logo

༄༅། །ཨ་མདོའི་དམངས་གླུའི་རྣམ་གཞག་གི་སྐོར།

རྩོམ་པ་པོ།:​​​​​​​ཀུན་བཟང་རྡོ་རྗེ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2022-12-02 ཀློག་གྲངས།:
༄༅། །ཨ་མདོའི་དམངས་གླུའི་རྣམ་གཞག་ལ་རགས་ཙམ་དཔྱད་པ།
ཀུན་བཟང་རྡོ་རྗེ།

ནང་དོན་གནད་བསྡུས། ཨ་མདོའི་དམངས་གླུའི་སྐོར་ལ་ཆེད་དུ་བརྟག་དཔྱོད་དང་ཞིབ་འཇུག་བྱེད་མཁན་མང་དུ་བྱུང་ཞིང་། གཙོ་བོ་དམངས་གླུའི་སྒྱུ་རྩལ་གྱི་ཁྱད་ཆོས་དང་བརྗོད་བྱའི་ཁྲོད་ཀྱི་རིག་གནས་རྟོག་དཔྱོད། དམངས་གླུའི་རིགས་དབྱེའི་ཞིབ་འཇུག་སོགས་ཀྱི་དཔྱད་འབྲས་འགོད་པ་གཙོ་བོར་བཟུང་བས་དམངས་གླུའི་ཚིག་དོན་དབྱངས་གསུམ་གྱི་གཏན་སྲོལ་དང་རྣམ་གཞག་སྐོར་བཀོད་པ་ཉུང་དྲགས་པ་དང་། དེའི་ཐད་དུ་སྟོང་ཆ་དང་ཉམས་དམུས་ཀྱི་གནས་སུ་བདོག་པས་ན། འདིར་སྔ་རབས་བོད་ཀྱི་རོལ་མོའི་གཞུང་ལུགས་ལ་གཞི་བཅོལ་ཏེ་ཨ་མདོའི་དམངས་གླུའི་བརྗོད་བྱ་དོན་གྱི་སྟོན་ལུགས་དང་རྗོད་བྱེད་ཚིག་གི་སྦྱོར་ལུགས། ངག་གི་དབྱངས་རྟའི་འགུག་ལུགས་བཅས་ལ་རྣམ་གཞག་ངེས་ཅན་ཞིག་ཡོད་པའི་རིག་པ་བསེད་བཀྲོལ་བྱས་ཡོད།
གནད་ཚིག ཨ་མདོ། དམངས་གླུ། རྣམ་གཞག

གླེང་གཞི།
       བྱ་དངོས་གང་ལ་ཡང་རང་ངོས་ཀྱི་བྱུང་བ་དང་གནས་པ་དང་འགྱུར་བ་སོགས་ཀྱི་རྣམ་གཞག་རེ་ཡོད་པར་ངེས་ཤིང་། དེ་ནི་ཚུལ་དང་ལྡན་པ་ཡིན་མིན་གང་རུང་དུ་སྣང་ཡང་གཙོ་བོ་རང་ངོས་ཀྱི་རྒྱུ་རྐྱེན་དང་འབྲེལ་བ་དམ་དུ་འབྲེལ་ཡོད་ཕྱིན་འདི་དང་འདི་ལ་རྣམ་གཞག་ཡོད་ཅེས་པའི་མིང་བརྡས་འཛིན་པར་རིགས་སོ། །དེས་ན་ད་ལམ་གླེང་བར་བྱ་བའི་ཨ་མདོའི་དམངས་གླུ་ལ་ཡང་དེ་མཚུངས་ཀྱི་རྣམ་གཞག་ཅེས་པའི་མིང་བརྡས་འཛིན་པར་ནུས་པ་གང་དེ་གཞན་དང་ཐུན་མོང་མ་ཡིན་པའི་བརྗོད་བྱ་དོན་གྱི་རྣམ་གཞག་དང་རྗོད་བྱེད་ཚིག་གི་རྣམ་གཞག དབྱངས་རྟའི་རྣམ་གཞག་རེ་བརྗོད་དུ་རུང་བར་སྙམ། འདིར་ཐོག་མར་བོད་ཀྱི་སྔ་རབས་བསྟན་བཅོས་སོགས་སུ་བྱུང་བའི་དམངས་གླུའི་རྣམ་གཞག་མདོ་ཙམ་བརྗོད་པའི་ཚིག་གིས་སྔུན་བསུས་ཏེ། བྱེ་བྲག་ཏུ་མདོ་ཁམས་སྨད་ཀྱི་ཡུལ་ལུང་དུ་འདིར་དར་བའི་དམངས་གླུའི་རྣམ་གཞག་བརྗོད་པར་བྱ་བ་ལ། སྤྱིར་སྔོན་གྱི་དུས་སུ་ཆོས་ཀྱི་བདུད་རྩི་འཇོ་བ་དང་ཟློག་མེད་བཀའ་ཡི་ཚིག་ཕབ་པ། ངག་གི་ཕོ་ཉ་གཏོང་བ། འདུ་ཚོགས་སུ་གྲོས་འདེབས་པ། གཟེངས་སུ་བསྟོད་ར་འཐེན་པ། རྣོ་ཟུར་ཚིག་གིས་རྒྱག་པ། སྐྱོ་བའི་སྙིང་གཏམ་བརྗོད་པ། ཁྲོམ་དུ་དགའ་སྐྱིད་གཏོང་པ། རྩོད་པའི་ཤགས་ལ་འགྲོ་བ་སོགས་བྱ་བའི་གནས་སྐབས་མི་འདྲ་བ་རུ་བརྗོད་འདོད་ཀྱི་གཏམ་ཕན་ཚུན་དུ་ལབ་པ་ལ་དབྱངས་རྟ་རིང་ཐུང་ངག་ཏུ་དྲངས་ནས་གླུ་ལ་འཇུག་པའི་ལུགས་སྲོལ་རེ་དར་ཞིང་། དཔེར་ན་བཙན་པོའི་རྒྱལ་རབས་དུས་སུ་བྱུང་པའི་མགུར་གླུ་གཙོས་གྱུར་པའི་རྡོ་རྗེའི་གླུ[1]དང་བཙུན་མོའི་བཀའ་ཐང་ཁྲོད་ཀྱི་སྔགས་གླུ་སྡེ་བཞི།  རྗེ་ཡི་དགའ་གླུ་བཅུ་གསུམ་སོགས་བྱུང་བ་དང་། དེ་ལ«བཤད་མཛོད་ཡིད་བཞིན་ནོར་བུ»ལས། “མངའ་རིས་བོད་ཀྱི་གླུ་འདི་ལ། །ཉི་ཤུ་རྗེ་ཡི་མགུར་གླུ་ཡིན། །ཉི་ཤུ་འབངས་ཀྱི་མཆེད་གླུ་ཡིན། །ཉི་ཤུ་མཚན་ཚང་བོར་ལེན་ཡིན། །མཚན་ཚང་བོར་ལེན་གླུ་འདི་ལ། །གླང(བླང)དུ་རུང་བའི་གླུ་བཅུ་ནི། །ཆོས་གླུ་རིང་མོ་བཙུན་པའི་གླུ། །བཅོམ་ལྡན་ཤཀཱ་ཐུབ་རིང་བྱུང་། །སྔགས་གླུ་སྡེ་བཞི་སྔགས་པའི་གླུ། །ཨུ་རྒྱན་པདྨའི་རིང་ལ་བྱུང་། །དཔལ་ལྡན་ཤུག་ཐོན་བོན་པོའི་གླུ། །གཤེན་རབ་མི་བོའི་རིང་ལ་བྱུང་། །དགའ་གླུ་བཅུ་གསུམ་རྒྱལ་པོའི་གླུ། །ཁྲི་སྲོང་ལྡེ་བཙན་རིང་ལ་བྱུང་། །བདེན་གཞི་རྟེན་འཛུག་བློན་པོའི་གླུ། །བློན་པོ་འགོས་ཀྱི་རིང་ལ་བྱུང་། །ཐུན་གྲོས་རྣམ་གཉིས་གཙོ་བོའི་གླུ། །ལྕང་རྒན་ཨ་པོའི་རིང་ལ་བྱུང་། །དཔའ་ཟོན་ཐུབ་པ་ཨར་པོའི་གླུ། །ཐལ་བ་གོ་ལ་དེ་ཡི་རིང་ལ་བྱུང་། །ཏིང་ངེ་མེ་རེ་མོ་བཙུན་གླུ། །རྒྱ་མོ་ཨོང་ཆུང་རིང་ལ་བྱུང་། །ས་ལ་སི་ལེ་སྨན་ཤར་གླུ། །བལ་མོ་ཁྲི་བཙུན་རིང་ལ་བྱུང་། །ཅ་ལ་ཅོ་ལེ་བྱིས་པའི་གླུ། །བལ་གྱི་ཁྱེའུ་ཆུང་རིང་ལ་བྱུང་། །བླང་དུ་རུང་བའི་གླུ་བཅུ་ཡིན། །”[2]ཞེས་འབྱུང་བ་ནི་གླུ་ཡི་མིང་དང་བྱུང་པའི་དུས་བརྗོད་པ་གཞི་བྱས་ཏེ་གླུ་གང་དང་གང་ཞིག་བླང་དུ་རུང་བའི་རྣམ་གཞག་སྟོན་གྱིན་ཡོད་པ་སྟེ། ཆོས་གླུ་རིང་མོ་དང་སྔགས་གླུ་སྡེ་བཞི(སྔགས་ཉམས་ལེན་བྱ་བའི་སྔགས་མཁན་བཞིས་བླངས་པར་གོ་བ་མ་གཏོགས་གླུ་ཡི་རིགས་བཞི་ལ་གོ་མི་རུང་ངོ་། །)དཔལ་ལྡན་ཤུག་ཐོན་གྱི་བོན་པོའི་གླུ། རྒྱལ་པོའི་གླུ། བློན་པོའི་གླུ། གཙོ་བོའི་གླུ། ཨར་པོའི་གླུ། མོ་བཙུན་གླུ། སྨན་ཤར་གླུ། བྱིས་པའི་གླུ་བཅས་བྱུང་བ་དག་ནི་གངས་ཅན་བོད་ཀྱི་གླུའི་སྤྱིའི་རྣམ་གཞག་ཏུ་གསལ་བ་ཡིན་ཏེ། འདིར་བྱེ་བྲག་ཏུ་མདོ་ཁམས་སྨད་དུ་དར་བའི་དམངས་གླུའི་རྣམ་གཞག་བརྗོད་པ་ལ་བརྗོད་བྱ་དོན་གྱི་རྣམ་གཞག་དང་རྗོད་བྱེད་ཚིག་གི་རྣམ་གཞག དབྱངས་ཀྱི་རྣམ་གཞག་བཅས་ཀྱི་ཐད་ནས་གླེང་བར་བྱ་བ་ལ།
གཅིག བརྗོད་བྱ་དོན་གྱི་རྣམ་གཞག
       ཨ་མདོའི་དམངས་གླུ་ནི་གསལ་བྱེད་དཔེ་ཡིས་བརྒྱན་ཅིང་དོན་ཆེན་ཚིག་གིས་སྙན་པར་སྐུལ་བའི་ངག་གི་སྒྱུ་རྩལ་བླ་ན་མེད་པ་ཞིག་ཡིན་ཏེ། བརྗོད་འདོད་ཀྱི་གཏམ་གང་ཞིག་ཕྱི་རོལ་གྱི་བྱ་དངོས་ཕྲ་བ་ནས་རགས་པའི་བར་དུ་དཔེ་ཡི་སྣང་བརྙན་དུ་དྲངས་ནས་དོན་གྱི་བསྟན་བྱ་ཉིད་དགའ་སྟོན་རྩེ་མཚར་དང་མཉམ་དུ་ཕ་རོལ་བའི་སྙན་ལ་ལྷུག་པོར་སྟོན་ཐུབ་པ་ཞིག་ཡིན། དོན་གྱི་གནད་ལ་མཚུངས་དཔེ་སྦྱོར་སྟངས་དང་མཚུངས་དཔེའི་གཟུགས་བརྙན་དོན་ལ་འགོད་སྟངས་བཅས་ཀྱི་ཆ་ནས་དངོས་ཡོད་ཀྱི་འཚོ་བའི་ཁྲོད་སྣང་བཞིན་པའི་བྱ་དངོས་རྫས་གསུམ་གྱི་ཁྱད་ཆོས་ཉེ་བར་དྲངས་ནས་མཚོན་པ་ཡིན་ལ། མཚོན་དུས་ཀྱང་འདྲ་འབྲེལ་ཁོ་ན་ཙམ་གྱི་སྒོ་ནས་དཔེ་དོན་ཟུང་དུ་སྡེབ་པ་ཞིག་མ་ཡིན་པར་དེ་ལ་ཆེ་ཆུང་དང་མཐོ་དམན། ལེགས་ཉེས་སོགས་ཀྱི་གོ་རིམ་དང་གཏན་སྲོལ་ལྡན་པར་མ་ཟད། དཔེ་དོན་གྱི་བར་ཐག་དང་སྔ་ཕྱི་ཡི་འབྲེལ་བ་བཅས་ཀྱི་ཆ་ནས་ཀྱང་རང་སྣང་གང་ཤར་དུ་བརྡོལ་པ་ཞིག་མ་ཡིན་པར་དེ་ལ་བརྗོད་བྱ་དོན་གྱི་རྣམ་གཞག་ངེས་ཅན་ཞིག་ཡོད་པར་སྣང་སྟེ། དཔེར་ན།
དགུང་ཨ་སྔོན་མ་བཞེངས་གཞལ་ཡས་རེད། །
སྤྲིན་དཀར་བོ་མ་བཞེངས་བང་རིམ་རེད། །
ཆར་བསིལ་མ་མ་བཤམས་མཆོད་པ་རེད། །
འདི་དགུང་སྔོན་གནམ་གྱི་འཛོམས་གསུམ་རེད། །

རྫ་ཁྲ་ཡག་མ་བཞེངས་གཞལ་ཡས་རེད། །
རྡོ་གཡམ་མ་མ་བརྩིགས་བང་རིམ་རེད། །
ནང་རྫ་ཆུ་མ་གཤམས་མཆོད་པ་རེད། །
འདི་ཁྲ་ཡག་རྫ་ཡི་འཛོམས་གསུམ་རེད།།

གྲལ་ཁྲོམ་པ་མ་བཞེངསས་གཞལ་ཡས་རེད། །
གླུ་ཁ་མཚར་མ་བརྩིགས་བང་རིམ་རེད། །
ཁ་ཇ་ཆང་མ་བཤམས་མཆོད་པ་རེད། །
འདི་ཁྲོམ་པའི་གྲལ་གྱི་འཛོམས་གསུམ་རེད། །[3]
       འདི་ལྟ་བུའི་དམངས་གླུ་ལ་མཚོན་ན་གླུ་ཚིག་གི་བརྗོད་དོན་དེ་སྟོད་ནས་རིམ་གྱིས་སྨད་ལ་འབབ་པའི་ཁྱད་ཆོས་ལྡན་པ་སྟེ། ནམ་མཁའ་ནས་ས་གཞི་དང་། ས་གཞི་ནས་མི་དང་ཁང་ཁྱིམ་སོགས་གཙོ་བོ་མཚོན་བཞིན་ཡོད། འདི་ལྟར་མཚོན་པའི་གནད་ལའང་རྟགས་དང་རྒྱུ་མཚན་ངེས་ཅན་ཞིག་མཆིས་ཏེ། བོད་མིའི་འདུ་ཤེས་ནི་མ་གཞི་གནམ་ལ་བཀུར་ཞིང་གནམ་གྱིས་སྲུང་བར་བྱེད་པའི་ངོས་འཛིན་དང་། སྟོད་ཀྱི་གངས་རི་དང་སྨད་ཀྱི་མཚོ་མོ། རི་རབ་ལྷུན་པོ་སོགས་ལ་མཆོད་པར་བྱེད་པའི་གདོད་མའི་དངོས་ཡོད་བླ་ཀུན་སྨྲ་བའི་ལྟ་སྤྱོད་དང་ཡིད་སྤྲུལ། འཁྲུལ་སྣང་། བསམ་གཞིག་ལས་འཕྲོས་པའི་འཆར་ཡན་དང་བག་ཆགས་ཀྱི་དབང་གིས། བྱ་དངོས་གང་གི་མགོ་མཇུག་སྒྲིག་སྟངས་དང་མཚོན་སྟངས་དེ་སྟོད་ནས་སྨད་ལ་རིམ་གྱིས་འདེད་པར་གོམས་པ་ནི་བོད་མིའི་གཏན་ཆགས་ཀྱི་གོམས་སྲོལ་ཞིག་དང་། ལྷག་པར་དམངས་ཁྲོད་གླུ་ཡི་བརྗོད་བྱ་དོན་གྱི་རྣམ་གཞག་ཅིག་ཀྱང་ཡིན། གླུ་ཚིག་གཞན་དུའང་གོང་གི་རྣམ་གཞག་ལྟར་མཚོན་ཡོད་ལ། དཔེར་ན་གཤམ་གསལ་ལྟར།
       གླུ་ཁ་མཚར་དང་བསྟོད་གླུའི་བརྗོད་བྱ་དོན་གྱི་རྣམ་གཞག
(རེའུ་མིག 1.1)
       གོང་གསལ་རེའུ་མིག་ལས་མཚོན་པའི་གནས་ལུགས་ལྟར་ན། ཨ་མདོའི་གླུ་ནི་སྤྱིའི་ཆ་ནས་ཤོ་ལོ་ཀ་གསུམ་གྱིས་གྲུབ་ཅིང་སྔ་མ་གཉིས་ནི་དཔེ་དང་ཕྱི་མ་གཅིག་ནི་དཔེ་ཅན་དུ་སྣང་བ་སྟེ། “ཡར་བཅུད་ཚིག་ལ་དཔེ་རྒྱན་རེ་གཉིས་དགོས། །གོས་ལ་གོང་བ་ཡོད་ན་གོན་ཁ་བདེ། །མར་བཅད་ཚིག་ལ་གསལ་བྱེད་དོན་ཞིག་དགོས། །གོས་ལ་རུམ་ཁ་ཡོད་ན་འཁྱེར་ཁ་བདེ། །” [4]ཞེས་གསུངས་པ་ལྟར། གླུ་ཚིག་གི་ཡར་བཅད་དཔེ་ནས་མར་བཅད་དོན་ལ་འབབ་སྟངས་ནི་བོད་མིའི་བསམ་བློའི་འདུ་ཤེས་དང་རིག་གནས་ཁོར་ཡུག་གིས་བཞག་པའི་བག་ཆགས་དང་འབྲེལ་བ་ཡོད་པ་ཞིག་ཡིན་ཏེ། ས་བབ་ཁོར་ཡིག་གི་མཐོ་དམའ་དང་མི་གཤིས་འཇོན་ཐང་གི་བཟང་ངན། དངོས་པོའི་སྒྲིག་ལུགས་ཀྱི་གོ་རིམ། བསམ་བློའི་འདུ་ཤེས་ཀྱི་འཛིན་སྟངས་དངོས་དང་འབྲེལ་བའི་སྒོ་ནས། གླུ་ཚིག་ཤོ་ལོ་ཀ་དང་པོས“ནམ་མཁའ”དཔེར་བླངས་ན་ཤོ་ལོ་ཀ་གཉིས་པས་“ས་གཞི”དཔེར་ལེན་པ་དང་། དེ་གཉིས་ཀྱིས་གསལ་བྱེད་དཔེ་ཡི་བརྗོད་པ་གསལ་བོར་བཀོད་རྗེས་ད་གཟོད་ཤོ་ལོ་གསུམ་པ་རུ་དཔེ་ཅན་གྱི་བརྗོད་བྱ“གྲལ་ཁྲོམ་པ”དེ་སྙིང་བསྡུས་ཀྱིས་མཚོན་པར་བྱེད་པ་ལྟ་བུའི་གོ་རིམ་དང་འབྲེལ་བ་ངེས་ཅན་ལྡན་པ་ཞིག་ཡིན།
       ལ་གཞས་ཀྱི་བརྗོད་བྱ་དོན་གྱི་རྣམ་གཞག
(རེའུ་མིག1.1.2)
       ཨ་མདོའི་ལ་གཞས་ཀྱི་བརྗོད་དོན་ཕལ་ཆེ་བ་རུ་རོགས་ཆུང་ལོའི་མཚུངས་དཔེ་རུ་འདོ་རིག་རྟ་ཡི་རང་བཞིན་དང་ཁྱད་ཆོས་འཇོག་པ་ནི་ཆོས་ཉིད་ལྟ་བུ་གྲུབ་འདུག་ལ། སྤྱིར་རྟ་ནི་རིག་གནས་ཀྱི་སྡེ་ཚན་སོ་སོ་ལས་དེའི་རང་བཞིན་དང་ཁྱད་ཆོས་ལ་གོ་བ་ལེན་སྟངས་མི་འདྲ་བ་རེ་ཡོད་དེ། དཔེར་ན། ནང་པའི་སྡེ་ཚན་དུ་རྒྱལ་སྲིད་སྣ་བདུན་གྱི་ཡ་གྱལ་རྟ་མཆོག་རིན་ཆེན་ལྟ་བུ་ལྷའི་རང་བརྙན་གྱི་མཚོན་བྱེད་དང་། རྩོམ་རིག་གི་སྡེ་ཚན་དུ་བརྩོན་འགྲུས་ཀྱི་རྟ་ཕོ་ལྕག་གིས་སྐུལ་བ་བཞིན་ཞེས་པ་ལྟ་བུ་ལྷོད་མེད་བརྩོན་འགྲུས་ཀྱི་མཚོན་བྱེད། དམངས་ཁྲོད་ངག་རྩོམ་ལ་གཞས་ཀྱི་ཁྲོད་དུ་རྟ་དཀར་དཀར་སྒོ་ང་འདྲ་བོ་ཞེས་སྙིང་ཉེ་ཞིང་ཡིད་དུ་འོང་བའི་མཚོན་བྱེད་དུ་འཇོག་པ་བཅས་ནི། རང་རེའི་བོད་མིའི་རྟ་ལ་ངོས་འཛིན་བྱེད་སྟངས་མི་འདྲ་བ་རེ་མཆིས་པ་མཚོན་འདུག དེ་ལས་ཀྱང་ལ་གཞས་ཀྱི་ཁྲོད་དུ་ཡིད་འོང་སྙིང་དུ་སྡུག་པའི་སྙིང་གི་ན་མཛའ་མོ་གང་དེའི་མཚོན་བྱེད་དུ་ལེན་པ་ནི་གནས་ལུགས་དང་དོན་སྙིང་དུ་མ་ཞིག་མཆིས་ཤིང་། དེ་དག་རེ་རེ་ནི་ཐོག་མར་རྟ་ནི་ནང་གི་ཆ་ནས་འགྱུར་མེད་སྲ་བརྟན་གྱི་རང་གཤིས་ལྡན་པས་བློ་གཏད་རུང་བ་དང་། ཕྱིའི་ཆ་ནས་བང་འགྲོས་མགྱོགས་ཤིང་མྱུར་བ། གཡུ་འབྲུག་དང་འདྲ་འབྲེལ་གྱི་ཕྱི་གཟུགས་ཡག་ཅིང་བརྗིད་པ། དགོས་ཕན་གྱི་ཆ་ནས་འཚོ་བའི་འགྲུལ་བསྐྱོད་ལ་རམ་འདེགས་ཀྱི་ནུས་པ་ཐོན་པ། མཛེས་དཔྱོད་ཀྱི་ཆ་ནས་སྟག་ཤར་བའི་དཔའ་བོའི་སྣང་བརྙན་མཚོན་པ་བཅས་སྲོག་ཆགས་ཐམས་ཅད་ལས་ཁྱད་དུ་འཕགས་པ་ཞིག་ཡིན། དེའི་སྟབས་ཀྱིས་རོགས་ཆུང་ལོའི་མཚུངས་པའི་དཔེ་རུ་རྟ་དཀར་དཀར་འཇོག་པ་ནི་གཅིག་ཏུ་གལ་འགངས་ཆེ་བའི་གནས་སུ་བཟུང་ཡོད་པ་དང་། གཉིས་སུ་རྟ་ཡི་རང་བཞིན་དེ་ཕན་ཚུན་སུ་ཡིས་ཀྱང་རྟོགས་པར་ངེས་པས་དེ་ལ་དཔེ་འཇོག་གི་རིག་པ་སྤེལ་ན་བརྩེ་དུང་རྣལ་མ་ཞིག་བཅངས་པ་བཅས་ངང་གིས་མཚོན་ཐུབ་པས། ལ་གཞས་ཀྱི་བརྗོད་བྱ་དོན་གྱི་མཚུངས་དཔེར་རྟ་སྤྱིའི་སྣང་བརྙན་དང་དེ་ལས་ཀྱང་རྟ་དཀར་དཀར་འཇོག་པ་འདིའང་ལ་གཞས་ཀྱི་བརྗོད་བྱའི་རྣམ་གཞག་ཅིག་ཏུ་ཆགས་འདུག་པར་སྙམ་མོ། །གཞན་ཡང་ལ་གཞས་ནི་ཐོག་མར་ངག་ལ་ལེན་དུས་སེམས་ཀྱི་འདོད་པ་གང་ཤར་དུ་ལེན་པ་ཞིག་མ་ཡིན་པར་དེ་ལ་བརྩམས་སྒྲུང་གི་འཕེལ་རིམ་ལྟ་བུའི་ཆོས་ཉིད་ངེས་ཅན་ཞིག་ཡོད་པ་ཡིན་ལ། དཔེར་ན།
