logo

༄༅། །དམར་གདན་དང་དེའི་བདེ་ཐང་གི་མཚོན་བྱེད། ཧྲོང་བོ་ཚེ་བརྟན་རྒྱལ།

རྩོམ་པ་པོ།:ཧྲོང་བོ་ཚེ་བརྟན་རྒྱལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2022-09-27 ཀློག་གྲངས།:
༄༅། །དམར་གདན་དང་དེའི་བདེ་ཐང་གི་མཚོན་བྱེད།
ཧྲོང་བོ་ཚེ་བརྟན་རྒྱལ།

འགོ་བརྗོད།
        དེ་ཡང་བྲག་དཀར་རྫོང་གི་འབྲོག་ཁུལ་དུ་སྐྱེས་མ་རྣམས་ལ་དམར་གདན་ཞེས་པའི་འདོགས་ཆ་ཞིག་ཡོད་པ་དང་། བུད་མེད་ཚོ་གཉེན་སྡེབ་ཟིན་པའི་རྗེས་ནས་འདོགས་དགོས་པ་ཞིག་ཡིན། དེ་ནི་གཅིག་ནས་རྒྱན་ཆ་ཞིག་ཡིན་པ་དང་། གཉིས་ནས་གདོད་མ་ནས་འཕྱོར་བྱེད་པའི་རྒྱན་ཆ་ཙམ་མ་ཡིན་པར་བདེ་ཐང་ལ་དམིགས་ནས་བཟོས་པ་ཞིག་ཡིན་པས། གཤམ་དུ་དེའི་ཕྱོགས་ནས་ཅུང་ཙམ་གླེང་བར་བྱ།
གཅིག །དམར་གདན་ངོ་སྤྲོད།
        དམར་གདན་ནི་ཕྱིང་དཀར་བུད་མེད་ཀྱི་རྒྱབ་ངོས་ཁེབས་པ་དང་། ཕྲག་གོང་ནས་འདབ་ངོས་སུ་སླེབས་པ་ཞིག་དྲུས་ཏེ། དེའི་ནང་ངོས་རས་དམར་པོ་དང་བག་ཆུས་སྦྱོར་བ་དང་། ཕྱིང་བ་དང་རས་དམར་བག་ཆུས་སྦྱར་བ་དེའི་ནང་ངོས་རས་དཀར་པོ་ཞིག་གིས་བཏུམས་ནས་བཙེམ་པར་བྱེད། དམར་གདན་གྱི་རྒྱབ་ངོས་ནི་དཀྱིལ་ར་དང་མཐའ་ར་གཉིས་བཅས་ཀྱིས་གྲུབ། དཀྱིལ་ར་དང་མཐའ་ར་གཉིས་ཀྱི་མ་གདན་རས་ཁ་དོག་དམར་པོ་ཡིན་པ་དང་། དེ་དག་ལ་ཤུར་མ་ནག་པོས་ཁ་བཏུམས་བརྒྱབ་ནས་བཙེམ་ཡོད། དེའི་སྟེང་དུ་མེ་ཏོག་ཕབ་ཡོད། དེ་དག་གི་མཐའ་རུ་ཆུ་སྐུད་ལྗང་གུ་སྔོན་པོ་འཐེན་ཡོད་པ་དང་། དཀྱིལ་དུ་གསེར་སྐུད་འབུར་མས་ཅུང་འཁྱོག་པོར་ཤན་ཡོད། སྟོང་སྐུད་ཇ་ལ་དམར་གདན་གྱི་འདབས་རྒྱན་དུ་དཔྱངས་པར་སྐྲ་རྔ་ཟེར་ཞིང་། སྐྲ་རྔའི་ནང་རས་ཁ་དོག་དམར་པོ་ཡིན་པ་དང་། དེ་ནི་སྟེང་གི་ར་བ་དང་མཐའ་ར་གཉིས་བཅས་གསུམ་གྱི་འོག་ཏུ་གྲུ་བཞིར་བརྒྱབ་ཡོད་པའི་གྲུབ་ཆ་གཞན་ཞིག་ཡིན། ར་བའི་གོང་དུ་དུང་ཆུང་ཆུང་ཐ་ན་བསྒྲིགས་སའི་རལ་ཆུང་ཟེར་བ་ཞིག་ཡོད་པ་དེ་མིང་པོའི་སྐལ་ཡིན་ཟེར། མཐའ་ར་གཉིས་ཀྱི་གོང་དུ་དུང་ཆུང་ཆུང་ཐ་ན་བསྒྲིགས་པའི་སྣེ་གཉིས་སྐེ་རུ་མདུད་པ་དེར་འཐེན་ཐག་གཉིས་ཟེར་ཞིང་དེ་གཉིས་ནི་མིའི་རྐང་ལྤགས་གཉིས་ཀྱི་མཚོན་བྱེད་ཡིན་ཟེར།(འདི་ནི་ཕྲན་གྱི་ཨ་མས་བཤད་པ་ཡིན་ཞིང་ངའི་ཨ་མ་ནི་ད་ལོ་ལོ༦༨ཡིན། སྤྱི་ལོ༢༠༢༢ལོའི་ཟླ༩བའི་ཚེས༡༧ཉིན་གྱི་དགོང་མོར་ཕ་ཡུལ་དཔལ་ཁ་རུ་ཁ་བརྡ་ཟིན་བྲིས་སུ་བཏབ་པ་ཡིན།) གྲོགས་པོ་ཞིག་གིས་བཤད་པ་ལྟར་ན། ཁམས་མི་ཉག་སོགས་སུ་ཇ་ལར་སྟོང་སྐུད་ཟེར་བཞིན་འདུག་ཅེས་པར་དཔྱད་ཚེ། ཇ་ལ་ནི་སོག་སྐད་དམ་ཡང་ན་མན་ཇུ་སོགས་ཀྱི་སྐད་ཅི་རིགས་ཞིག་ཡིན་ངེས་སྲིད་ལ། ལ་གཞས་ཤིག་ལས་སྟོང་སྐུད་ཇ་ལ་དམར་པོ་ཞེས་པ་ཞིག་ང་ལའང་བག་ཆགས་འདུག་པ་དང་། དེ་ལས་སྟོང་སྐུད་ཅེས་པ་བོད་སྐད་དང་ཇ་ལ་ཞེས་པ་གཞན་སྐད་ཅིག་ཉིས་སྦྲགས་སུ་བཤད་པ་ཡིན་ནམ་ཡང་སྙམ། དེ་ལྟར་དམར་གདན་གྱི་རྒྱབ་ཏུ་དངུལ་དུང་འབུར་བོ་དྲུག་དུང་དང་བཞི་དུང་ཞེས། ལ་ལའི་རྒྱབ་ཏུ་མཐའ་ར་གཉིས་ཀྱི་སྟེང་དུ་གཤར་ཁ་རེར་དུང་དྲུག་རེ་དྲུག་རེ་བཅུ་གཉིས་དང་། ར་བའི་སྟེང་དུ་དུང་ཆེ་བ་དྲུག་སྟེ་ཁྱོན་དངུལ་དུང་བཅོ་བརྒྱད་བསྟར་ཡོད། ཡང་འགའ་ཤས་ལ་བཞི་དུང་ཞེས་དུང་ཆེ་བ་བཞི་བཞི་སྟེ་ཁྱོན་བཞི་གསུམ་བཅུ་གཉིས་བསྒྲིགས་ཡོད་པ་ཡིན། ད་དུང་འདི་ལས་མ་དཔེ་གཞན་ཡང་ཡོད་སྲིད་ངེས་རེད། དངུལ་དུང་ངོས་སུ་བཀྲ་ཤིས་རྟགས་བརྒྱད་ཀྱི་རི་མོ་སོགས་ཕབ་འདུག་ཅིང་། དངུལ་མགར་གྱི་ལག་རྩལ་བཞིན་རི་མོ་ཕབ་པ་དང་བརྡུང་ཆ་ལ་མཛེས་པའི་ཁྱད་པར་ཅི་རིགས་མཆིས། ཕྲག་སྟེང་དུ་དམར་གདན་འདོགས་ཐག་རས་དམར་གྱིས་བཟོས་པ་ཞེང་ཅུང་ཆེན་པོ་ཅན་གཉིས་མཆིས་ཤིང་། དེ་གཉིས་ཀྱི་ངོས་སུ་ཡང་དུང་ཆུང་བ་ཐ་ན་དྲུག་རེ་དྲུག་རེ་སྟེ་ཁྱོན་བཅུ་གཉིས་ཙམ་བསྒྲིགས་ཡོད་པ་རེད། དཀྱིལ་གྱི་རལ་ཆུང་གི་ངོས་སུ་ཡང་ཐ་ན་སྟེ་དངུལ་དུང་ཆུང་ཆུང་བཞི་ཙམ་བསྟར་ཡོད་པ་ཡིན།(གོང་དུ་བཤད་པའི་དམར་གདན་ནི་ངའི་ཕ་ཡུལ་དཔལ་ཁ་ཧྲོང་བོའི་ཆ་ལུགས་ཡིན།) རྣམ་རྒྱལ་འབུམ་གྱི«མདོ་སྨད་ཧང་ངེ་ས་ཆའི་བུད་མེད་ཀྱི་དམར་གདན་ལ་དཔྱད་པ»ཞེས་པ་རུ་ཡང་། དེ་ཡང་རྒྱུད་འདི་གཙོས་པའི་ཡུལ་གྲུ་བྱིངས་ཀྱི་བུད་མེད་རྣམས་ཀྱིས་གནའ་བོའི་དུས་སུ་ཉིན་མཚན་དུས་དྲུག་ཏུ་དམར་གདན་ཞེས་པ་ཞིག་འདོགས་སྲོལ་ཡོད་ཅིང་། དེ་ནི་གཞི་ཕྱིང་བ་དམར་པོ་ལ་འཐེན་ཐག་གཉིས་དང་རལ་བ་གཉིས། མཐའ་ཤུར་གཉིས། ཅ་གདན་བཅས་སྟོད་སྨད་བར་གསུམ་དུ་ཕྱེས་ཏེ། དེའི་སྟེང་ལ་གོང་ནས་གཤམ་ལ་ཐ་ན། ཧྲང་དུང་། ཕྲག་དུང་། དཀྱིལ་དུང་། བར་དུང་། མཐའ་དུང་བཅས་