ་དང་བཏུང་བའི་ཕྱག་རྒྱ་ཡིས། །ཡིད་བཞིན་སྐུ་དང་བདུད་རྩི་འགྲུབ། །གླུ་ནི་ཆོས་ཉིད་སྟོང་བའི་གླུ། །གར་ནི་དོན་དམ་རྟོགས་པའི་གར། །བྲོ་ནི་གདུག་པ་འདུལ་བའི་བྲོ། །ཞེས་དང་། གཡས་སུ་བསྐོར་ཏེ་བགེགས་ལ་བརྡུང་། །བགེགས་ནི་ཕྱེ་མར་འཐག་པའི་བྲོ། །གཡོན་དུ་བསྐོར་ཏེ་བགེགས་ལ་བརྡུང་། །གཡས་གཡོན་ཐབས་ཤེས་བསྲེ་ལ་བརྡུང་། །རྣལ་འབྱོར་དམ་སྲི་འདུལ་བའི་བྲོ། །ཞེས་གར་འཁྲབ་པ་ནི་གཙོ་བོ་ཕྱག་བརྒྱ་ཡིན་ཚུལ་དང་འབྲེལ་ཏེ། གར་འཁྲབ་པ་ལས་ཆོས་ཀྱི་དངོས་གྲུབ་ཐོབ་པ་དང་སངས་རྒྱས་ཀྱི་གོ་འཕང་ཡང་ཐོབ་ཐུབ་པ་སོགས་ལྟ་བུའི་སྒོ་ནས་གར་གྱི་ནུས་པ་དང་ཡོན་ཏན་བརྗོད་ཡོད། བྲོ་བརྡུང་བ་ནི་གདུག་པ་འདུལ་བ་དང་བགེགས་རིགས་སེལ་བའི་ཕྱིར་ཡིན་པས། བྲོའི་རྡུང་སྟངས་དང་འཁོར་སྟངས་རེ་ན་ཆོས་ཉམས་ལེན་གྱི་བགེགས་སེལ་བ་དང་ཉོན་མོངས་འདུལ་བའི་ནུས་པ་རེ་ཐོན་ཡོད་ཚུལ་བརྗོད་ཡོད། མདོར་ན། གར་དང་བྲོ་ནི་མཆོད་པ་ཡིན་ཚུལ་དང་མཆོད་པར་གྱུར་བའི་གར་དང་བྲོ་ནི་ཆོས་བགེགས་སེལ་བ་དང་ཉོན་མོངས་འདུལ་བའི་ཆོ་ག་ཞིག་ཡིན་ལ། སྒོས་སུ་དངོས་པོའི་གནས་ལུགས་མཐར་ཐུག་པ་རྟོགས་པར་བྱེད་པ་ལའང་གླུ་མཁོ་ཚུལ་བསྟན་ཡོད་དོ།།
བཞི་པ། དབྱངས་རྟའི་སྐོར།
གཞུང་འདི་ཉིད་ལས་འབུད་བྱའི་རོལ་མོ་དང་། བརྡུང་བྱའི་རོལ་མོ། དཀྲོལ་བྱའི་རོལ་མོ། གར་གྱི་དབྱངས་སོགས་དབྱངས་རྟའི་རིགས་དང་ཁྱད་ཆོས། ངག་ལ་འགུགས་པའི་སྐབས་སུ་ལུས་ངག་ཡིད་གསུམ་གྱི་ཐད་དུ་དོ་སྣང་བྱེད་དགོས་པའི་ཚུལ་ལ་གདམས་པ་སོགས་ཀྱི་སྐོར་བརྗོད་པ་དཔེར་ན། དབྱངས་རྟ་ངག་ལ་འགུགས་པའི་སྐབས་སུ་ལུས་མི་བསྡམ། མི་བཀོལ། མི་བསླད། མི་སྒྲིམ་པར་རང་སར་ཤིག་གེ་འཇོག