       བཅས་ནི་ལ་གཞས་ཀྱི་བརྗོད་བྱ་དོན་གྱི་འཕེལ་རིམ་ཞེས་བརྗོད་དུ་རུང་ལ། འོན་ཀྱང་ལ་གཞས་ཕྱོགས་བསྒྲིགས་ཀྱི་དཔེ་དེབ་དང་དཔྱད་རྩོམ་རེ་འགའ། མི་བུ་ཁ་ཅིག་གི་ངག་འགྲོས་སོགས་སུ་ལ་གཞས་ཀྱི་རིགས་དབྱེ་ཞེས་ངོས་འཛིན་དུ་གོམས་པ་ནི། ར་མགོ་ལུག་སྦྱར་གྱི་དཔེ་རུ་སྣང་བས་དེ་ལ་ལ་གཞས་ཀྱི་འཕེལ་རིམ་མམ་གོ་རིམ་ཞེས་གདགས་པར་ངལ་ན་དངོས་ཡོད་ཀྱི་ཚུལ་དང་མཐུན་པར་འདོད། གཞོན་ནུ་ཕོ་མོ་དག་གིས་གོང་གི་འཕེལ་རིམ་དེ་རྩ་དོན་དུ་བཟུང་ནས་ལ་གཞས་ཀྱི་དབྱངས་རྟ་སྙན་མོ་དྲུག་འགྱུར་ངག་ལ་དྲངས་ན་དུངས་སེམས་ཀྱི་འདུན་པ་དང་། དྲན་སྣང་གི་གཟུགས་རིས། བཅོས་མིན་གྱི་དགའ་སྐྱོ་སོགས་རྗེན་པར་མཚོན་ཐུབ་པར་མ་ཟད་ཕོ་མོ་ཕན་ཚུན་གྱི་ནང་སེམས་ལ་ཡང་རྒྱུས་ལོན་གཏིང་ཟབ་དང་འགལ་ཟླ་ཡི་རྡུང་ཐུག་སྣ་ཚོགས་ཤིག་བྱུང་པའི་མཇུག་ཏུ། མཐུན་ན་ལྷད་མེད་ཀྱི་བརྩེ་དུང་ཉེ་བར་འཁོར་བ་དང་། འགལ་ན་སྨྲེང་སེམས་ཀྱི་ཁུར་བོ་རྒྱབ་ཏུ་བསྐྱུར་ནས་བརྩེ་དུང་ཞེས་པའི་མིང་ཚིག་འདི་ལ་འགྲེལ་བཤད་དོན་དང་ལྡན་པ་ཞིག་རྒྱག་པར་ནུས། ལ་གཞས་ཀྱི་གོ་རིམ་དེ་དག་བརྒྱུད་ནས་ཕོ་མོ་ཕན་ཚུན་མཐུན་པར་བྱུང་ཚེ་དེའི་བརྩེ་བ་དང་དུངས་པ་ནི་ཆེས་སྤྱིར་བཏང་གི་དུངས་པ་ཞིག་མ་ཡིན་པར། སྨྲ་བསམ་བརྗོད་འདས་ཤིག་ཡིན་ཚུལ་གླུ་མཁན་རྒན་རབས་པ་དག་གི་ངག་སྒྲོས་ལས་ཐོས་ལ། འདི་དག་ཡང་ཨ་མདོའི་ལ་གཞས་ཀྱི་བརྗོད་བྱ་དོན་གྱི་རྣམ་གཞག་གི་ཁྱད་ཆོས་སུ་མངའ་བས་བློ་དང་ལྡན་པ་ཞིག་གིས་བལྟས་ཚེ་ངོ་མཚར་སྟོང་ལྡན་གྱི་ཁྱད་ཆོས་ཉམས་མེད་དུ་ཡོད་པར་འདོད་དོ། །
       མདོར་དྲིལ་ན། ལ་གཞས་དང་གླུ་ཁ་མཚར་དང་བསྟོད་གླུ། གླུ་ཤགས་བཅས་ཀྱི་ཁྲོད་དུ་འཚོ་བའི་མཐོང་སྣང་དུ་གྲུབ་པའི་སྒོ་ཕྱུགས་ཀྱི་སྐོར་དང་འདབ་ཆགས་ཀྱི་སྐོར། བསམ་བློ་འདུ་ཤེས་ཀྱི་སྐོར། ད་དུང་རི་ར་བ་ཉི་ཟླ་ཁང་ཁྱིམ་སོགས་མཚོན་པར་བྱེད་པའི་བརྗོད་བྱ་དོན་གྱི་རྣམ་གཞག་ངེས་ཅན་ཞིག་ཡོད་པ་དག་ནི། “འཚོ་བ་ལ་བཅངས་པའི་ལྷད་མེད་རྣམ་དག་གི་བརྩེ་སེམས་དང་། བརྩེ་དུང་ལ་མོས་པའི་རང་དབང་གི་འདུན་པ། འདོད་པ་ལས་བྱུང་བའི་ཐོག་མའི་བསམ་གཞིག རྩེད་མཚར་ལས་བྱུང་བའི་སྙིང་གཏམ་དྲོན་མོ། རང་བྱུང་ལ་བཅངས་པའི་འགྱུར་ཁུག་དྭངས་མ། སེམས་སྟེང་ལས་འཕྱུར་བའི་བརྩེ་དྲོད་ཚ་མོ། ངག་སྒོ་ལས་བྱུང་བའི་སེམས་འགྱུའི་ཚོར་འདུ”[5]སོགས་རྣམ་གཞག་ངེས་ཅན་ཞིག་གི་རིགས་ལམ་ཕྲ་མོ་བརྒྱུད་ནས་མཚོན་ཡོད་པ་དང་། གལ་སྲིད་རྣམ་གཞག་འདི་ལས་ཟུར་ཙམ་ཡང་བརྗེ་སྤོར་དང་འཁྲུལ་ནོར་ཐེབས་ཚེ། གླུ་མཁན་བློ་དང་ལྡན་པ་ཞིག་གིས་དུས་ཐོག་ཏུ་རྫུན་བཅོས་ཀྱི་འཁྲབ་ཚིག་ཡིན་པ་རྟོགས་པར་འགྱུར་ལ། དེ་ནི་གཙོ་བོ་བོད་ཀྱི་དམངས་གླུའི་བརྗོད་བྱའམ་གླུ་ཚིག་གི་བསྟན་བྱ་ལ་རྣམ་གཞག་ངེས་ཅན་ཞིག་ཡོད་པའི་རྟགས་སོ། །
གཉིས། རྗོད་བྱེད་ཚིག་གི་རྣམ་གཞག
       དམངས་གླུའི་དབྱངས་ཀྱི་འགྱུར་ཁུགས་ལ་རྗོད་བྱེད་ཚིག་གི་སྦྱོར་བ་རྩོམ་པ་ནི་དབྱངས་ཀྱི་ང་རོ་ལ་སྲོག་གི་དབང་བོ་ཞུགས་པའི་ཐབས་ཚུལ་གཙོ་བོ་ཞིག་ཡིན་པ་དང་། དེ་ནི་ངག་གི་གདངས་དབྱངས་ལས་འཕོས་པའི་འགྲོས་སྟབས་དང་བསྟུན་ནས་ཚིག་གི་སྦྱོར་བ་སྤེལ་བ་ལས་གང་བྱུང་གི་དབྱངས་ལ་གང་འདོད་ཀྱི་ཚིག་རིས་ཕབ་པ་ཙམ་ཞིག་མ་ཡིན་པར་གཏན་སྲོལ་དང་ལུགས་ལྡན་གྱི་རྣམ་གཞག་རེ་ཡོད་པར་ངེས། འདིར་གླེང་བར་བྱ་བའི་ཨ་མདོའི་དམངས་གླུའི་ཚིག་གི་སྦྱོར་བ་ལ་ཡང་གོང་མཚུངས་ཀྱི་རྣམ་གཞག་ངེས་ཅན་ཞིག་ཡོད་ཀྱང་། རང་རེ་དཔྱོད་ལྡན་པ་རེ་འགས་ཐུགས་མཉམ་ཞིབ་ཕྲ་མ་མཛད་པར་བརྟེན་བག་ལ་ཉལ་བ་ལྟ་བུར་ཆགས་འདུག་པས་སྟོང་ཆ་རུ་ལྷག་འདུག་པ་ལ། ད་ལམ་ཁོ་བོས་སྔོན་གྱི་མཁས་པའི་གཞུང་ལ་ཁུངས་གཏུགས་ཅིང་རང་གི་བློ་གྲོས་ཀྱིས་དཔྱད་པ་བཏང་སྟེ་ཅུང་ཙམ་གླེང་ན། དམངས་གླུའི་རྗོད་བྱེད་ཚིག་གི་སྦྱོར་བ་སྤེལ་ཚུལ་ལ་ཡུལ་གྱི་སྒོ་ནས་དབྱེ་ན། བསྟོད་པ་དང་སྨད་པ་དང་འགྲན་པ་དང་ཀུན་ལ་དགའ་བ་བཅས་རིགས་བཞི་ཙམ་དབྱེ་ཚུལ་ཡོད་ལ། དེ་དག་ནི་བསླབ་པ་དང་ཤེས་རབ་དང་རིགས་དང་ཡོན་ཏན། ན་སོ་དང་ནོར་སོགས་ཀྱིས་ཆེ་བ་དང་ལྡན་པ་ལ་བསྟོད་པར་འོས་པས་བསྟོད་པ་དང་། གཞན་ལ་བརྙས་པ་དང་དྲགས་པ། ང་རྒྱལ་ཆེ་ཞིང་བློ་གྲོས་མེད་པ། ཆེན་པོར་རློམ་ལ་ཡོན་ཏན་མེད་པ་རྣམས་ལ་སྨད་པར་འོས་པས་སྨད་པ། རིགས་དང་ཡོན་ཏན་མཚུངས་ཡང་མང་པོའི་ནང་དུ་རང་ཕྱོགས་བསྟོད་ན་འགྲན་པར་འོས་པས་མཉམ་པ་རྣམས་ལ་འགྲན་པ། དེ་མིན་འཇིག་རྟེན་གྱི་ལྷ་ཆོས་མི་ཆོས་དང་མཐུན་པའི་དམིགས་པ་གང་ལ་ཡང་ཕྱིན་ཅི་མ་ལོག་པ་ཀུན་ལ་དགའ་བ་བཅས་བསྡུས་ན། “ཆེན་པོ་རྣམས་ལ་བསྟོད་པ་དང་། །དམན་པ་རྣམས་ལ་སྨད་པ་དང་། །མཉམ་པ་རྣམས་ལ་འགྲན་ཚིག་དང་། །ཀུན་ལ་དགའ་བའི་གླུ་བླང་ངོ་། །”[6]ཞེས་གླུ་ཡི་ཚིག་གི་སྦྱོར་ཚུལ་གྱི་རྣམ་གཞག་ལ་ཡུལ་བཞིའི་སྒོ་ནས་བསྟན་དུ་ཡོད་པ་དང་། དེ་ཉིད་ཨ་མདོའི་དམངས་གླུའི་གླུ་ཚིག་གི་སྦྱོར་བ་དང་ཕན་ཚུན་སྣོལ་གསེབ་བྱས་ཚེ་བསྟོད་སོགས་ཡུལ་བཞིའི་རྣམ་གཞག་གི་དངོས་བསྟན་གྱི་བརྗོད་བྱ་དང་འབྲེལ་ཅིང་། གཞུང་ལུགས་ཀྱི་རྟེན་གཞི་ལྟ་བུ་ཞིག་ཆགས་འོང་སྟེ། དཔེར་ན། བསྟོད་སོགས་ཡུལ་གྱི་རྣམ་པ་བཞི་ལས། དང་པོ་བསྟོད་པའི་ཡུལ་དུ་ཚིག་གི་སྦྱོར་བ་སྤེལ་ཚུལ་ལ་གླུ་ཁ་མཚར་དང་། བསྟོད་གླུ། གཉེན་གླུ། རྟེན་འབྲེལ་གྱི་གླུ། བཀྲ་ཤིས་སྨོན་གླུ་ལྟ་བུ་དང་། འདི་དག་གིས་ཆེན་པོ་རྣམས་ལ་བསྟོད་པར་འོས་པས་བསྟོད་ཚིག་སྤེལ་ཅིང་། སྤེལ་ཚུལ་གྱི་ཆ་ནས་རང་གི་ངོ་བོའི་ལུས་ངག་ཡིད་གསུམ་གྱི་ཁྱད་ཆོས་སམ་ཡོན་ཏན་བརྗོད་པ་སྟེ། ལུས་ཀྱི་གཟུགས་བྱད་མཛེས་པ་དང་། ངག་གི་གྲེ་འགྱུར་སྙན་པ། ཡིད་ཀྱི་ངང་ཚུལ་བཟང་བ་བཅས་ཀྱི་སྒོ་ནས་བསྟོད་པ་བྱེད་པར་བརྟེན་དེ་ལ“རང་གི་ངོ་བོའི་སྒོ་ནས་བསྟོད་པ”ཞེས་ཟེར། གཞན་ཡང་ལུས་ངག་ཡིད་གསུམ་གྱི་ཡོན་ཏན་གྱི་སྟེང་ལ་ཤེས་རབ་དང་། ལུང་རྟོགས་དང་། གཟུགས་དང་། ལང་ཚོ་དང་། དབང་ཐང་དང་། བརྩེ་བ་དང་། སྙན་པར་སྨྲ་བ། དྲང་བོར་བརྗོད་པ་ལ་སོགས་པས་བསྟོད་པར་བྱེད་པ་བཅས་བསྣན་པས་དེ་ལ“རང་གི་ཆོས་ཉིད་ཀྱི་སྒོ་ནས་བསྟོད་པར་བྱེད་པ”ཞེས་བསྟོད་ཚུལ་བྱེ་བྲག་རྣམ་པ་གཉིས་ཙམ་སྣང་ཞིང་། བསྟོད་པར་བྱེད་པའི་རྗོད་བྱེད་ཚིག་གི་ཆ་ནས་དཔེ་ཡི་རྒྱན་གྱིས་དཔེ་ཅན་གྱི་ལུས་རྣམ་པར་སྤྲོས་ཤིང་དཔེ་དོན་གཉིས་ཀའི་དོན་གྱི་སྡེབ་སྦྱོར་ནི་ཉི་ཟླ་ཁ་སྤྲོད་ལྟར་སྣང་བ་ཞིག་སྟེ། དཔེར་ན།
       ལྟ་བུ་སོགས་བསྟོད་པའི་ཡུལ་གྱི་ཚིག་གི་སྦྱོར་ཚུལ་ནི་དཔེ་དོན་ཕན་ཚུན་དུ་འབྱོར་ཅིང་ངག་ལ་དྲངས་ཚེ་སྙན་པར་འོང་བ་མ་ཟད། རང་གི་འཚོ་བ་དང་བར་ཐག་ཉེ་བའི་ཆ་ནས་གོ་སླ་ཞིང་བློ་འགུག་སོགས་ཀྱི་ཁྱད་ཆོས་ལྡན། དེའི་ཕྱིར་དམངས་བླུའི་ཁྲོད་ཀྱི་དཔེ་དོན་ཟུང་དུ་སྡེབ་པའི་རིག་པ་འདི་ནི། བོད་རང་གི་འཚོ་བའི་གྲུབ་ཆ་ལས་དངོས་སུ་ཕྱུང་བའི་རིག་གནས་ཀྱི་རྣམ་པ་མི་འདྲ་བ་རེ་རེ་མཚོན་གྱིན་ཡོད་པས། དཔེ་དོན་ཟུང་སྡེབ་ཀྱི་རིག་པ་ལ་སྙན་ངག་མེ་ལོང་མའི་ཁྲོད་ཀྱི་པད་མ་དང་གླང་ཆེན་ལྟ་བུ་རང་གི་ཡུལ་ཁམས་ཁོར་ཡུག་དང་འགལ་བ་ལྟག་སྤྲོད་དུ་སོང་བ་མ་ཡིན་པར། ཡོད་ཚད་རང་གི་ཁོར་ཡུག་གི་གྲུབ་གཤིས་