སུ་ཕྱེས།[1]ཞེས་བྲིས་ཡོད་པ་རེད། དམར་གདན་གྱི་སྟེང་དུ་དངུལ་གྱི་རྒྱན་ཆ་དེ་དག་ལ་དུང་ཞེས་འབོད་པའི་རྒྱུ་མཚན་ནི། གདོད་མའི་དུས་སུ་རྒྱ་མཚོའི་ནང་གི་དུང་དཀར་བཏགས་པ་ཡིན་ཡང་། ཕྱིས་སུ་རིམ་གྱིས་རིམ་གྱིས་དུང་དཀར་གྱི་ཚབ་ཏུ་དངུལ་གྱིས་བྱས་པ་གོར་མ་ཆག་པར་འདུག་པ་དང་། ད་ལྟའང་དམར་གདན་གྱི་དངུལ་གྱི་རྒྱན་ཆ་འདི་ལ་ཡོངས་གྲགས་སུ་དུང་ཞེས་འབོད་པ་དང་། དེ་ནི་ཐོག་མར་རྒྱ་མཚོའི་དུང་དཀར་ཡིན་པ་ཅི་ལྟར་ཤེས་སམ་ཞེ་ན། དམངས་གླུ་ཞིག་ལས་གསལ་བོར་རྟོགས་ནུས་ཏེ། ཇི་སྐད་དུ། ཕྱིས་རྒྱ་མཚོའི་ནང་ནས་དུང་གསུམ་ཐོན། །དུང་སྔོན་མ་བུས་ནས་སྟོད་ལ་སོང་། །སྟོད་དབུས་གཙང་བླ་མའི་ཚོགས་དུང་བྱས། །དུང་རེ་རེ་བུས་ན་ཚོགས་རེ་འཚོགས། །མགོ་གསེར་ཞྭ་ཅན་ལ་བརྒྱད་བརྒྱ་འཚོགས། །དུང་དེ་ཡིས་བསམ་དོན་དེ་ནས་འགྲུབ། །དུང་བར་མ་བུས་ནས་སྨད་ལ་སོང་། །སྨད་རྒྱ་ནག་རྒྱལ་པོའི་ཚོགས་དུང་བྱས། །དུང་རེ་རེ་བུས་ན་ཚོགས་རེ་འཚོགས། །མགོ་ཇ་ལ་ཅན་ལ་བརྒྱད་བརྒྱ་འཚོགས། །དུང་དེ་ཡི་བསམ་དོན་དེ་ནས་འགྲུབ། །དུང་རྗེས་མ་བུས་ནས་བོད་ལ་ཡོང་། །བོད་ཀྱི་བུ་མོའི་ཕྲག་དུང་བྱས། །དུང་རེ་རེ་བུས་ན་ཚོགས་རེ་འཚོགས། །སྐྲ་ལན་བུ་ཅན་ལ་བརྒྱད་བརྒྱ་འཚོགས། །དུང་དེ་ཡི་བསམ་དོན་དེ་ནས་འགྲུབ། །ཅེས་པ་བཞིན་ཡིན་ལ། དེང་དུས་ཀྱང་རོང་མ་འབྲོག་གི་ས་ཆ་ལ་ལར་རྒན་མོ་ཚོས་དམར་གདན་ལྟ་བུ་ཞིག་གི་ངོས་སུ་དུང་དཀར་གཅིག་ཕྱེད་གཉིས་སུ་དྲས་པ་འཇམ་པོར་བརྡར་ཏེ་བཏགས་ཡོད་པ་མཐོང་རྒྱུ་འདུག་པ་དང་། དེ་ནི་འབྲོག་པའི་དམར་གདན་གྱི་མ་ཕྱི་ཡིན་པ་གདོན་མི་ཟའོ། །
གཉིས། དམར་གདན་གྱི་བདེ་ཐང་རིན་ཐང་།
        དཔེར་ན་གསེར་སོ་ཤན་པ་ཡང་། དེང་དུས་རྒྱན་ཆ་འཕྱོར་བྱེད་སྤྱད་དང་ཡག་བཏོད་བྱེད་ཅིག་ཏུ་གྱུར་ཡོད་པ་མ་གཏོགས། སྔོན་དུས་སྦྱར་དུག་བརྟག་འགོག་གི་ཆེད་དུ་བཟོས་པ་ལྟར། དམར་གདན་ཡང་དེང་དུས་འབྲོག་ཁུལ་འགའི་བག་མ་དང་བུད་མེད་ཚོའི་རྒྱན་ཆ་གཙོ་བོ་ཞིག་ཡིན་ན་ཡང་། གདོད་མའི་དུས་ཀྱི་བྱུང་ཚུལ་ནི་མི་མ་ཡིན་འབྱུང་གདོན་གྱི་གནོད་པ་འགོག་པའི་སྲུང་འཁོར་ལྟ་བུ་ཞིག་ཡིན་ངེས་འདུག་སྟེ། གནའ་མི་རྒན་པ་འགས་བཤད་ཚུལ་ལ། དམར་གདན་གྱི་གནའ་བོའི་ཐོག་མའི་མ་གཞི་ནི་