བོད་ཀྱི་ལོ་ཚེས་བགྲང་ཚུལ་གྱི་འབོད་མིང་དང་དེའི་དོན་ཐོབ་ཡི་གེ་ལ་དཔྱད་པ།
རྩོམ་པ་པོ།:ཀུན་ཁྱབ་ཀླུ་བྱམས། ཆོས་འཚོ་སྐྱི
ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ།
དུས་ཚོད།:2022-09-29
ཀློག་གྲངས།:
བོད་ཀྱི་ལོ་ཚེས་བགྲང་ཚུལ་གྱི་འབོད་མིང་དང་དེའི་དོན་ཐོབ་ཡི་གེ་ལ་དཔྱད་པ།
ཀུན་ཁྱབ་ཀླུ་བྱམས། ཆོས་འཚོ་སྐྱིད།
[ནང་དོན་གནད་བསྡུས།] དཔྱད་རྩོམ་འདིར། ལྗོངས་ཞིང་ལྔའི་མཉམ་བསྒྲིགས་སློབ་དེབ(སློབ་ཆུང་ལོ་རིམ་བཞི་བའི་སྐད་ཡིག་སྟོད་ཆ)སོགས་སུ། དེ་རིང་སང་ཉིན་གནངས་ཉིན། གཞེས་ཉིན་དགུ་ཉིན་བཅུ་ཉིན། དེ་རིང་ཁ་སང་ཁེ་ཉིན། གཞེ་ཉིན་དགུ་ཉིན་བཅུ་ཉིན། ད་ལོ་སང་ལོ་གནངས་ལོ་དགུ་ལོ་བཅུ་ལོ། ད་ལོ་ན་ནིང་གཞེ་ནིང་དགུ་ནིང་བཅུ་ནིང་། ཞེས་དགུ་ཉིན་དང་། དགུ་ལོ། དགུ་ནིང་བཅས་ལ་སྒྲ་ཐོབ་ཙམ་གྱི་ཡི་གེ་གྲངས་ཀྱི་དགུ་བྲིས་ཡོད་པ་དང་། ད་དུང་བཅུ་ཉིན་དང། བཅུ་ལོ། བཅུ་ནིང་ཟེར་བའི་ཐ་སྙད་འགའ་གསར་སྣོན་བགྱི་ཁུལ་བྱས་ཏེ། བོད་ཀྱི་ལོ་ཚེས་བགྲང་ཚུལ་སྐོར་གྱི་རྒྱུན་སྤྱོད་མིང་བརྡ་ཁག་ཅིག་ལ་བསྲེས་བསླད་དང་ཡིག་སྐྱོན་དོན་སྐྱོན་ཐེབས་ཡོད་པ་གླེང་གཞིར་བཟུང་ནས། དེ་དག་གི་སྒྲ་ཐོབ་ཡི་གེ་གང་དང་དོན་ཐོབ་ཡི་གེ་དངོས་གང་ཡིན་ཐད་ལ་ཡུལ་ཁམས་སོ་སོའི་མིང་གི་འབོད་སྟངས་རྣམས་གུང་བསྒྲིགས་ནས་གཤིབ་བསྡུར་དང་། ཡུལ་ལུང་དེ་དག་གི་མཁས་པ་དང་རྒན་རབས་པ་ཁག་ཅིག་ལ་བཀའ་འདྲི་དང་རྒྱུས་ལོན་གསལ་བོ་བྱས་ཏེ། བོད་རང་གི་སྐད་བརྡ་རིག་པའི་འགྲོས་དང་མཐུན་ཅིང་ཁ་སྐད་ཡིག་སྐད་གཉིས་བར་གྱི་སྒྲ་ཡི་འགྱུར་ལུགས་དང་། དོན་གྱི་འབབ་ལུགས་ཀྱི་ཆོས་ཉིད་དང་མི་འགལ་བར་ལུང་དང་རིགས་པས་དཔྱད་པ་ཞིབ་མོ་བགྱིས་ནས། གསང་བ་ལྐོག་གྱུར་དུ་ཕྱིན་པའི་མིང་བརྡ་དེ་དག་གི་དཀའ་གནད་རེ་རེ་བཞིན་བཀྲལ་ཡོད།
[བརྡ་ཆད་གཙོ་བོ།] དགུ་ཉིན། དགུ་ལོ། དགུ་ནིང་། བཅུ་ཉིན། བཅུ་ལོ། བཅུ་ནིང་། གཞེས་ཉིན།
དང་པོ། གླེང་སློང་བའི་གཏམ།
གཉིས་པ། ཡིག་ནོར་ངོས་འཛིན་པ།
གོང་འཁོད«མཉམ་བསྒྲིགས་སློབ་དེབ»ཀྱི(མཚོ་སྔོན་གྱི་པར་གཞི)ལྡེབ36པར། གཉིས་པ། ངས་གཤམ་གྱི་ཡི་གེ་ཀློག་པ་དང་བསྡུར་ནས་བློར་འཛིན་རྒྱུ།དེ་རིང་སང་ཉིན་གནངས་ཉིན།
གཞེས་ཉིན་དགུ་ཉིན་བཅུ་ཉིན།
དེ་རིང་ཁ་སང་ཁེ་ཉིན།
གཞེ་ཉིན་དགུ་ཉིན་བཅུ་ཉིན།
ད་ལོ་སང་ལོ་གནངས་ལོ་དགུ་ལོ་བཅུ་ལོ།
ད་ལོ་ན་ནིང་གཞེ་ནིང་དགུ་ནིང་བཅུ་ནིང་།
ཞེས་འབྱུང་བ་དག་ལས། དགུ་ཉིན་དང་བཅུ་ཉིན། དགུ་ལོ་དང་བཅུ་ལོ། དགུ་ནིང་དང་བཅུ་ནིང་བཅས་ནི་མ་བརྟག་ཉམས་དགའི་ངོར་བཤད་གོམས་འབྲི་གོམས་སུ་ཕྱིན་ནས་འགྲིག་འགྲིག་ལྟར་སྣང་ཡང་། དོན་གྱི་གནད་དང་ཚིག་གི་བབ་ལ་དཔྱད་ཚེ་ཁུངས་ལུང་དང་སྒྲུབ་བྱེད་མེད་པར་སྒྲ་ཙམ་ཉིད་ལ་བརྟག་ནས་རྩོམ་སྒྲིག་པ་རེ་གཉིས་ཀྱི་ཞེ་འདོད་ལྟར་བྲིས་པ་ཞིག་མིན་ནམ་སྙམ་པའི་བཟོ་ལྟ་ཞིག་མངོན་འདུག་ཅིང་། ལྷག་པར་དུ། བོད་ཀྱི་ལོ་ཚེས་བགྲང་ཚུལ་ཁྲོད། བཅུ་ཉིན་དང་། བཅུ་ལོ། བཅུ་ནིང་ཟེར་བ་ཞིག་སྦྱར་བ་དེ་ནི་བོད་ཁམས་སྤྱི་ལ་མ་གྲགས་པའི་བརྩི་སྟངས་གསར་བ་ཞིག་ཁ་སྣོན་ཙམ་དུ་ཟད། ཅིའི་ཕྱིར་ཞེ་ན། ཁོ་བོས་མཚོ་སྔོན་དང་ཀན་སུའུ། སི་ཁྲོན་བཅས་ཀྱི་ཨམ་སྐད་སྨྲ་ཁོངས་ཀྱི་ཤེས་ལྡན་ཁག་ཅིག་ལ་དངོས་བརྒྱུད་གང་རུང་ནས་བོད་ཀྱི་ལོ་ཚེས་བགྲང་ཚུལ་སྐོར་བརྩད་འདྲི་བྱས་པར་མ་ཟད། ད་དུང་བོད་ལྗོངས་ཕྱོགས་ཀྱི་ཡུལ་ཁམས་འགའ་རེ་ལའང་རྩད་གཅོད་བྱས་ཚེ། ད་གཟོད་སློབ་དེབ་དེའི་ཁྲོད་ཀྱི་བརྗོད་ལུགས་རེ་འགའ་ལ་གནས་ལུགས་མེད་པ་ཤེས་རྟོགས་བྱུང་བས་ཡིན། །