དང་དད་མོས། གོམས་སྲོལ། ལྟ་བ་སོགས་ལས་ཡན་ལག་དང་རྩེ་མོ་རྒྱས་པ་ཡིན། གཉིས་པ་བསྟོད་སོགས་ཡུལ་བཞིའི་རྣམ་གཞག་ལས་སྨད་པའི་ཡུལ་ནི་“ཆེ་ལ་ཡོན་ཏན་མེད་གྱུར་ཅིང་། །དྲེགས་པ་ཅན་ལ་བློ་མེད་པ། །རབ་ཏུ་བྱུང་བ་བསླབ་པ་ཉམས། །སྐྱེ་བོའི་བདག་པོ་རིགས་དམན་པ། །ཚོགས་ཀྱི་བདག་པོ་ལོ་གྲངས་གཞོན། །ཕྱུག་པོ་སེར་སྣའི་དབང་གྱུར་པ། །མང་པོའི་ནང་ན་ནོངས་པའི་གནས། །གཞན་ལ་བརྙས་ན་སྨད་པར་བྱ། །”[7]ཞེས་པ་སྨད་པའི་ཡུལ་ཉིད་ཡིན་ལ། དེ་ནི་ཨ་མདོའི་དམངས་གླུའི་ཁྲོད་དུ་གླུ་ཤགས་དང་ལ་གཞས་ལས་རོགས་རྩོད་པའི་སྐབས་ཀྱི་ཡུལ་དག་ཏུ་སྨད་པའི་ཚིག་གི་སྦྱོར་བ་འདི་དག་སྤེལ་ཡུལ་བར་འགྱུར་ཅིང་། སྨད་པར་བྱེད་པའི་རྗོད་བྱེད་ཚིག་གི་ཆ་ནས།
       ཞེས་པ་ལྟར་སྦྱོར་ཡིན། གསུམ་པ་འགྲན་པའི་ཡུལ་དུ་ཚིག་གི་སྦྱོར་བ་སྤེལ་ཚུལ་ནི། འགྲན་པའི་ཡུལ་ཕ་རོལ་བ་དང་ཡོན་ཏན་མཚུངས་པའི་མང་པོའི་ཚོགས་སུ་རང་ཕྱོགས་ཀྱི་ཡོན་ཏན་དང་ནུས་པ་ལ་བསྟོད་པར་བྱེད་པ་དང་། བསྟོད་ཚུལ་གྱི་ཚིག་གི་སྦྱོར་ཚུལ་ལ་དཔེ་དོན་ཟུང་དུ་སྡེབ་ནས་བསྟོད་པ་ལ་ཉི་ཟླ་གཉིས་དང་གསེར་དངུལ་གཉིས། དགེ་སྡིག་གཉིས། སྣང་བ་དང་མུན་པ་གཉིས། གཡས་པ་དང་གཡོན་པ། རྒྱལ་པོ་དང་བློན་པོ། དཀར་པོ་དང་ནག་པོ། མཐོ་བ་དང་དམའ་བ། སྟོབས་ཆེན་དང་ཉམ་ཆུང་། རྟ་དང་བོང་བུ། ཁྱི་དང་སེང་གེ། མཁས་པ་དང་བླུན་པོ་ལྟ་བུ་མིང་དོན་འགལ་བའི་ཚིག་སྦྱོར་སྤེལ་ནས་འགྲན་པའོ། །བཞི་བ་ཀུན་ལ་དགའ་བའི་ཡུལ་དུ་ཚིག་སྦྱོར་སྤེལ་ཚུལ་ནི། བསྟོད་པ་རྐྱང་བས་མ་བཟུང་ཞིང་འགྲན་པའི་གནས་སུ་མ་ཡིན་པ། སྨད་པའི་ཡུལ་ནི་རིང་དུ་སྤངས་ཏེ་ཤེས་བྱའི་གནས་རིག་ཀུན་དང་སྒྱུ་རྩལ་རོལ་མོ་སོགས་ལ་མཁས་ཤིང་བསླབ་པའི་གནས་རྒྱུ་ལམ་འབྲས་བུ་གསུམ་ལ་དམིགས་པ་ཕྱིན་ཅི་མ་ལོག་པར་ཡང་དག་ལུགས་ཀྱི་རྗེས་སུ་འགྲོ་བ་ཉིད་ཡིན་པས་དེ་ལ་དགའ་བའི་གླུ་ལེན་པར་བྱེད་པ་བཅས་སོ། །
       གཞན་ཡང་ཨ་མདོའི་དམངས་གླུ་ལས་གླུ་ཁ་མཚར་སོགས་དང་ལ་གཞས་གཉིས་ལ་ཚིག་དོན་སྤེལ་ཚུལ་གྱི་ཆ་ནས་ཁྱད་པར་མངོན་གསལ་ཡོད་པ་མ་ཟད། བྱེ་བྲག་ཡུལ་སྐད་ཀྱི་སྐད་གདངས་དང་འབྲེལ་བའི་བྱ་དངོས་ཀྱི་མིང་གི་སྒྲ་གདངས་ཀྱི་ཐད་ནས་ཀྱང་ཁྱད་པར་ཞིབ་ཅིང་ཕྲ་བ་ཞིག་ཡོད་དེ། བསྟོད་གླུ་དང་གླུ་ཁ་མཚར་ཁྲོད་ཀྱི་འབྲུག་དང་ལ་གཞས་ཁྲོད་ཀྱི་འབྲུག་གཉིས་ལ་མིང་གི་འདོགས་སྟངས་ཀྱི་ཐད་ནས་ཁྱད་པར་དང་རྣམ་གཞག་ངེས་ཅན་ཞིག་ཡོད་དེ། དཔེར་ན།
       ཞེས་གོང་གསལ་གྱི་རེའུ་མིག་ལས་མཚོན་པ་ལྟར་གླུ་དང་ལ་གཞས་གཉིས་ཀྱི་མིང་གི་སྦྱོར་ཚུལ་ལ་ཡི་གེ་འབྲུ་གཅིག་གིས་ཀྱང་སོ་སོའི་ངོ་བོ་དང་རང་བཞིན་གསལ་བོར་འབྱེད་ནུས་ལ། དེ་ནི་ཨ་མདོའི་དམངས་གླུའི་རྗོད་བྱེད་ཚིག་གི་རྣམ་གཞག་ཁྱད་པར་བ་ཞིག་ཏུ་མཐོང་བར་མ་ཟད། གལ་སྲིད་རྣམ་གཞག་དེ་ལས་ཕན་ཚུན་ལྡོག་འགལ་དུ་སོང་ཚེ་སྙན་ངག་གི་སྐྱོན་བཅུ་ལས་དོན་ཉམས་པའི་སྐྱོན་དང་དོན་འགལ་བའི་སྐྱོན་ལྟ་བུ་ཞིག་ཏུ་ཆགས་འོངས་ཤིང་། གླུ་དེ་ལེན་པར་ངལ་བའི་གླུ་མཁན་གྱི་ངོས་ནས་ཀྱང་ངོ་ཚ་ཆེན་པོ་ཞིག་ཡིན་པས་དམངས་ཁྲོད་དུ་དེ་ལ་སྨད་པའི་ཚུལ་གྱིས། “གླུ་མགོ་རིང་མགོ་ནས་མ་ཚང་ཐལ། །སྲིན་བྱ་འུག་པའི་མགོ་འདྲ་གདའ། །གླུ་སྐེད་རིང་སྐེད་ནས་མ་ཚང་ཐལ། །རྩྭ་གསེབ་གྲོག་མའི་སྐེད་འདྲ་གདའ། །གླུ་གཞུག་རིང་གཞུག་ནས་མ་ཚང་ཐལ། །ཨ་བྲ་སྐྱ་མོའི་རྐུབ་འདྲ་གདའ། །”[8]ཞེས་གླུ་ཚིག་ལ་སྐྱོན་ཤོར་ཚེ་དེ་ལྟར་སྨད་པ་འགྱུར་རོ། །མདོར་དྲིལ་ན། ཨ་མདོའི་དམངས་གླུའི་རྗོད་བྱེད་ཚིག་གི་རྣམ་གཞག་ནི་བསྟོད་སོགས་ཡུལ་བཞི་དང་འབྲེལ་བའི་སྒོ་ནས་དེ་ལ་དཔེ་དུ་མས་ཚིག་གི་སྦྱོར་བ་སྤེལ་ཚུལ། ལྷག་དོན་གླུ་དང་ལ་གཞས་གཉིས་ཀྱི་གླུ་ཚིག་གི་ཡིག་འབྲུ་རེ་རེས་སོ་སོའི་ངོ་བོ་དང་ཁྱད་པར་རང་སོར་དུ་དགོད་པར་ནུས་པའི་ཁྱད་ཆོས་བཅས་ལྡན་པ་ནི་ཚད་ངེས་ཅན་ཞིག་གི་སྟེང་ནས་བརྗོད་ན་ཨ་མདོའི་དམངས་གླུའི་རྗོད་བྱེད་ཚིག་གི་རྣམ་གཞག་རེད་ཅེས་སྤོབས་ཆེན་པོས་སྨྲ་བར་ཆོག་གོ །