ད་ལྟའི་འདི་འདྲ་ཞིག་མ་ཡིན་པར། བུད་མེད་ཅིག་བཤས་ཟིན་པའི་པགས་པ་སྟེ། མི་པགས་ཀྱི་གཡང་གཞི་ཞེས་ཆོས་ལུགས་ཀྱི་ཆོ་ག་དྲག་པོ་རྣམས་སུ་མཐོང་རྒྱུ་འདུག་པ་དེ་ལྟ་བུ་ཞིག་ཡིན་ཟེར། དེ་ལས་དམར་གདན་ཟེར་དོན་ཡང་། བུད་མེད་དེ་བསད་ནས་པགས་པ་བཤས་མ་ཐག་གི་དམར་པགས་ཁྲག་ཅན་དེ་ལ་གོ་བ་དང་། དམར་གདན་གྱི་འདོགས་ཐག་ཕྲག་སྟེང་ནས་སྐེ་རུ་མདུད་བྱེད་དེ་ནི་མི་པགས་དེའི་རྐང་བ་གཉིས་ཀྱི་པགས་པ་ཡིན་ཟེར། དེ་ལྟར་བུད་མེད་ཀྱི་དམར་པགས་དེ་མགོ་ཐུར་དུ་དཔྱངས་ཏེ་བུད་མེད་འདོགས་མཁན་དེས་བཏགས་ཡོད་པས། དམར་པགས་དེའི་སྐྲ་ལོ་ཡོངས་སུ་བུད་མེད་འདོགས་མཁན་དེའི་འདབ་ཀ་ན་ཐུར་དུ་དཔྱངས་ཡོད་པའི་མཚོན་བྱེད་ནི། ད་ལྟའི་སྟོང་སྐུད་ཇ་ལ་དམར་པོ་ཅན་གྱི་སྐྲ་རྔ་འདི་ཡིན་ཟེར། ཕྱིས་སུ་རིམ་གྱིས་རིམ་གྱིས་དམར་པགས་ཁྲག་ཅན་གྱི་ཚབ་ཕྱིང་བ་དམར་པོ་དང་རས་དམར་པོ་སོགས་ཀྱིས་བྱས་པ་དང་། ཕྲག་སྟེང་གི་འདོགས་ཐག་ཀྱང་ཕྱིང་དམར་དང་རས་དམར་གྱིས་བཟོས་པ་རེད་ཟེར། དེ་ནི་དེ་ལྟར་བཙན་དང་བདུད། མ་མོ། བསེན་མོ། ཐེའུ་རང་འབྱུང་བོ། གནོད་བྱེད་ལྷ་འདྲེ་སོགས་མི་མ་ཡིན་གྱིས་བུད་མེད་དེ་ལ་གནོད་པ་སྐྱེལ་མི་ཐུབ་པའི་ཕྱིར་དུ་བཏགས་པ་རེད་ཟེར།
        དེ་ལྟར་བྱས་ན་བུད་མེད་དེ་མ་ཟད་བུད་མེད་དེའི་རུམ་གྱི་བྱིས་པ་ལ་ཡང་གནོད་སྐྱེལ་མི་ནུས་པ་དང་། རྒྱུད་ལས། དེ་རིགས་སྐེམ་བྱེད་གཞོན་ནུ་གདོང་དྲུག་གི །སྤྲུལ་བ་སྐྱེས་བུའི་གཟུགས་ཅན་རྣམ་པ་ལྔ། །བུད་མེད་གཟུགས་ཅན་བདུན་ཏེ་བཅུ་གཉིས་བཤད། །ལས་མཁན་ཕོ་ཉ་རྒྱལ་བོ་བསེན་མོ་གཉིས། །ཞེས་པ་སོགས་བྱིས་པའི་གདོན་ཆེན་བཅོ་ལྔས་ཀྱང་མི་ཚུགས་པར་སེམས། གཞན་གནའ་དུས་འབྲོག་ཁུལ་གྱི་བུད་མེད་ཚོས་དམར་གདན་ནི་གཉེན་བསྒྲིགས་པ་ནས་བཟུང་། ཉིན་མཚན་མེད་པར་རྒྱབ་ནས་བཀྲོལ་མི་ཉན་པར། དགོང་མོ་ཡང་འདོགས་ཐག་སྐེ་ནས་མི་བཀྲོལ་བར་དམར་གདན་དེ་སྔས་མགོའི་སྟེང་ངོས་སུ་དེད་ནས་འཇོག་པ་དང་། དེ་ལྟར་དམར་གདན་ནི་བུད་མེད་དེའི་སྐྱེས་པ་ཤི་སོང་ན་མ་གཏོགས་རྒྱབ་ནས་བཀྲོལ་མི་ཉན་ཟེར། སྐྱེས་པ་གསོན་དུས་བུད་མེད་ཀྱིས་དམར་གདན་རྒྱབ་ནས་བླངས་ན་ཕོ་སྐྱེས་ལ་ཡང་གནོད་པ་ཡིན་ཟེར། དེ་ནི་ཕལ་ཆེར་མཚན་མོར་སྐྱེས་པ་དང་བུད་མེད་