ངག་བཙིར་བ། བསྒྲད་པ། ཅོ་ལོང་། ཙ་ཙི། བོང་སྐད། འདར་འགྱོང་སོགས་མི་བྱ་བར་རང་རང་སྐད་གང་ཡོད་ཀྱི་རང་གཤིས་དེ་གར་དབྱངས་ཀྱི་གྱེར་ཚོད་ལ་བསྟུན་ནས་རང་རང་གྲེ་ཀློང་ནས་འདོན། ཡིད་ནི་ཉམ་ང་། འཁུ་འཁྲིག ཐེ་ཚོམ། སྒྱིད་ལུག་བཏང་སྙོམས་རྣམ་གཡེང་སོགས་མ་ཡིན་པར་སེམས་གཏན་ལ་ཕབ་ནས་ལྷོད་དེ་ཤིག་གེ་ཕྱད་དེ་བས་ཀློང་ནས་རྒྱང་རྒྱང་འཐེན་པར་བྱའོ། །ཞེས་དབྱངས་རྟ་ངག་ལ་འགུག་སྐབས་ལུས་ངག་ཡིད་གསུམ་གྱི་ཕྱོགས་གང་དག་ལ་གཟབ་དགོས་ཚུལ་བསླབ་བྱའི་ཚུལ་དུ་བསྟན་ཡོད་པ་དང་། མཆོད་པའི་ཡུལ་གྱི་ངོ་བོ་དང་ཁྱད་ཆོས་རྣམ་པ་སོགས་མི་འདྲ་བའི་ཁྱད་པར་ལྟར་དབྱངས་ཀྱི་རིགས་མི་འདྲ་བའི་སྒོ་ནས་མཆོད་དགོས་ཚུལ་བསྟན་པ་དཔེར་ན། མཆོད་པའི་དབྱངས་ལའང་ཕྱི་མཆོད་ཅོ་ཀའི་འགྱུར་སྐད་ལྟ་བུ། ནང་མཆོད་བུང་བའི་ཚང་སྐད་ལྟ་བུ། གསང་མཆོད་ན་ཆུང་གྲོགས་ལ་ཆགས་པའི་གླུ་ཆུང་ལེན་པ་ལྟ་བུ། ཞི་བའི་བསྟོད་དབྱངས་ཁུ་བྱུག་གི་སྐད་ལྟ་བུ། ཁྲོ་བོ་བསྟོད་དབྱངས་ཕོ་རོག་གཟན་མཐོང་བའི་སྐད་ལྟ་བུ། བླ་མའི་བསྟོད་དབྱངས་དར་པོ་ཆེ་རླུང་གིས་བསྐྱོད་པ་ལྟ་བུ། ཡི་དམ་བསྟོད་དབྱངས་རྒྱལ་པོའི་ཁྲིམས་རྔ་བརྡུང་བ་ལྟ་བུ་ཞེས་པ་བཞིན་མཆོད་སའི་ཡུལ་གྱི་ཁྱད་པར་ལྟར་མཆོད་པའི་དབྱངས་རྟའང་མི་འདྲ་བ་རེ་ཡོད་ཚུལ་བརྗོད་པ་འདི་ལས། ཆོས་ལུགས་རོལ་དབྱངས་ཀྱི་ཁྲོད་དུ་དབྱངས་རྟའི་རིགས་ཤིན་ཏུ་མང་བར་མ་ཟད། དམངས་ཁྲོད་གླུ་གཞས་ཀྱི་དབྱངས་རྟས་ཆོས་ལུགས་རོལ་དབྱངས་ལ་ཤན་ཤུགས་ཐེབས་ཡོད་པའང་རྟོགས་ཐུབ། དཔེར་ན། གོང་དུ་གསང་མཆོད་ན་ཆུང་གྲོགས་ལ་ཆགས་