གསུམ། དབྱངས་ཀྱི་རྣམ་གཞག
       དབྱངས་ཞེས་བྱ་བ་ནི་རོལ་མོའི་བྱེ་བྲག་ཅིག་ཏུ་གཏོགས་ཤིང་ཉམས་དང་ལྡན་པའི་ངག་ལ་འཇུག་པ་སྟེ། རྒྱས་པར་བཀྲལ་ན། བརྗོད་འདོད་སེམས་ཀྱི་ཀུན་སློང་དང་རླུང་གི་རྣམ་རྟོག་གཡོས་པ་ལས་ཕྱུང་བའི་སྒྲའི་ང་རོ་ཉིད་ལ་ངག་གི་འགྱུར་ཁུགས་ཀྱིས་བརྒྱན་ནས་བྱུང་པའི་སྙན་བསིལ་གྱི་ང་རོ་དེ་ལ་དབྱངས་ཞེས་མིང་དུ་གདགས་སུ་རུང་ཞིང་། དེ་མ་གཏོགས་འདར་འགུལ་གྱི་རྒྱུ་ལས་བྱུང་བའི་སྒྲའི་ང་རོ་ཐམས་ཅད་ལ་དབྱངས་ཞེས་མིང་གི་གཞི་དེ་འགྲུབ་པར་མི་འགྱུར་ཏེ། འདི་ལ་ཧོར་གཙང་འཇིགས་མེད་ཀྱིས་བརྩམས་པའི«བོད་ཀྱི་རོལ་མོའི་ལོ་རྒྱུས་ལ་ཐོག་མར་དཔྱད་པ»ཞེས་པའི་དཔྱད་རྩོམ་དུ། “དབྱངས་ནི་གང་ཟག་སོ་སོའི་ནང་སེམས་ཀྱི་ཚོར་བ་ཤུགས་དྲག་འཕེལ་བའི་རྣམ་འགྱུར་གནས་སྐབས་ངག་ཚིག་གི་ལམ་ནས་མཚོན་མ་ནུས་པ་དེ་ཉིད་སྐད་ཤུགས་ཆེན་པོས་དབྱངས་རྟ་འདྲ་མིན་ལ་དྲངས་ཏེ། དགའ་སྡང་ཁྲོ་ཆགས་ཀྱི་རང་མདངས་སྟོན་བྱེད་ཅིག་ལ་བྱ་དགོས་པར་སྙམ”[9]ཞེས་དང་། དབྱངས་དེ་ལ་ངག་གི་འགྱུར་ཁུགས་ཀྱི་འདེགས་འཇོག་དང་སྐད་ཀྱི་སྐྱོམ་འགྲོས་མ་འདྲ་བ་ལས་དབྱངས་རིང་བ་དང་ཐུང་བ། འཚམས་པ་སོགས་ཅི་རིགས་བསྐྱར་ཟློས་སུ་བྱུང་བ་དང་ཡང་ན་སྐབས་སྐབས་སུ་འབྱུང་བར་འགྱུར་ལ། དེ་དང་འབྲེལ་འདིར་ཞུ་བར་བྱ་བའི་ཨ་མདོའི་དམངས་གླུའི་དབྱངས་རྟ་ནི་གོང་ཞུས་ཀྱི་དབྱངས་ཀྱི་ཆོས་ཉིད་ལས་མ་འདས་ཀྱང་། ད་དུང་ཞིབ་ཏུ་བརྗོད་པར་བྱ་བ་ལ་གནད་འགའ་མཆིས་ཤིང་། དེ་ལ་ས་པཎ་གྱི«རོལ་བསྟན»ལས་གསུངས་པ་ལྟར། “ལྷན་ཅིག་སྐྱེས་དང་རྐྱེན་གཞན་ལས། །བྱུང་པའི་རོལ་མོ་གཉིས་སུ་འདོད། །”[10]ཅེས་པ་ལྟར། གླུ་ནི་རང་ཉིད་རང་ལ་ལྷན་ཅིག་སྐྱེས་པའི་ངག་གི་ཉམས་ལྡན་གྱི་དབྱངས་དེར་འཇུག་པ་ལས་རྐྱེན་གཞན་དུ་སྐྱེས་པའི་རྔ་བོ་ཆེ་དང་རྒྱུད་མངས་སོགས་སུ་སྐྱེས་པ་ནི་མ་ཡིན་པའི་ཁུངས་གསལ་བོར་བརྗོད་པར་བྱའོ། །དེས་ན་ཨ་མདོའི་དམངས་གླུའི་དབྱངས་རྟ་ནི་ལྷན་ཅིག་སྐྱེས་པའི་ངག་ལས་བྱུང་བར་གྲུབ་པ་ཡིན་ན་དེ་ལ་ང་རོ་རྣམ་པ་བཞི་རུ་དབྱེ་ཚུལ་མཁས་པའི་གཞུང་དུ་གསལ་ལ། «རོལ་བསྟན»ལས། “དེ་ལ་ལྷན་ཅིག་སྐྱེས་པ་ཡི། །ང་རོ་རྣམ་པ་བཞི་ཡིན་ཏེ། །འདྲེན་པ་དང་ནི་བཀུག་པ་དང་། །བསྒྱུར་བ་དང་ནི་ལྟེངས་ཉིད་དོ། །”[11]ཞེས་པ་ལས། གཅིག འདྲེན་པ་ནི། ཉམས་དང་ལྡན་པའི་ངག་གི་དབྱངས་རྟ་ཐམས་ཅད་ཀྱི་ཐོག་མའི་འགུག་ལུགས་སྤྱི་ལ་ཟེར་བ་དང་། འདིར་བྱེ་བྲག་ཏུ་ཨ་མདོའི་དམངས་གླུའི་དབྱངས་རྟ་ལ་སྦྱར་ནས་གླེང་བར་བྱ་བ་ལ། གླུ་ཁ་མཚར་དང་བསྟོད་གླུ། གླུ་ཤགས་བཅས་ཀྱི་ཐོག་མའི་དབྱངས་ཀྱི་འདྲེན་པ་ལ“ཨོ་ཡེ”སོགས་ཀྱི་སྒྲའི་ང་རོ་སྔོན་དུ་དྲངས་ནས་དེ་ལ་ངག་གི་འགྱུར་ཁུགས་ཀྱིས་རྒྱན་ལ་ཕྲ་བཏབ་པ་ལྟར་སྙན་པའི་དབྱངས་ཀྱིས་བརྒྱན་ནས་ཐོག་མའི་གླུ་རྟ་ངག་ལ་དྲང་པོའི་འདྲེན་པ་དང་། རིམ་གྱིས་བསྒྲེང་བའི་འདྲེན་པ། བཀུག་པའི་འདྲེན་པ། བར་དུ་བསྟོད་པའི་འདྲེན་པ། ཐ་མར་སྨད་པའི་འདྲེན་པ་བཅས་སུ་སྣང་པ་ལ། “དྲང་པོ་བསྒྲེང་དང་བཀུག་པ་དང་། །བསྟོད་དང་སྨད་པའི་ང་རོས་དྲངས། །”[12]ཞེས་གཞུང་དུ་གསལ། འདི་ལ་མདོ་ཁམས་སྟོད་ཀྱི་ཡུལ་ཕྱོགས་སུ་གླུ་གདན་འདིང་བ་ཞེས་དང་། ཨ་མདོའི་ཡུལ་སྐད་དུ་གླུ་འགོ་མགྱོགས་པ་ཞེས་བཤད་སྲོལ་དུ་མ་ཞིག་མཆིས་ཀྱང་། མདོར་དྲིལ་ན་གླུ་འགོ་འདྲེན་ཚུལ་གྱི་དབྱངས་ཀྱི་རྣམ་གཞག་ལ་ངོས་འཛིན་བྱེད་དགོས་པ་རེད། གླུ་འགོ་འདྲེན་དུས་སུ་ངག་གི་དབྱངས་འགྲོས་