གསུམ་པ། ཡུལ་ཁམས་སོ་སོའི་མིང་གི་འབོད་སྟངས་ཀྱི་གཤིབ་བསྡུར།
༡ མཚོ་སྔོན་མགོ་ལོག་གི་སྐད་དུ།ཁ་སྩང་། ཁེ་ཉིན། གཞེས་ཉིན། རྒས་ཉིན།(རྒས་སྒྲ་ཉིད་ཐོན་ཟེར།) ན་ནིང་། གཞི་ནིང་། རྒི་ནིང་ཟེར་བ་ལས་དེའི་ཕན་ཆད་དུ་བརྩི་རྒྱུ་མེད་ཟེར།(དོན་ཐོབ་ཡི་གེ་རྒ་ནིང་ཡིན་ཚུལ་སྐོར་འོག་ཏུ་འབྱུང་ངོ་།)
༢ མཚོ་སྔོན་ཐེམ་ཆེན་རྫོང་གི་སྐད་དུ།
དེ་རིང་། ནངས་ཁ། གནངས་ཉིན། གཞེས་ཉིན། རྒས་ཉིན་བཅས་ཟེར་བ་ལས། བཅུ་ཉིན་ཟེར་བ་ས་ཆ་དེ་ནས་གོ་མ་མྱོང་ཟེར། དགུ་ཉིན་མི་ཟེར་བར་རྒས་ཉིན་གྱི་སྒྲ་དག་པར་ཐོན་ཟེར་ལ། བཅུ་ཉིན་དེ་ཡང་དགུ་ཉིན་ལ་གྲངས་ཀྱི་དགུ་ཞེས་བྲིས་པས་བཅུ་ཞེས་རང་གར་དུ་བྲིས་པར་སྣང་ཟེར། གནའ་དང་མ་ཡིན་ན། ཁེ་ཉིན་ཁ། གཞེས་ཉིན་ཁ་ཟེར་སྲོལ་ཡོད་ཟེར། ན་ནིང་། གཞི་ནིང་། རྒི་ནིང་ཟེར་བ་ལས་དེའི་ཕན་ཆད་དུ་བརྩི་རབས་མེད་ཟེར། ཁ་སྩང་། དེ་རིང་། ནངས་ཁ།(ནངས་སྔ)བཅས་ལས། བཅུ་ནིང་ཟེར་བ་ད་ཐེངས་མ་གཏོགས་གོ་མ་མྱོང་ཟེར།
༣ མཚོ་སྔོན་འབའ་རྫོང་གི་སྐད་དུ།
ཁ་སང་ཁེ་ཉིན་གཞེས་ཉིན་རྒས་ཉིན།(རྒས་སྒྲ་ཐོན་ཟེར།) ནངས་ཁ་གནངས་ཉིན་གཞེས་ཉིན་རྒས་ཉིན།(རྒས་སྒྲ་ཐོན་ཟེར།) ན་ནིང་གཞེ་ནིང་རྒི་ནིང་།(རྒི་སྒྲ་ཐོན་ཟེར།) བཅུ་ཉིན་དང་བཅུ་ནིང་སོགས་ཐོས་མ་མྱོང་ཟེར།
༤ མཚོ་སྔོན་ཡུལ་ཤུལ་ཁུལ་གྱི་སྐད་དུ།
དེ་རིང་། སང་ཉིན། གནངས་ཉིན།(དེ་རིང་། ནངས་ཁ། གནངས་ཉིན་ཞེས་ཟེར་ཚུལ་ཡང་མཆིས་ཟེར།)ཞེས་དང་། ད་ལོ། སང་ལོ། གནངས་ལོ། ཁ་སང་། ཁ་གཞེས་ཉིན་མ། ཁ་རྒི་ཉིན་མ། ན་ཉིན་ལོ། གཞེས་ཉིན་ལོ། རྒི་ཉིན་ལོ་ཟེར།
༥ ཀན་སུའུ་ཀླུ་ཆུ་རྫོང་གི་སྐད་དུ།
དེ་རིང་། ཁ་སྩང་། ཁེ་ཉིན། གཞེས་ཉིན། རྒས་ཉིན་བཅས་ལས་དེའི་ཕན་ཆད་དུ་བརྩི་རྒྱུ་མེད་ཟེར། དེ་རིང་། ནངས་ཁ། གནངས་ཉིན། གཞེས་ཉིན། རྒས་ཉིན། དོ་ཚིགས། ན་ནིང་། གཞེས་ནིང་། རྒས་ནིང་བཅས་ཁོ་ཚོས་ནམ་རྒྱུན་དུ་བཤད་པའི་སྐད་ཆ་དངོས་ཀྱི་སྒྲ་ཡིན་ཟེར།
༦ ཀན་སུའུ་རྨ་ཆུ་རྫོང་གི་སྐད་དུ།
ཉིན་ཞག་ལ་སྦྱར་ནས་འཆད་སྐབས་འདས་མ་གཉིས་ལ་ལྔ་རེ་ལས་བརྩི་རྒྱུ་མེད་ཟེར། དེ་རིང་། ཁ་སང་། ཁེ་ཉིན། གཞེས་ཉིན། རྒའུ་ཉིན།(རྒས་ལ་རྒའུ་སྒྲ་ཐོན) དེ་རིང་། ནངས་ཁ། གནངས་ཉིན། གཞེས་ཉིན། རྒའུ(རྒས) ཉིན་ལས་དགུ་ཉིན་གྱི་སྒྲ་མི་ཐོན་ལ་བཅུ་ཉིན་ཟེར་རྒྱུ་ཞིག་མེད་ཟེར། ལོ་བགྲང་སྐབས་བཞི་ལས་མེད་དེ། དོ་ཚིགས། ན་ནིང་། གཞི་ནིང་། རྒི་ནིང་བཅས་ལས་བཅུ་ནིང་ཟེར་རྒྱུ་མེད། དོ་ཚིགས། སང་བོད།(ཕོད) གཞི་བོད། རྒི་བོད་ཟེར།
༧ ཀན་སུའུ་དཔའ་རིས་རྫོང་གི་སྐད་དུ།
དེ་རིང་། ནངས་མོ། གནངས་ཉིན། གཞེས་ཉིན། རྒས་ཉིན། དེ་རིང་། འདའ་རོང་།(ཁ་སང་གི་དོན) ཁས་ཉིན་པར། གཞེས་ཉིན་པར། དོ་ཙིག ནིང་ལོ་ཟེར་བ་སོགས་ཀྱང་མཆིས་ཟེར།(ས་འདི་ན་བཅུ་ཉིན་དང་བཅུ་ནིང་ཟེར་བ་མེད་ལ་རྒས་ཉིན་དང་རྒས་ནིང་ལ་དགུ་སྒྲ་མི་ཐོན་པར་རྒས་ཞེས་པའི་སྒྲ་ཡ་མཚན་པ་ཞིག་ཐོན་ཟེར།)
༨ སི་ཁྲོན་ཁྱུང་མཆུ་རྫོང་གི་སྐད་དུ།
དེ་རིང་། སང་ཉིན། ཐོ་རིས་ཀྱང་ཟེར། གནངས་ཉིན། གཞེས་ཉིན། རྒས(རྒའུ) ཉིན་ཞེས་འབོད་ཚུལ་རྣམས་རེབ་ཀོང་ཡུལ་གྱི་ཞོ་ཕོང་དང་སྒྲ་མཚུངས། ཁ་སང་།(ཁ་སྩང་ཡང་ཟེར།) ཁ་ཉིན། དེའི་སྔར། ཕར་ཉིན། ན་ནིང་། གཞེས་ནིང་། རྒི་ནིང་། དེའི་སྔར་ལོ་བཅས་ཟེར་བ་ལས། བཅུ་ཉིན་དང་བཅུ་ནིང་ཟེར་བ་མེད་ཟེར། དགུ་ཉིན་ཞེས་དང་རྒས་ཉིན་ཟེར་བ་གཉིས་ལས་རྒས་ཉིན་གྱི་སྒྲ་ཐོན་ཚུལ་ཡུལ་གཞན་རྣམས་དང་འདྲ་པོ་འདུག་ཟེར།
༩ སི་ཁྲོན་རྔ་བ་རྫོང་གི་སྐད་དུ།
དེ་རིང་། ཁ་སང་། ཁས་ཉིན། སྔ་ཉིན།(ཕར་ཉིན་ཡང་ཟེར)ཕྱི་ཉིན། དེ་རིང་། སང་ཉིན། གནངས་ཉིན། གཞེས་ཉིན། རྒས་ཉིན། རྒའི་ཕར་ཉིན་ཟེར། དོ་ཚིགས། ན་ནིང་། གཞེས་ནིང་། རྒི་ནིང་བཅས་ལོ་ལ་བརྩི་ཚུལ་བཞི་ཡོད་པ་ལས་བཅུ་ཉིན་དང་བཅུ་ནིང་བཅུ་ལོ་བཅས་མི་ཟེར་བ་མ་ཟད། རྒས་ཉིན་སོགས་ལ་ལོ་རྒས་པའི་རྒས་སྒྲ་དག་མོ་ཐོན་ཟེར།
༡༠ སི་ཁྲོན་མཛོད་དགེ་རྫོང་ཁོངས་ཀྱི་ཐེ་བོའི་སྐད་དུ།
ཁ་ཙང་། ཁེ་འབའ། གཞེས་འབའ་ཟེར། ན་ནེ། གཞེས་ནིའུ། རྒི་ནིའུ་བཅས་ལོ་གསུམ་ལས་བརྩི་རྒྱུ་མེད་ཟེར།
༡༡ བོད་ལྗོངས་ནག་ཆུ་ས་ཁུལ་གྱི་སྐད་དུ།
⑴ ཁར་རྩང་། ཁར་ཉིན། ཁར་གཞེས་ཉིན། ཁར་རྒི་ཉིན། ནངས་ང་། གནངས་ཉིན། གཞེས་ཉིན། རྒི་ཉིན། ན་ནིང་། གཞེ་ནིང་། རྒི་ནིང་། ཞེས་དང་། ⑵ ཁར་སྩང་། ཁར་ཉིན་མོ། ཁར་གཞེས་ཉིན། སང་ཉིན། གནངས་ཉིན། གཞེས་ཉིན། རྒས་ཉིན། ན་ཉིང་། གཞེས་ཉིང་། རྒིས་ཉིང་། ཞེས་དང་། ⑶ ཁར་རྩང་། ཁར་ཉིན་མོ། ཁར་གཞེས་ཉིན་མོ། ཁར་རྒིས་ཉིན་མོ། ནངས་སྔར། གནངས་ནངས་། གཞེས་ནངས་རྒས་ནངས་། ཉ་ཉིང་གཞེས་ཉིང་། ཞེས་དང་། ⑷ དེ་རིང་། སང་ཉིན། གནངས་ཉིན། གཞེས་ཉིན། རྒི་ཉིན། དེ་རིང་། ཁ་སང་། ཁས་ཉིན། གཞེས་ཉིན། རྒི་ཉིན། ད་ལོ། སང་ཕོད། གནངས་ཕོད། གཞེས་ཕོད། རྒས་ཕོད། ད་ལོ། ན་ནིང་། གཞེས་ནིང་། རྒི་ནིང་། ཞེས་ཡུལ་ལུང་སོ་སོའི་ནང་གསེས་སུའང་འབོད་སྟངས་མི་འདྲ་བ་ཕྲན་བུ་རེ་ཡོད་ཟེར་སྐད།
༡༢ བོད་ལྗོངས་གཙང་གི་ཡུལ་སྐད་དུ།
ད་ལོ་དང་། དུས་སང་། དུས་ཤག དུས་རྒུ་ཞེས་པའི་ཁ་སྐད་ཀྱང་འདུག འདིའི་དུས་རྒུ་ནི་དུས་རྒ་བའམ་དུས་རྒས་པ་ཞེས་པའི་རྒ་ཡིག་ལ་རང་གི་མིང་ཆ་སྔ་མ་དུས་ཀྱི་དབྱངས་ཞབས་ཀྱུ་རང་ཐོག་ལ་འཕོས་པའི་ཚུལ་དུ་སྒྲ་ཐོན་པས་རྒུ་ཡིག་བྱུང་བ་ཡིན། བཤད་སྒྲོས་སུ། གཙང་གི་ལུང་པ་སོ་སོར་བརྩི་སྟངས་ཁ་ཁ་ཡོད་པར་བཤད། ཡང་གཙང་གི་ས་ཆ་འགར། ལུགས་ལྡོག་ཏུ་བརྩི་སྐབས། ད་ལོ། ན་ནིང་། གཞེ་ཉིན། རྒི་ཉིན། འདིའི་ཡན་ལ་བརྩི་སྲོལ་མེད་ཟེར། ལུགས་འབྱུང་དུ་བརྩི་སྐབས། ད་ལོ། སང་། གནངས་ཕོད། གཞེ་ཕོད། ཅེས་ཟེར། ཡང་དབུས་ཀྱི་སྟག་རྩེ་ས་ཆར། ད་ལོ། སང་ལོ། གཞེ་ལོ། དེའི་ཡན་ལ་བརྩི་ལུགས་མེད་ཟེར།ཞེས་དང་། ད་ལོ། ན་ནིང་། གཞེ་ནིང་། རྒི་ནིང་ཞེས་ལུགས་འབྱུང་དང་ལུགས་ལྡོག་ཏུ་བརྩི་ཚུལ་ཐད་ལ་མང་ཉུང་ཡོད་ཟེར།