ལྷན་དུ་ཉལ་དུས་སུ། བུད་མེད་ཀྱི་སྐེ་ཡི་དམར་གདན་དེས་བུད་མེད་དེ་མ་ཟད་དེའི་རུམ་གྱི་སྐྱེས་པར་ཡང་། མི་མ་ཡིན་གྱིས་གནོད་པ་བཟོ་མི་ནུས་པའི་རྒྱུ་མཚན་གྱིས་རེད་སྙམ། ཁྲག་གིས་ལག་པ་གཉིས་ཀ་དམར་པོར་བྱས་ནས་ས་མི་གཙང་ས་འདྲེ་ཡོད་སར་ཉིན་མོ་གཉིད་ན་ཡང་། འདྲེ་གདོན་མི་དེའི་ལག་པ་ཁྲག་གིས་སྦགས་པ་ལ་སྐྲག་སྟེ། གནོད་པ་ལར་ནས་བཟོ་མི་ཐུབ་པ་རེད། ཅེས་གནའ་མི་རྒན་པ་ཞིག་གིས་བདག་ལ་སྨྲ་མྱོང་། དེ་ཡང་བདེན་ངེས་ཏེ། དེ་ལྟར་མིན་ན། ས་མི་གཙང་བའི་ཡུལ་དུ་ཉིན་མོར་ཕྱུགས་རྫི་སོགས་གཉིད་ཚེ། བླ་འདྲེ་ཡིས་ཁྱེར་བ་ཡིན་ནམ། གང་ལྟར་དེ་ལ་རྐྱེན་བྱས་ཏེ་ན་ཚ་འབྱུང་ཞིང་། མཐར་སྨན་དཔྱད་གང་གིས་ཀྱང་ཕན་སྐྱེད་མེད་པར་ཤི་འགྲོ་བ་མང་བ་ནི། ང་ཚོ་ཀུན་ལ་ཉམས་མྱོང་མཐོང་ཐོས་ཡོད་ངེས་ཡིན། གཞན་ཡང་མི་བསད་པའི་གྲི་ལྕགས་སྲིན་མཛུབ་ལ་གོན་ན་མི་དེའི་བླ་འདྲེ་ཡིས་འཁྱེར་མི་ནུས་པ་དང་། མི་བསད་པའི་སྡིག་ཆེན་གྱིས་བྱིས་པའི་ཁ་ལངས་བའི་བསེན་ཐོར་བཅོས་ན། དེའི་ནད་བདག་བསེན་མོ་ཞེས་པའི་རྒྱུ་འགྲུལ་གྱི་རྗེས་འབྲངས་ཡོང་བའི་འདྲེ་མོ་དེའི་གནོད་པ་ལས་གྲོལ་ཐུབ་སོགས་ལ་བསམ་གཞིགས་བྱས་ཚེ་མི་མ་ཡིན་ལྷ་འདྲེ་འབྱུང་བོ་སོགས་ཀྱང་། མི་གསོད་མཁན་གྱི་སྡིག་ཆེན་དང་། སྡིག་ཆེན་གྱི་མཚོན་ཆ། ཁྲག་དམར་སོགས་ལ་སྐྲག་མཁན་ཞིག་ཡིན་པའི་ཆ་ནས། གདོད་མའི་མི་པགས་ཀྱི་དམར་གདན་ནི་གདོན་འགོག་གི་སྲུང་འཁོར་ལྟ་བུ་ཞིག་ཡིན་ཞེས་པའང་དོན་དུ་གནས་པར་སྙམ་མོ། །སྔོན་དུས་བུད་མེད་ཀྱིས་བྱིས་པ་བཙས་མ་ཐག། འགྲུལ་བར་འཛེམས་ཆེད་སྦྲའི་སྒོ་ཆོན་གྱི་ཀ་ར་བླངས་ནས། སྦྲ་སྒོ་མར་ཕབ་པ་དང་། སྒོ་ནས་ལུད་ལ་མེ་སྒྲོན་ནས་དུ་བདུག་བྱེད། ད་དུང་བཙན་ཁ་མི་རྒྱག་པའི་ཕྱིར་དུ་མགོ་རས་དམར་པོ་ཞིག་གཡོགས་པ་ནི། ང་ཆུང་དུས་ཨ་མར་བྱིས་པ་སྐྱེ་དུས་དངོས་སུ་མཐོང་མྱོང་བ་ཡིན། དཔེ་དེ་དང་ཕྱོགས་མཚུངས་པ་མི་ལྤགས་ཀྱི་གཡང་གཞི་གྱོན་པ་ཐང་ག་དང་ཆོས་སྤྱོད་དག་ལས་ཀྱང་མཐོང་ཐུབ་སྟེ། དཔེར་ན། སྐུ་སྟོད་ལ་མི་ལྤགས་ཀྱི་གཡང་གཞི་མགོ་གཡས་སུ་བསྟན་ནས་གྱོན་པ། འབྲི་བྱ་ལ་མི་ལྤགས་ཀྱི་ལག་པ་དང་རྐང་བ་གཡོན་པ་གཉིས་ཐུགས་ཀའི་སྟོད་དུ་མདུད་པའི་རྣམ་པ་བྱས་ན་ལེགས་པར་བཤད་དོ། །[2]ཞེས་མ་ཅིག་ཁྲོས་མ་ནག་མོའི་སྐུ་སྟོད་དུ་མི་ལྤགས་ཀྱི་གཡང་གཞི་གྱོན་ཡོད་པ་དང་། མི་ལྤགས་ཀྱི་ལག་པ་དང་རྐང་བ་གཡོན་པ་གཉིས་ཐུགས་ཀའི་སྟོད་དུ་མདུད་པ་བརྒྱབ་ཡོད། ལྷ་འདྲེ་བཀའི་ཐང་ཡིག་ཏུའང་། གཏིང་གི་མཚོ་སྨན་ཤ་གདོང་མ། །སྐུ་མདོག་གཡུ་མཐིང་འོད་དུ་འཚེར། །སྦྲུལ་ནག་རལ་པས་ལུས་ཀུན་ཁེབས། །སྟག་སྨན་གདོང་དང་སྲིན་པོ་གསུམ། །སྲོག་གཅོད་ལག་ན་རལ་གྲི་ཐོགས། །ཟས་སུ་མི་ཤ་རྟ་ཤ་ཟ། །སྐོམ་དུ་མི་ཁྲག་རྟ་ཁྲག་འཐུང་། །མི་ལྤགས་སྟོང་གི་ཐུལ་བ་གྱོན། །[3]ཞེས་མི་ལྤགས་སྟོང་གི་ཐུལ་བ་གྱོན་པར་གསུངས་པ་སོགས་ནི། འབྲོག་པའི་དམར་གདན་གྱི་མ་དཔེ་རེད་ཟེར་རྒྱུ་དཀའ་མོད། ཡིན་ན་ཡང་། དེ་གཉིས་ཀྱིས་མི་ལྤགས་གྱོན་པ་ཀུན་ནས་ཆ་འདྲ་བས། ཕལ་ཆེར་ལྷའི་ཆ་ལུགས་དེ་འདྲ་མིས་གདོན་འགོག་གི་སྲུང་འཁོར་དུ་གྱོན་པའང་མིན་ནམ་སྙམ་པ་དང་། ལྷའི་མནབས་བཟའ་བསྣབས་ལུགས་ནི་གདོད་དུས་ཀྱི་མིའི་གྱོན་པ་གྱོན་སྟངས་ཡིན་པའང་མཆིས་སྲིད་པ་ནི། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས། ཡུལ་གྱི་ལྷ་དང་སྔོན་གྱི་མི་གཉིས་དཔེ་སྦྱར་ནས་དཔྱད་པ་བྱས་པ་འདི་འདྲ་ལ། མང་པོ་དག་བྱིས་པའི་རིགས་པ་ལྟ་བུར་སེམས་ངེས་མོད། རྒྱ་གར་གྱི་གངྒཱའི་ལྷ་མོས་རྐང་གདུབ་གྱོན་པ་དང་། ཨ་མདོའི་རྨ་རྒྱལ་སྤོམ་རའི་ཕྱིང་ཞྭ། རྒྱ་ནག་གི་ཀོན་ཡིན་ཕུ་སཱས་བེར་སྔོན་གྱོན་པའི་བར་ཞིབ་ཏུ་ལྟོས་དང་། ཡུལ་མིའི་ཆ་ལུགས་སུ་བྱས་མ་བྱས་མངོན་སུམ་དུ་མཐོང་བར་འགྱུར་རོ། །[4]ཞེས་པ་ལྟར་རོ། །
        དམར་གདན་གྱི་ངོས་སུ་དུང་དཀར་བཏགས་པའི་རྒྱུ་མཚན་ཡང་། ཐོག་མར་བདེ་ཐང་ལ་དམིགས་པ་ལས་རྒྱན་འཕྱོར་གྱི་ཆེད་མིན་པ་གོར་མ་ཆག་ཅིང་། དུང་དཀར་གྱི་ནུས་པ་ནི། རྒྱུད་ལས། དུང་གིས་རྣག་སྐེམ་འགྱིངས་འབིགས་རུས་ཚད་སེལ། །[5]ཞེས་པ་དང་། བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་རྒྱལ་གྱིས། དུང་ཡང་རོ་བསྐ་ཞུ་རྗེས་བསིལ་བ་སྟེ། །ནུས་པས་རྣག་སྐེམ་འགྱིང་བ་འབིགས་བྱེད་ཅིང་། །རུས་ཚད་འབྲས་འཇོམས་ཆུ་སེར་དམུ་ཆུ་སྐེམ། །[6]ཞེས་པ་ལྟར། འདི་ནི་ཁོང་དུ་བསྟེན་པའི་དུང་ཐལ་གྱི་ནུས་པ་ཡིན་པ་དང་། རྒྱབ་ཏུ་བཏགས་པ་ལའང་དེ་ལུགས་ཀྱི་ནད་འགོག་གི་ཕན་ནུས་ཡོད་སྲིད་པ་ལ། སྨན་གྱི་འཁྲུངས་དཔེ་དྲི་མེད་ཤེལ་གྱི་མེ་ལོང་ལས།  ནུས་པས་རུས་ཚད་སེལ་ཞིང་རུས་པ་གསོ།[7]ཞེས་པ་ནི་རྗེན་པའི་ཕན་ནུས་སུ་གོ །རྗེས་སུ་དུང་གི་ཚབ་དངུལ་དུང་གིས་བྱས་པ་ཡིན་ཞིང་། དངུལ་གྱི་ནུས་པ་ནི། རྒྱུད་ལས། དངུལ་གྱིས་ཆུ་སེར་ནད་དང་རྣག་ཁྲག་སྐེམ། །[8]ཞེས་པ་དང་། སྨན་གྱི་འཁྲུངས་དཔེ་དྲི་མེད་ཤེལ་གྱི་མེ་ལོང་ལས། དུག་འཇོམས།[9]ཞེས་བཤད་ཡོད། རང་རེ་བོད་ཀྱང་དངུལ་གྱི་རྒྱན་ཆ་ལ་དགའ་བོ་ཡོད་དེ། དངུལ་གྱི་མཛུབ་དཀྲིས་དང་། དངུལ་གྱི་ལག་མགོ་གོན་པ། དངུལ་གྱི་རྣ་ལུང་འདོགས་པ། དངུལ་ཕོར། དངུལ་ཐུར། དངུལ་གྱི་ཀ་ཏོ་ར། དངུལ་གྱི་གའུ་སོགས་ཤིན་ཏུ་མང་། ཁྱད་པར་བུད་མེད་ཚོས་དངུལ་གྱི་བཞོ་ལུང་། དངུལ་གྱི་གློ་གཟར་ཉི་ཟླའི་རྣམ་པ་ཅན་འདོགས། དངུལ་གྱི་རྐེད་བཅིངས་འཆང་། དངུལ་སོ་ཤན་པ། དངུལ་གྱི་རལ་བསྟར། དངུལ་གྱི་སྐོ་རུ་སོགས་དངུལ་གྱི་རྒྱན་ཆ་མང་པོ་འདོགས་རྒྱུར་ཤིན་ཏུ་དགའ། སྔོན་དུས་དངུལ་གྱི་ཕན་ནུས་ལ། གསོ་རིག་གི་ཐད་ནས་ཞིབ་བརྟག་མང་དུ་མཛད་མཐར། ཆ་ལུགས་དང་རྣམ་པ་ཕུན་སུམ་ཚོགས་པའི་སྒོ་ནས། བདེ་ཐང་ལ་དམིགས་ཏེ་ད་ལྟའི་རྒྱན་ཆ་འདི་ལྟ་བུ་མང་པོ་ཞིག་སྤུད་པ་གོར་མ་ཆག་མོད། ཡིན་ན་ཡང་། ཕྱིས་སུ་རིམ་གྱིས་རིམ་གྱིས་བོད་ལུགས་གསོ་དཔྱད་བདེ་ཐང་རིག་པ་དེ་ཉམས་དམས་སུ་གྱུར་ཏེ། ཐ་ན་ད་ལྟ་རྒྱན་ཆ་ལྟ་བུ་ཞིག་མ་གཏོགས་དེའི་ཕན་ནུས་ཀྱང་རྟོགས་དཀའ་བའི་ཚོད་དུ་སླེབས་པ་རེད། ལུས་ལ་ཚ་བ་ཆེར་རྒྱས་ཚེ་དངུལ་གྱི་མཛུབ་དཀྲིས་ཀྱི་ཁ་དོག་ནག་པོར་འགྱུར་འགྲོ་བ་སོགས་ནི། ཐམས་ཅད་ཀྱིས་ཤེས་གསལ་ལྟར་དང་། དེ་ནི་རྒྱུད་ཀྱི་སྦྱར་དུག་ཡིན་མིན་དངུལ་གྱིས་བརྟག་ཐབས་ལས། ར་མེད་དངུལ་ལེབ་སོ་ནང་རྟོད་ལ་བཞག །ནང་པར་མདོག་ཉམས་ཕྱི་བ་དཀའ་ན་ཡིན། །[10]ཞེས་པ་བཞིན་ནད་དུག་དངུལ་གྱིས་བླངས་པ་མ་ཡིན་ནམ། ང་རང་སྔོན་དུས་ཤིག་ལ་ཡུན་ནན་ཞིང་ཆེན་གྱི་ཞི་ཧྲོང་པན་ན་རུ་འགྲོ་མྱོང་ཞིང་། དེ་གའི་ཏའེ་རིགས་ཀྱི་བུད་མེད་རྣམས་ཀྱིས་ཉུང་མཐར་ཡང་། དངུལ་རྒྱ་མ་གཉིས་ཅན་གྱི་སྐེད་བཅིངས་མིག་ལ་མཛེས་ཤིང་བརྡུང་ཆ་ལེགས་པའི་མཉེན་འགྱུར་ཅན་རེ་རེ་འཆིངས་ཡོད་པ་དང་། ཁོ་མོ་ཚོས་བཤད་ན་དེ་ནི་ཤ་ལ་གླན་ནས་བཅིངས་དགོས་ཤིང་། དེས་ནི་བུད་མེད་ཀྱིས་བྱིས་པ་བཙས་རྗེས་སོགས་སུ་གྲུམ་བུའི་ནད་མི་འབྱུང་བའི་ཆེད་ཡིན་ཟེར། དེ་ལས་བོད་པའི་དངུལ་གྱི་རྒྱན་ཆ་མང་པོ་འདོགས་པའི་དམིགས་ཡུལ་ཡང་དེ་ལས་མ་འདས་པར་སྙམ་མོ། །