པའི་གླུ་ཆུང་ལེན་པ་ལྟ་བུ་དམངས་ཁྲོད་གླུ་གཞས་ལས་ལ་ཡེ(ལ་གཞས)ཡི་དབྱངས་རྟ་ལྟ་བུ་ཡིན་པ་དང་། དེ་བཞིན་དུ་ཁུ་བྱུག་གི་སྐད་དང་ཅོ་ཀའི་འགྱུར་ལྟ་བུའི་དབྱངས་རྟའི་མིང་འདོགས་སྟངས་དེ་དམངས་ཁྲོད་གླུ་གཞས་ཀྱི་ཚིག་དང་གེ་སར་སྒྲུང་གླུ་སོགས་ལས་མཐོང་ཐུབ་པ་ལྟ་བུའོ།།མདོར་ན། «སྔ་འགྱུར་རྡོ་རྗེ་ཐེག་པའི་རིག་འཛིན་རྒྱ་མཚོའི་ལོངས་སྤྱོད་ཆས་གོས་རྒྱན་དང་རོལ་མོའི་རྣམ་བཤད་སྔགས་འཆང་རྒྱན་གྱི་མེ་ཏོག»ཅེས་པ་འདི་ལས་མདོ་སྔགས་ཀྱི་ཆོ་ག་ཕྱག་ལེན་དང་། ཡི་དམ་གྱི་ལྷ་དང་ཆོས་སྐྱོང་སྲུང་མ་སོགས་ལ་ཕྱི་ནང་གསང་གསུམ་གྱི་མཆོད་པ་འབུལ་བའི་ཁྲོད་གླུ་གཞས་ཀྱང་མཆོད་པའི་རྫས་སུ་གྱུར་ཡོད་ཕྱིར། མཆོད་དབྱངས་འབུལ་བའི་ཆོ་གའི་ཁྲོད་གླུ་གཞས་ཀྱིས་ཐོན་པའི་ནུས་པ་དང་ཡོན་ཏན། གྱེར་དབྱངས་ཀྱི་རིགས་དང་རྣམ་པ། ལུས་ངག་ཡིད་གསུམ་གྱི་སྒོ་ནས་མཆོད་དབྱངས་ཉམས་སུ་ལེན་ཚུལ་བཅས་ཕྱོགས་དང་ཟུར་སོ་སོ་ནས་གླུ་གཞས་ཀྱི་ཡོན་ཏན་དང་དབྱངས་རྟའི་ཁྱད་ཆོས། གར་དང་བྲོ་ཡི་མཆོད་ལུགས་དོན་འདུས་ལ་ཚིག་ཉུང་བའི་སྒོ་ནས་བརྗོད་ཡོད། འདི་ནི་གླུ་གཞས་ཀྱི་ནུས་པ་དང་དབྱངས་རྟའི་རིགས། བསྟོད་པའི་དོན་ཅན་གྱི་གླུ་གཞས་ཀྱི་འབྱུང་ཁུངས། ཆོས་ལུགས་ཆོ་གའི་ཁྲོད་གླུ་གཞས་ཀྱིས་ཐོན་པའི་ནུས་པ། ཆོས་ལུགས་རོལ་དབྱངས་དང་དམངས་ཁྲོད་གླུ་གཞས་ཀྱི་དབྱངས་རྟའི་བར་གྱི་འབྲེལ་བ་བཅས་ལ་ཞིབ་འཇུག་བྱེད་པར་ཟུར་ལྟའི་དཔྱད་གཞི་གལ་ཆེན་ཞིག་ཏུ་གྱུར་ཡོད་པར་སྙམ་ནས་འདིར་ཆེད་དུ་ངོ་སྤྲོད་བྱས་པ་ཙམ་མོ།།
༢༠༢༢ལོའི་«བོད་ལྗོངས་སྒྱུ་རྩལ་ཞིབ་འཇུག»དེབ་དང་པོ།
འབྲེལ་ཡོད་འོས་སྦྱོར།