༡༣ བོད་ལྗོངས་མངའ་རིས་སྐད་དུ་བརྩད་འདྲི་བྱས་པ་ལྟར་ན།
ཡུལ་སྡེ་མང་ཤོས་ཀྱི་སྐད་དུ། དེ་རིང་། མདང་། ཁར་ཉིན། གཞེས་ཉིན། རྒི་ཉིན། ཞེས་དང་། དེ་རིང་། སང་ཉིན། གནངས་ཉིན། གཞེ་ཉིན། རྒི་ཉིན་ཞེས་ཟེར། ཡིན་ནའང་། མངའ་རིས་ཁོངས་ཀྱི་ཡུལ་སྡེ་འགའ་རེ་དང་། གཙང་ཁུལ་གྱི་ཡུལ་མི་འགའ་རེའི་སྐད་དུ། དེ་རིང་། མདང་། ཁར་ཉིན། གཞེས་ཉིན། རྒི་ཉིན། ཅི་ཉིན། ཅི་རྟིང་། ཞེས་དང་། དེ་རིང་། སང་ཉིན། གནངས་ཉིན། གཞེ་ཉིན། རྒི་ཉིན། ཅི་ཉིན། ཅི་རྟིང་ཞེས་ཟེར་ཚུལ་ཡང་མཆིས་མོད། འོན་ཀྱང་དེའི་ཅི་ཞེས་པ་དེ་གྲངས་གནས་བཅུ་ཡི་སྒྲ་མ་རེད་ཟེར།
བཞི་པ། སྐྱོན་སེལ།
སྤྱིར་གྱིས་བོད་ཀྱི་ལོ་ཚེས་བགྲང་ཚུལ་གྱི་འབོད་མིང་གི་འགྲོས་ལྟར་ན། དུས་འདས་པ་དང་མ་འོངས་གང་ཞིག་ལུགས་ལྡོག་དང་ལུགས་འབྱུང་གི་ཚུལ་དུ་བརྩི་ཚེ། ཉེ་བ་ནས་རིང་བའི་ཕྱོགས་དང་། ཆུང་བ་ནས་ཆེ་བའི་ཕྱོགས། དམའ་བ་ནས་མཐོ་བའི་ཕྱོགས་དང་། ཆུང་བ་ནས་ཆེ་བའི་ཕྱོགས་བཅས་ལ་བགྲང་སྲོལ་ཡོད་ཅིང་། དེ་ལྟར་བགྲང་པས་ཕྱི་མ་ཕྱི་མ་དེ་རང་རང་གི་སྔ་མ་སྔ་མ་ལས་ཉིན་ཞག་གཅིག་གམ་ལོ་གཅིག་གིས་ཁད་ཐག་རིང་དུ་སོང་བ་མཚོན་ནུས། དེས་ན། བོད་ཀྱི་ལོ་ཚེས་བགྲང་ཚུལ་ལམ་འབོད་མིང་ཐད་ཡུལ་ཁམས་སོ་སོར་སྒྲ་གདངས་ཀྱི་ཆ་ནས་འདྲ་མིན་དང་གྲངས་ཀྱི་ངོས་ནས་མང་ཉུང་ཅུང་ཟད་རེ་མཆིས་ཀྱང་། བཅུ་ཉིན་དང་བཅུ་ནིང་བཅུ་ལོ་ཟེར་བ་ཞིག་རྩ་བ་ཉིད་ནས་མི་བཞེད་པ་ནི་བོད་པ་ཡུལ་བྱིངས་ཀྱི་གཞི་མཐུན་ལྟ་བུར་གྲུབ་ཡོད། དེས་ན་ཡིག་སྐྱོན་དང་དོན་སྐྱོན་དེ་དག་གང་ལས་བྱུང་བ་རེད་ཅེ་ན། དགུ་ཉིན་དང་དགུ་ནིང་། དགུ་ལོ་བཅས་ཀྱི་དགུ་ཡིག་གི་འཇུག་དོན་ལ་དཔྱད་པ་མ་བཏང་བར་གཙོ་བོར་སྒྲ་མཐུན་ཙམ་ཞིག་ཡོང་བའི་ཆེད་དུ་གྲངས་ཀྱི་དགུ་བྲིས་པས། ད་གཟོད་བཅུ་ཉིན་དང་བཅུ་ནིང་། བཅུ་ལོ་ཟེར་བའང་དགུ་ཡི་རྗེས་མ་བཅུ་ཡིན་པའི་རྟགས་ཀྱིས་གྲངས་ཀྱི་བཅུ་བྲིས་པར་ཟད་མོད། དེ་ལྟར་བྲིས་པས་བཅུ་ཉིན་དང་བཅུ་ནིང་སོགས་ཡིག་སྐྱོན་དུ་གྱུར་པར་མ་ཟད། དགུ་ཉིན་དང་དགུ་ནིང་སོགས་ལ་གྲངས་ཀྱི་དགུ་བྲིས་པ་དེ་ཡང་ཡིག་སྐྱོན་ཡིན་པའི་སྐུང་ལྷང་ལ་འབུད་དུ་བཅུག་པ་རེད། ཐོག་མར་ང་ཚོས་དགུ་ཉིན་སོགས་ལ་གྲངས་ཀྱི་དགུ་རུ་བཞེད་པའི་དགུ་ཡིག་རང་སྟེང་ནས་དཔྱད་ཁུལ་ཙམ་བགྱིད་ན། དགུ་ནི་གྲངས་ཀྱི་དགུ་དང་མང་པོའི་དོན་གྱི་ཡོད་དགུ་ལྟ་བུའི་དགུ་ལ་འཇུག་པ་ལས་དེའི་ཕན་ཆད་ཀྱི་འཇུག་ཚུལ་ཕུང་གསུམ་པ་ཞིག་མེད། འདིར་བསྟན་གྱི“དགུ་ཉིན”དང“དགུ་ནིང” “དགུ་ལོ”བཅས་ནི་ལོ་ཚེས་འདས་པའམ་མ་འོངས་པའི་ལུགས་འབྱུང་ལྡོག་གཉིས་སུ་བརྩིས་པའི་ཕྱི་མའི་དོན་ནམ་གནས་གང་རུང་ཞིག་ལ་གོ་དགོས་ཕྱིར། ཁ་སང་ཁས་ཉིན་གཞེ་ཉིན་“དགུ་ཉིན”ཞེས་དང་། ནངས་ཁ་གནངས་ཉིན་གཞེས་ཉིན“དགུ་ཉིན”ཞེས་པའི“དགུ་ཉིན”དེ་གྲངས་གནས་ངེས་ཅན་ཞིག་ལ་ངོས་འཛིན་དུ་ཡོད་པའི་འདས་པའི་ཉི་མ་བཞི་བ་དང་མ་འོངས་པའི་ཉི་མ་བཞི་བ་ལ་གོ་དགོས་ཤིང་། ངས་དངོས་པོ་དེ་ཁ་སང་ཁས་ཉིན་གཞེས་ཉིན“དགུ་ཉིན”ཞིག་ལ་ཁྱོད་ཀྱི་ཨ་ཕའི་ལག་ཏུ་སྤྲད་ཅེས་དང་། ནངས་ཁ་གནངས་ཉིན་