མཇུག་གི་གཏམ།
        འདི་ལྟར་ཕ་ཡུལ་བྲག་དཀར་རྫོང་གི་འབྲོག་ཁུལ་གྱི་དམར་གདན་དང་དེའི་བདེ་ཐང་གི་རིན་ཐང་བཅས་ལ་རང་བློས་ལྕོགས་ཚོད་ཀྱིས་ངོ་སྤྲོད་ཙམ་བྱེད་ཁུལ་བྱས་ཡོད་མོད། ཡིན་ན་ཡང་། དཔྱད་གཞིའི་ཡིག་ཆ་དཀོན་པ་དང་། རང་གི་ཡོན་ཚད་དམན་པ། དཔྱད་རྩལ་ཞན་པ། ལྟ་རྒྱ་མཐོང་རྒྱ་ཆུང་བ་བཅས་ཀྱི་དབང་གིས་ཡིད་ཚིམ་པ་ཞིག་བཤད་མ་ཐུབ་པས། རེ་ཞིག་འདི་ཙམ་གྱིས་མཇུག་སྡུད་པར་བྱའོ། །

དཔྱད་གཞིའི་ཡིག་ཆ།
[1] མདོ་སྨད་ཧང་ངེ་ས་ཆའི་བུད་མེད་ཀྱི་དམར་གདན་ལ་དཔྱད་པ། རྣམ་རྒྱལ་འབུམ། བོད་ཀྱི་དམངས་སྲོལ་རིག་གནས། ༢༠༢༡ལོའི་དེབ༤
[2] ༄༅། །བཀའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཟབ་མོ་སྙན་བརྒྱུད་གཅོད་ཀྱི་གཞུང་མང་ཕྱོགས་གཅིག་ཏུ་བསྒྲིགས་པ་བཞུགས་སོ།། བསྡུ་སྒྲིག་པ། དྷཱི་ཚ་ཡེ་ཤེས་རྒྱ་མཚོ། p༢༨༨
[3] བཀའ་ཐང་སྡེ་ལྔ། གུ་རུ་ཨུ་རྒྱན་གླིང་པས་ཡར་ཀླུངས་ཤེལ་གྱི་བྲག་ཕུག་ནས་བཏོན་པ། མི་རིགས་དཔེ་སྐྲུན་ཁང་གིས༡༩༩༧ལོའི་ཟླ༥པར་པེ་ཅིན་དུ་པར་ཐེངས༣པ་བརྒྱབ་པ། p༣༤
[4] དེབ་ཐེར་དཀར་པོ། དགེ་འདུན་ཆོས་འཕེལ་གྱིས་བརྩམས། མི་རིགས་དཔེ་སྐྲུན་ཁང་གིས་༢༠༠༥ལོའི་ཟླ༦པར་པེ་ཅིན་དུ་པར་ཐེངས༣པ་བརྒྱབ། p༡༩
[5][8][10] ༄༅། །བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཅེས་བྱ་བ་བཞུགས་སོ། །གཡུ་ཐོག་ཡོན་ཏན་མགོན་པོས་རྩོམ་སྒྲིག་མཛད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས༢༠༠༠ལོའི་ཟླ༥པར་པར་ཐེངས་༣བཏབ། p༦༦  p༦༦
[6] ༄༅། །སྔོ་འབུམ་སྨན་གྱི་གཏེར་མཛོད། གཡུ་ཐོག་ཡོན་ཏན་མགོན་པོ་སོགས། མི་རིགས་དཔེ་སྐྲུན་ཁང་གིས༢༠༠༦ལོའི་ཟླ༦པར་པེ་ཅིན་དུ་པར་ཐེངས་དང་པོ་བརྒྱབ། p༣༢༨
[7][9] སྨན་གྱི་འཁྲུངས་དཔེ་དྲི་མེད་ཤེལ་གྱི་མེ་ལོང་། དགའ་བའི་རྡོ་རྗེས་བརྩམས། མི་རིགས་དཔེ་སྐྲུན་ཁང་གིས༢༠༡༨ལོའི་ཟླ་དང་པོར་པེ་ཅིན་དུ། p༣༣ p༣༦
2022-9-17
འབྲེལ་ཡོད་འོས་སྦྱོར།