གཞེས་ཉིན་“དགུ་ཉིན”ཞིག་ལ་ང་ཡོང་རྒྱུ་ཡིན་ཞེས་པའི་ཚིག་སྦྱོར་ལྟ་བུའི་སྐབས་སུ། མཐའ་ཅིག་ཏུ་ཉི་མ་སྐར་མ་འདི་ཞེས་གནས་གཅིག་ལ་ངོས་འཛིན་དུ་མེད་པའི་འདས་པའམ་མ་འོངས་པའི་ཚེས་ཞག་སྤྱི་མཚན་པ་ཞིག་ཏུ་སྟོན་དུས་དང་གོ་དགོས་དུས་ཀྱང་ཡོད། ན་ནིང་གཞེ་ནིང“དགུ་ནིང”ལོར་ངེད་ཚང་ལྷ་སར་གནས་མཇལ་དུ་སོང་ཞེས་པའི“དགུ་ནིང”དེ་འདས་པའི་ལོ་གསུམ་པའི་མིང་ལ་འཇུག་ཀྱང་། ན་ནིང་གཞེ་ནིང“དགུ་ནིང”ཞིག་ལ་ངས་དེ་འདྲའི་སྐད་ཆ་བཤད་མྱོང་ལྟ་བུའི་ཚིག་སྦྱོར་གྱི་སྐབས་སུ། “དགུ་ནིང”ཞེས་པ་དེ་མཐའ་གཅིག་ཏུ་ལོ་འདི་ཞེས་ངོས་འཛིན་དུ་མེད་པའི་འདས་ལོ་སྤྱི་མཚན་པའམ་ཕྱི་མའི་ཕྱི་མ་གང་རུང་ཞིག་ཏུ་གོ་དགོས་ཕྱིར། ཁོ་ཚོས་འདོད་པའི་“དགུ་ཉིན”དང་“དགུ་ནིང་དགུ་ལོ”བཅས་ཀྱིས་ལོ་གསུམ་པའམ་བཞི་བར་ངོས་འཛིན་པའི་དོན་སྟོན་མི་ནུས་ཤིང་སྟོན་ཚུལ་མེད་པའང་རྟོགས་ནུས། ཁྱད་པར་དུ་“དགུ་ཉིན”སོགས་ཀྱི་རྗེས་སུ“བཅུ་ཉིན”སོགས་སྦྱར་བ་དེ་དག་ནི་འདས་མ་འོངས་གཉིས་ཀྱི་དུས་སྤྱི་མཚན་པ་ཞིག་སྟོན་པའི་དོན་དུ་མི་འགྱུར་བར། གྲངས་ཀྱི་གནས་གང་རུང་ཞིག་ངོས་འཛིན་དུ་ཡོད་པ་དགུའི་ཉིན་ནམ་བཅུའི་ཉིན་ལྟ་བུ་ཞིག་ཏུ་གྱུར་ཏེ་བསྟན་བྱ་དང་ཁད་ཐག་རིང་དུ་གྱེས་འདུག་པས། ང་ཚོས་ཀྱང་ཐོག་མའི་ཐོག་མར“བཅུ་ཉིན”དང“བཅུ་ནིང” “བཅུ་ལོ”ཞེས་པ་ཞིག་ཨམ་སྐད་ཁྲོད་ལྟ་ཅི། བོད་ཁམས་སྤྱི་ལའང་དེ་སྐད་དུ་བརྗོད་ཚུལ་མེད་པའི་ངེས་ཤེས་རྙེད་ཚེ། ད་གཟོད་དེ་ལ་སྒྲ་དོན་གཉིས་ཆར་གྱི་སྐྱོན་འབབ་ལུགས་ཀྱང་རྟོགས་ནུས། འོ་ན། བོད་ཀྱི་ལོ་ཚེས་བགྲང་ཚུལ་ལམ་འབོད་མིང་དེ་དག་ལ་སྒྲ་དོན་གཉིས་ཆར་ནས་འགྲིག་པའི་ཡི་གེ་དག་མོ་ཞིག་ཇི་ལྟར་འབྲི་དགོས་ཤེ་ན། དེ་རིང་ནས་ལུགས་ལྡོག་ཏུ་ཡར་བརྩིས་པས། ཁ་སང་། ཁས་ཉིན། གཞེས་ཉིན། རྒས་ཉིན་ཞེས་དང་། ད་ལོ་ནས་ལུགས་ལྡོག་ཏུ་ཡར་བརྩིས་པས། ན་ནིང་། གཞེས་ནིང་། རྒས་ནིང་ཞེས་དང་། དེ་རིང་ནས་ལུགས་འབྱུང་དུ་མར་བརྩིས་པས། ནངས་ཁ། གནངས་ཉིན། གཞེས་ཉིན། རྒས་ཉིན་སོགས་ཀྱི་རྒས་ཉིན་དང་རྒས་ནིང་ལ་རྒའམ་རྒས་བྲིས་ཚེ་སྒྲ་དོན་གཉིས་ཆར་ནས་འགྲིག་མཐུན་བྱུང་ཡོད། རྒ་དང་རྒས་ནི་ན་ཚོད་རྒ་བའམ་སྨིན་པའི་དོན་ལས་འཕྲོས་ཏེ། དུས་ཚོད་མང་པོ་ཟད་པའམ་འདས་པའམ་རྙིང་བ། ཆེ་བ་བཅས་ཀྱི་དོན་ལ་གོ་ནུས་པར་མ་ཟད། ལོ་ཚེས་ཆུང་བ་ནས་ཆེ་བའི་ཕྱོགས་དང་ཉུང་བ་ནས་མང་བའི་ཕྱོགས་སུ་སྔ་ཕྱི་རིམ་ཅན་དུ་བརྩི་སྐབས། རྒ་དང་རྒས་ཡིག་ནི་རང་གི་སྔ་མ་གང་ཡིན་པ་དེ་ལས་དུས་ཡུན་ངེས་ཅན་ཞིག་གིས་རིང་བའམ་ཉིན་གཅིག་གིས་མང་བའམ་ཡང་ན་ལོ་གཅིག་གིས་ཆེ་བ་སོགས་མཚོན་པའི་ཕྱི་མའི་དོན་ཅན་དུའང་གོ་བཏུབ་སྟེ། «ཧོར་གླིང་གཡུལ་འགྱེད»ཀྱི་སྟོད་ཆའི་ལྡེབ61པར། རྟ་དེ་བས་ཡན་ལ་མ་འདེད་ཅིག །བརྒྱ་ལ་མི་སྐྱུར་འདེད་བསམ་ན། །དོ་ནུབ་རྒས་ཀྱི་དགོང་ཁ་ལ། །བུ་ཁྱོད་རང་སྲོག་ལ་ཕམ་ལེ་གཅིག །ཅེས་འབྱུང་བ་ལྟ་བུས་མཚོན། ལྷག་པར་དུ། ཨ་མདོའི་ཡུལ་གྲུ་འགའ་རེའི་སྐད་དུ། རྒས་ཉིན་དང་རྒས་ནིང་ཞེས་རྒས་ཀྱི་སྒྲ་དག་པར་ཐོན་པ་དང་། འགའ་རེའི་སྐད་དུ། རྒི་ནིང་དང་། རྒིན་ནིང་ཞེས་པའི་སྒྲ་རྣམས་ཐོན་པ་ལའང་མ་བསྒྲིག་རང་མཐུན་དུ་སོང་ཡོད་ལ། དོན་གྱི་གོ་བའང་དེ་ལྟར་དུ་སྟོན་ནུས་པས་ཡིན། གཞན་ཡང་། ཨམ་སྐད་ཁྲོད་མིང་ཆ་སྔ་མ་ལ་རྗེས་འཇུག་ཡོད་མེད་ཀྱི་དབང་གིས་མིང་ཆ་ཕྱི་མའི་སྔོན་འཇུག་གམ་མིང་གཞི་དབྱངས་བཅས་ལས་གང་རུང་རེ་མིང་ཆ་སྔ་མ་ལ་འཕོས་འགྲོ་བའི་ཚུལ་དུ་སྒྲ་ཐོན་པ་མང་དུ་མཆིས་ཏེ། དཔེར་ན། སྐྱ་མི་ལ་སྐྱི་མི་ཞེས་དང་། ཁ་གཡང་ལ་ཁག་གཡང་། སྒོ་ང་ལ་སྒོང་ང་། ཁ་ཉིན་ལ་ཁི་ཉིན་ནམ་ཁེ་ཉིན། བཅུ་གཅིག་ལ་བཅུག་གཅིག གསལ་བོ་དག་པོ་ཤོད་ལ་གསལ་བོ་དོག་པོ་ཤོད། བཟང་སྤྱོད་ལ་བཟོང་སྤྱོད། ཚ་ནུ་ལ་ཚན་ནུ། ས་དཀར་ལ་སག་དཀར། ས་དཀྱིལ་ལ་སག་དཀྱིལ། སྲ་མོ་དམ་པོ་ཁྱིགས་ལ་སྲ་མོ་དོམ་པོ་ཁྱིགས་སོགས་ཀྱི་གདངས་ཐོན་པ་ལྟ་བུའོ། །འགྲོས་དེ་དང་མཐུན་པར། ཨམ་སྐད་དུ། རྒ་ནིང་ལ་རྒི་ནིང་ངམ་རྒིན་ནིང་གི་གདངས་ཐོན་ཚུལ་ཡང་མིང་ཆ་སྔ་མ་རྒ་ཡིག་ལ་མིང་ཆ་ཕྱི་མའི་དབྱངས་གི་གུ་ཡར་འཕོས་པའི་ཚུལ་དུ་རྒི་ཞེས་སུ་གྲུབ་ནས་རྒི་ནིང་གི་སྒྲ་ཐོན་པ་དང་། ཡང་རྒ་ཡིག་དེ་ལ་རང་གི་མིང་ཆ་ཕྱི་མ་ནིང་གི་མིང་གཞི་དང་དབྱངས་གཉིས་ཀ་རྗེས་འཇུག་དང་དབྱངས་ཀྱི་ཚུལ་དུ་ཡར་འཕོས་ཏེ་རྒིན་སྒྲ་ཐོན་པས་རྒིན་ནིང་ཞེས་པའི་སྒྲ་ཐོན་པ་ཡིན། དེའི་རྐྱེན་གྱིས་ཁོ་བོའི་བསམ་པར་བོད་ཀྱི་ལོ་ཚེས་བགྲང་ཚུལ་གྱི་འབོད་མིང་ལ་སྒྲ་གཟུགས་དོན་གསུམ་མཐུན་པ་ཞིག་འབྲི་དགོས་ན། ཁ་སང་ཁས་ཉིན་གཞེས་ཉིན་རྒས་ཉིན་ཞེས་དང་། ནངས་ཁ་གནངས་ཉིན་གཞེས་ཉིན་རྒས་ཉིན། ན་ནིང་གཞེས་ནིང་རྒ་ནིང་། སང་ལོ་གནངས་ལོ་རྒས་ལོ་བཅས་བྲིས་ཚེ། ད་གཟོད་སྒྲ་དང་མཐུན་ལ་དོན་དང་འབྱོར་བ། བོད་རང་གི་བརྡ་སྤྲོད་ལུགས་དང་ཡང་མི་འགལ་བ་ཞེས་པའི་རྩ་དོན་གསུམ་དང་སྒོ་ཀུན་ནས་མཐུན་པར་གྱུར་ཡོད་ཅིང་། དེ་ལྟར་དུ་དེའི་ངོས་ཀྱི་ཡི་གེ་དག་མོ་ཇི་ལྟར་འབྲི་བ་ལ་གོ་བརྡ་འཕྲོད་པ་བྱུང་ཚེ་རྒས་ཉིན་ནམ་རྒི་ཉིན། རྒས་ནིང་ངམ་རྒིན་ནིང་སོགས་ཀྱི་རྗེས་སུ་བཅུ་ཉིན་དང་བཅུ་ནིང་ཟེར་བ་ཞིག་འབྱུང་བའི་སྐབས་མེད་ལ། ཡོད་ཀྱང་གྲངས་ཀྱི་བཅུ་མཚོན་པའི་ཡི་གེ་མིན་པ་ཤུགས་ཀྱིས་རྟོགས་ནུས་སོ། །གལ་སྲིད་བོད་ཁམས་ཀྱི་ཡུལ་ཉི་ཚེ་བའི་སྐད་དུ། རྒས་ཉིན་སོགས་ཀྱི་རྗེས་སུ“ཅི་ཉིན”དང“ཅི་ནིང” “ཅི་ལོ”ཟེར་བའི་གདངས་ཉེ་བོ་ཞིག་ཟེར་རྒྱུན་མཆིས་ཟེར་ནས་ཨུ་ཚུགས་མཐར་སྐྱེལ་བྱེད་མཁན་ཡོད་ན། དེ་ནི་གྲངས་གནས་ངེས་ཅན་སྟོན་པའི་བཅུ་ཡིག་མིན་པར། གྲངས་གནས་ངེས་ཅན་དུ་གོ་མི་རུང་བའི་ལོ་གྲངས་ཚེས་གྲངས་སྤྱི་མཚན་པ་ཞིག་སྟོན་པའི་ཡི་གེ་གཞན་ཞིག་ཅི་ནས་ཀྱང་ཡིན་སྲིད་པས། ཨམ་སྐད་དུ། ང་ཉི་མ་ཅིག་ཅིག་མུག་ཅིག་ལ་ཐོན་ངེས་ཞེས་དུས་གབ་པའམ་སྤྱི་ཙམ་ཞིག་སྨྲ་ཚུལ་ཡོད་པ་ལྟར། ཅིག་ཉིན་དང་། ཅིག་ནིང་། ཅིག་ལོ་ཞེས་པའི་སྒྲ་ཟུར་ལ་འཁྲུལ་ནས“བཅུ”རུ་སྣང་བ་མ་ཡིན་ནམ་སྙམ་པའི་རྨོངས་བློ་ཞིག་ཀྱང་འཆར་བས་ཡོས་བརྔོ་ཞོར་དང་རྩམ་པ་འཐག་ཞོར་བྱས་པ་ལགས་སོ། །གཞན་ཡང་། བོད་ཀྱི་ལོ་ཚེས་བགྲང་ཚུལ་གྱི་འབོད་མིང་ལས། གཞེ་ཉིན་དང་གཞེ་ནིང་ངམ་གཞེས་ཉིན་དང་གཞེས་ནིང་ཞེས་པའི་གཞེའམ་གཞེས་ཡིག་དེ་ཡང་། ཏུན་ཧོང་གཏེར་ཡིག་སོགས་ཡིག་རྙིང་ཁག་དང་། མཁས་པའི་གསུང་དང་དག་ཡིག་རྣམས་སུ་མཐོང་རྒྱུ་ཡོད་ཀྱང་། ཞིབ་ཏུ་བརྟག་ཅིང་དཔྱད་ཚེ་དེ་ནི་སྒྲ་ཐོབ་ཙམ་གྱི་ཡི་གེ་ཞིག་ཡིན་པ་ལས་དེའི་མཆེད་ཁུངས་སམ་གྱེས་ཁུངས་དངོས་ནི། དོན་ཐོབ་ཀྱི་ཡི་གེ་ཕྱི་ཉིན་དང་ཕྱི་ནིང་ངམ་རྗེས་ཉིན་དང་རྗེས་ནིང་ཞེས་པ་ལས་སྒྲ་འགྱུར་བྱུང་སྟེ་འབྲི་འབྱམས་སུ་སོང་བ་ཞིག་ཡིན་པ་རྟོགས་ཐུབ། གཞེ་ཉིན་དང་གཞེ་ནིང་ཟེར་ན་ཚང་མས་གོམས་སྲོལ་གྱིས་གོ་འགྲོ་བའི་འདོད་རྒྱལ་གྱི་བརྡ་ཙམ་ལས་ཡིག་འབྲུ་གདོང་འདེད་བྱས་ཚེ་མིང་དེའི་རང་ངོས་སུ་མཐོང་ཐོས་བྱུང་མ་ཐག་དོན་གྱི་གོ་བརྡ་སྟེར་ནུས་ཤིག་མེད། ཕྱི་ཉིན་དང་ཕྱི་ནིང་ངམ་རྗེས་ཉིན་དང་རྗེས་ནིང་ཞེས་སྨྲས་ཚེ་མིང་རང་གི་ངོས་སྐལ་དུ་སྒྲ་དོན་གཉིས་ཆར་ནས་གོ་སྟོབས་སྟེར་ནུས་ཤིག་ཡར་ལྡན་དུ་ཚང་འདུག སྒྲ་ཡི་ངོས་ནས་གླེང་ན། ཨ་མདོའི་ཡུལ་སྐད་ཁྲོད། དབྱངས་འདོགས་གཉིས་ལྡན་གྱི་ཕྱ་དང་བྱ་ཡིག་ཁག་ཅིག་ལ་སྐབས་འགར་གཞའ་སྒྲ་ཐོན་ཚུལ་ཡོད་དེ། དཔེར་ན། འགྲོ་ཕྱོགས་འདུག་ཕྱོགས་ལ་འགྲོ་གཞོགས་འདུག་གཞོགས་ཀྱི་སྒྲ་ཐོན་པ་དང་། སྐུ་ཕྱོགས་ཚང་ལ་སྐུ་གཞོགས་ཚང་ཞེས་གཉིས་ཀ་བྲིས་སྣང་བ། བསྒྲུབ་བྱ་ལ་བསྒྲུབ་བཞའ། དམིགས་བྱ་ལ་དམིགས་བཞའ་སོགས་ཀྱི་སྒྲ་ཐོན་པ། ཞིང་བརྗེས་ལ་ཞིང་བཞེས་ཞེས་དང་། འཇབ་རྒྱུག་ལ་གཞབ་རྒྱུག འཇམ་ལ་བཞམས། འཇོར་ལ་གཞོར། འཇོམས་ལ་གཞོམས་ཀྱི་སྒྲ་ཐོན་པར་མ་ཟད། ཀན་སུའུ་ཡི་དཔའ་རིས་རྫོང་གི་སྐད་དུ། སྙིང་རྗེ་ལ་སྙིང་གཞེ་ཞེས་དང་། རྡོ་རྗེ་ལ་རྡོ་གཞེ། རྐང་རྗེས་ལ་རྐང་གཞེས། རྨིག་རྗེས་ལ་རྨིག་གཞེས། བྱས་རྗེས་ལ་བྱས་གཞེས། རྗེས་ཉིན་ལ་གཞེས་ཉིན། བརྗེ་རེས་ལ་གཞེ་རེས། རྗུད་པ་ལ་གཞུད་པ། བརྗོད་བྱ་ལ་གཞོད་བྱ། རྐང་རྗེན་ལ་རྐང་གཞེན་སོགས་ཀྱི་སྒྲ་ཐོན་པས། སྐབས་འདིའི་ཕྱི་ཉིན་དང་རྗེས་ཉིན་ཞེས་པའི་སྒྲ་དོད་དུ་གཞེ་ཉིན་ནམ་གཞེས་ཉིན་གྱི་སྒྲ་གཟུགས་བྱུང་བ་དང་། ཕྱི་ནིང་དང་རྗེས་ནིང་ཞེས་པའི་སྒྲ་དོད་དུ་གཞེ་ནིང་ངམ་གཞེས་ནིང་གི་སྒྲ་གཟུགས་བྱུང་སྟེ་འབྲི་འབྱམས་སུ་སོང་བས་ཡིན། ཕྱི་ཉིན་དང་ཕྱི་ནིང་ལ་གཞེ་ཉིན་ནམ་གཞེ་ནིང་ཞེས་དབྱངས་ཡིག་གསུམ་པ་ཅན་གྱི་གཞེ་སྒྲ་ཐོན་པ་དེ་ཡང་། ཡིག་རྙིང་སོགས་སུ་དེ་རིང་ལ་དི་རིང་ཞེས་བྲིས་པ་མཇལ་རྒྱུ་སྣང་ལ། ཨམ་སྐད་དུའང་། དེ་རེད་དང་དེ་མ་རེད་ཅེས་པ་ལ་དི་རིད་དང་དི་མ་རིད་ཅེས་པའི་སྒྲ་ཐོན་པ་དང་། ཁྱེད་ཚོ་ལ་ཁྱིད་ཆོ། ཕྱི་རོལ་མུ་སྟེགས་པ་ལ་ཕྱི་རོལ་མུ་སྟིགས་པ་ཟེར་བའི་སྒྲ་ཐོན་པ་ལྟར་དབྱངས་དང་པོ་དང་གསུམ་པ་གཉིས་སྐབས་འགར་གདམ་ང་དང་བརྗེ་སྤོར་གྱིས་སྒྲ་ཐོན་ཚུལ་ཡོད་པའི་ཕྱག་ལེན་ལྟར་སོང་བ་རེད་ལ། ཕྱི་ཉིན་སོགས་ལ་གཞེས་ཉིན་སོགས་གཞེས་ས་མཐའ་ཅན་བྲིས་པའང་རྗེས་འཇུག་མེད་པའི་མིང་མཐར་དམིགས་བསལ་ལམ་བརྗོད་བདེའི་དབང་གིས་ས་སྒྲ་ཞིག་རང་ཤུགས་ཀྱིས་ཐོན་ཚུལ་ཡོད་པ་དང་ཡོངས་སུ་མཐུན་ཏེ། དཔེར་ན། འགྲོ་སྒོ་ལ་འགྲོ་སྒོས། འགྲོ་རྒྱུ་ལ་འགྲོ་རྒྱུས། དབུས་གཙང་གི་སྐད་དུ། མི་ལ་མིས་ཞེས་པའི་སྒྲ་འདྲ་ཞིག་ཐོན་པ་རྣམས་དང་ཆོས་མཚུངས་སོ། །དོན་གྱི་ཆ་ནས་བརྗོད་ན། ཕྱི་ཉིན་དང་ཕྱི་ནིང་ཞེས་པ་དེས་དུས་འདས་པ་དང་མ་འོངས་པ་གཉིས་ལས་གང་ཞིག་བརྗོད་འདོད་པ་དེའི་གོ་རིམ་ལྟར་ཕྱི་ཉིན་དང་ཕྱི་ནིང་སྦྱར་སའི་མིང་སྔོན་མ་དེ་ལ་ལྟོས་འཇོག་གིས་དུས་འདས་པ་སྟོན་སྐབས་ལུགས་ལྡོག་ཏུ་བརྩིས་པས་དེའི་ཕྱི་མ་ལ་གོ་དགོས་ཤིང་། དུས་མ་འོངས་པ་སྟོན་སྐབས་ལུགས་འབྱུང་དུ་བརྩིས་པས་དེའི་ཕྱི་མ་ཉིད་ཡིན་པའམ་སྟོན་པ་ལ་གོ་བ་སྟེར་ནུས་ལྡན་པས་ཡིན་ཏེ། དཔེར་ན། ཁ་སང་། ཁས་ཉིན། ཕྱི་ཉིན(གཞེ་ཉིན)ཞེས་པ་དེས་རིམ་པ་བཞིན་དུ་ཁས་ཉིན་གང་ཡིན་པ་དེའི་ཕྱི་ཉིན་པ་སྟེ་ཉིན་ཕྱི་མའམ་རྗེས་མ་དེ་ཉིད་ཡིན་པ་ངོས་བཟུང་ནས་བསྟན་ཅིང་། ན་ནིང་། ཕྱི་ནིང(གཞེ་ནིང)ཞེས་པའི་ཕྱི་ནིང་གིས་ཀྱང་ལུགས་ལྡོག་ཏུ་བརྩིས་པས་ན་ནིང་གི་ཕྱི་མའི་ལོ་གང་ཡིན་པ་དེ་ཉིད་ངོས་བཟུང་ནས་བསྟན་ཡོད། དེ་བཞིན་དུ། ནངས་ཁ། གནངས་ཉིན། ཕྱི་ཉིན(གཞེ་ཉིན)ཞེས་པ་དེས་ཀྱང་དུས་མ་འོངས་པ་སྟོན་སྐབས་ལུགས་འབྱུང་དུ་བརྩིས་པས་གནངས་ཉིན་གྱི་ཕྱི་མའམ་རྗེས་མའི་ལོ་དེ་ཉིད་ངོས་བཟུང་ནས་བསྟན་ཡོད་ལ་དེ་ལྟར་དུ་གོ་ཡང་ཐུབ་པས་ན། བོད་སྔ་མ་དག་གིས་གཞེ་ཉིན་དང་གཞེ་ནིང་ཞེས་བྲིས་པ་རྣམས་ཀྱང་དོན་དམ་དུ་ཆུ་རྒྱུན་དེད་ན་མགོ་ཁུངས་གངས་ལ་ཐུག་འགྲོ་བ་བཞིན་དེ་དག་གི་མཆེད་ཁུངས་སམ་གྱེས་ཁུངས་དངོས་ནི་ཕྱི་ཉིན་དང་ཕྱི་ནིང་ངམ་རྗེས་ཉིན་དང་རྗེས་ནིང་གང་རུང་ལས་བྱུང་བར་འདོད་པའི་སྒྲུབ་བྱེད་དང་རྒྱུ་མཚན་ཡང་དེ་ཀ་ཉིད་ཀྱིས་ཡིན་ནོ། ། མདོར་ན། བོད་ཀྱི་ལོ་ཚེས་བགྲང་ཚུལ་གྱི་འབོད་མིང་ཁྲོད་ཀྱི་གཞེ་ཉིན་དང་གཞེ་ནིང་ངམ་གཞེས་ཉིན་དང་གཞེས་ནིང་ཟེར་བ་གཉིས་ནི་སྒྲ་ཐོབ་ཀྱི་ཡི་གེ་ཡིན་ལ། དེ་གཉིས་ཀྱི་དོན་ཐོབ་ཀྱི་ཡི་གེ་དངོས་ནི་ཕྱི་ཉིན་དང་ཕྱི་ནིང་ངམ་རྗེས་ཉིན་དང་རྗེས་ནིང་ཡིན་ཞེས་སྨྲས་ན་བོད་ཀྱི་སྐད་བརྡ་རིག་པའི་འགྲོས་དང་ཆོས་ཉིད་དག་དང་ཡོངས་སུ་མཐུན་ཡོད་སྙམ་ཕྱིར། ཞིབ་ཏུ་ཤེས་འདོད་ན། ཁོ་བོས་སྒྲིག་རྩོམ་བྱས་པའི་ཚིག་མཛོད«གབ་འགྲེལ་མེས་པོའི་ངག་རྗེས»ལས། རྗེས་ཉིན་དང་རྗེས་ནིང་། ཕྱི་ཉིན་དང་ཕྱི་ནིང་ཞེས་པའི་སྐབས་སུ་གཟིགས་རོགས། །
སྨྲས་པ།
ཏུན་ཧོང་གཏེར་ཡིག་བཞིན་དུ་སྟོང་ལོ་འགར། །ལོ་ཚེས་བགྲང་ཚུལ་སྒྲ་ཐོབ་ཙམ་ཞིག་ལས། །
དོན་ཐོབ་ཡི་གེའི་གསང་གནད་མ་འཁྲོལ་བ། །རྣམ་དཔྱོད་རྩལ་གྱིས་གསལ་བར་བྱས་འདི་མཚར། །
སྔོན་ཆད་གཞན་གྱི་ཡིད་ལ་མ་ཤར་པ། །འདི་འདྲ་གང་གིས་ཤེས་དེ་བློ་གྲོས་ལྡན། །
ས་པཎ་མཆོག་གིས་དེ་སྐད་གསུངས་པ་ལྟར། །ཁོ་བོས་བྱས་སོང་སྙམ་ཏེ་སྤྲོ་དགས་ཁེངས། །
དོན་ཐོབ་ཡི་གེའི་གསང་གནད་མ་འཁྲོལ་བ། །རྣམ་དཔྱོད་རྩལ་གྱིས་གསལ་བར་བྱས་འདི་མཚར། །
སྔོན་ཆད་གཞན་གྱི་ཡིད་ལ་མ་ཤར་པ། །འདི་འདྲ་གང་གིས་ཤེས་དེ་བློ་གྲོས་ལྡན། །
ས་པཎ་མཆོག་གིས་དེ་སྐད་གསུངས་པ་ལྟར། །ཁོ་བོས་བྱས་སོང་སྙམ་ཏེ་སྤྲོ་དགས་ཁེངས། །
དཔྱད་གཞི།
༡ «ལྗོངས་ཞིང་ལྔའི་མཉམ་བསྒྲིགས་སློབ་གཞི»སྐད་ཡིག(ལོ་རིམ་བཞི་བའི་སྟོད་ཆ) 2008ལོ། མཚོ་སྔོན་མི་རིགས་པར་སྐྲུན་ཁང་།
༢ «ཧོར་གླིང་གཡུལ་འགྱེད»སྟོད་ཆ། 1979ལོ། མཚོ་སྔོན་མི་རིགས་པར་སྐྲུན་ཁང་།
འབྲེལ་ཡོད་འོས་སྦྱོར།