ནི་སྐྱོམ་འགུལ་མེད་པར་དྲང་པོའི་སྒོ་ནས་འདྲེན་པར་བྱ་ནི་བོད་སྤྱིའི་དམངས་གླུའི་ཁྱད་ཆོས་ཤིག་དང་། ལྷག་དོན་ཨ་མདོའི་དམངས་གླུ་དཔེར་མཚོན་དུ་འགྲོ་བའི་གླུ་འགོ་འདྲེན་ཚུལ་ནི་དཔག་བསམ་ལྗོན་ཤིང་ལྟར་ངག་ལ་འདྲེན་པར་བྱ་དགོས་པ་སྔོན་བྱོན་མཁས་པའི་གསུང་དུའང་དངོས་སུ་ཡོད་ལ། སྤྱིར་དཔག་བསམ་ལྗོན་ཤིང་ནི་བོད་ཀྱི་ནང་པའི་རིག་གནས་ཀྱི་སྒྲོམ་གཞིའི་ནང་དུ་རྩ་བ་ཀླུ་ཡུལ་དང་སྐེད་པ་མི་ཡུལ། རྩེ་མོ་ལྷ་ཡུལ་དུ་ཟུག་པའི་འདུ་ཤེས་འཛིན་ཕྱོགས་ཤིག་རྒྱུད་ལ་ངེས་སྟབས་ལྗོན་ཤིང་ཐམས་ཅད་ལས་མཆོག་གམ་རྩེ་མོ་རུ་ངོས་འཛིན་བྱེད། དེར་བརྟེན་གླུ་འགོ་འདྲེན་དུས་ཀྱང་ངག་གི་གདངས་འགྲོས་དེ་དཔག་བསམ་ལྗོན་ཤིང་ལྟར་དམའ་ས་ནས་རིམ་གྱིས་མཐོ་སར་འགྱོགས་དགོས་པ་ཞིག་ཡིན་ཕྱིན་། དེ་ལ«རོལ་བསྟན»ལས། “དེ་ནས་དབྱངས་ཀྱི་སྦྱོར་བ་རྣམས། །དཔེ་ཡི་མིང་གིས་བཤད་པར་བྱ། །འདྲེན་པ་དཔག་བསམ་ལྗོན་ཤིང་སྟེ། །”[13]ཞེས་མཚུངས་པ་དཔེ་དང་སྦྱར་ནས་སྟོན་པ་ནི་ཡང་དག་རིག་པའི་གཞུང་ལུགས་ཀྱི་གཏམ་དུ་ཟད་དོ། །གཉིས། བཀུག་པ་བཤད་པ་ནི། གླུ་ཡི་འགུག་ལུགས་སམ་དབྱངས་ཀྱི་འགྲོས་རིམ་གཉིས་པ་ལྟ་བུ་དེ་ཡིན་ལ། ཐོག་མའི་ངག་གི་འདྲེན་པ་ཉིད་དཔག་བསམ་ལྗོན་ཤིང་ལྟར་དམའ་ས་ནས་མཐོ་སར་བཀྱག་རྗེས་རིམ་གྱིས་ངག་གི་འགྱུར་ཁུགས་དེ་བཀུག་པའི་དབྱངས་འགྲོས་སུ་བསྐྱོད་དགོས་པ་དང་། དེ་ནི་དཔེར་ན་སྒང་གཤོང་མི་སྙོམས་པའི་ལ་ལུང་དུ་རྒྱུ་བ་ལྟ་བུ་དང་ཡང་ན་ལུང་པའི་ཞབས་ནས་བདེ་མོ་ཐང་ལ་འབབ་པ་ལྟ་བུ་མི་འདྲ་བ་ཅི་རིགས་མཆིས། སྤྱིའི་ཆ་ནས་བཤད་ན། དབྱངས་ཀྱི་འགྲོས་རིམ་དང་འགྱུར་ཁུགས་དེ་ས་ཁམས་ཁོར་ཡུག་ལའང་འབྲེལ་བ་དམ་པོ་ཡོད་དེ། ཨ་མདོའི་དམངས་གླུ་ལས་རོང་འབྲོག་གཉིས་ཀྱི་དབྱངས་རྟའི་ཁྱད་པར་ནི་ལྟོས་བཅས་ཀྱིས་སའི་ཆགས་དབྱིབས་ཀྱིས་རྣམ་པས་ཕྱེ་ཡོད་པ་ལྟ་བུ་ཆགས་འདུག དེ་ལས་འབྲོག་གླུ་ལ་མཚོན་ན་གླུ་རྟ་ཡུན་གྱིས་རིང་དུ་འཐེན་ནས་ཡངས་པའི་རྩྭ་ཐང་དང་མཐོན་པོ་ནམ་མཁའ། ད་དུང་རྫ་རི་དང་སྤང་རི་སོགས་ཁོད་རྒྱ་ཡངས་པའི་འཛིན་མའི་སྣང་བརྙན་དེ་ཡིད་ཀྱི་སྤང་ཐང་དུ་འཆར་ཡོང་། རོང་གླུ་ནི་དེ་ལྟ་ཞིག་མ་ཡིན་པར་གླུ་རྟ་ཅུང་ཐུང་ལ་དབྱངས་འགྲོས་མགྱོགས་པ། ངག་གི་འགུག་སྟངས་གྱ་གྱུ་ཡིན་པ་ལས་ལུང་པའི་ཁ་ཞབས་དོག་མོ་ཅན་དང་ལ་ལུང་རི་ཕྲན་སོགས་ཀྱིས་ཁེངས་ཤིང་། ས་དབྱིབས་ཁོད་མི་སྙོམས་པ་དེ་དབྱངས་ཀྱི་འགྲོས་སྟབས་ལ་གཞིགས་ན་ཟུར་གང་རུང་ནས་རྟོགས་ཐུབ། དེའི་རྒྱུ་མཚན་གྱིས་གླུ་ཡི་དབྱངས་ཀྱི་འགྲོས་རིམ་གཉིས་པ་སྟེ་བཀུག་པ་ནི་འགྱུར་ཁུགས་མང་པོ་ལྡན་པའི་རྣམ་གཞག་ཚང་དགོས་ཕྱིན། དེ་ལ«རོལ་བསྟན»ལས། “བཀུག་པ་མེ་ཏོག་འཁྲི་ཤིང་ཡིན། །”[14]ཞེས་གསུངས་འདུག མེ་ཏོག་འཁྲི་ཤིང་གི་ངང་ཚུལ་ནི་གཅིག་ནས་མཛེས་ཤིང་ཡིད་དུ་འོང་བ། གཉིས་ནས་ཐག་འཁྱུག་མེ་ཏོག་བཞིན་དུ་མཉེན་ལྕུག་གི་ཉམས་དང་ལྡན་པ། ཤིང་སྡོང་རང་ལུས་སུ་ཚུགས་ཐུབ་པ་དང་འབྲེལ་ཤིང་སྡོང་གཞན་དུའང་འཁྲིལ་པ་དང་འཁྱུད་པའི་རང་གཤིས་ཅན་དུ་སྣང་བ་ལ་མཚུངས་པའི་དཔེ་རུ་བཀོད་པ་ནི། དབྱངས་ཀྱི་འགྲོས་རིམ་གཉིས་པ་སྟེ་བཀུག་པའི་འགྱུར་ཁུགས་ཀྱི་རང་བཞིན་དེ་གསལ་བོར་མཚོན་ནུས། དེར་བརྟེན་ཨ་མདོའི་དམངས་གླུའི་དབྱངས་ཀྱི་འགྲོས་རིམ་གཉིས་པ་བཀུག་པ་འདིའང་གོང་ཞུས་ཀྱི་དཔེ་དང་སྦྱར་ནས་སྟོན་པའི་གཞུང་ལུགས་ཀྱི་བསྟན་དོན་དང་ཉེ་བར་མཐུན་པས་འདི་ལ་དབྱངས་ཀྱི་རྣམ་གཞག་ཅེས་སྨྲས་པར་གྱུར་ན་ལུགས་དང་མཐུན་པར་འདོད་པའི་གཏམ་དུ་ཟད་དོ། །གསུམ། བསྒྱུར་བ་བཤད་པ་ནི། ངག་གི་འགུག་ལུགས་སམ་དབྱངས་ཀྱི་འགྲོས་རིམ་གསུམ་པ་ལ་གོ་བར་རིགས་ཏེ། དེ་ནི་ཐོག་མའི་འདྲེན་པ་དང་བཀུག་པའི་དབྱངས་ཀྱི་རྨང་གཞི་ལས་འཕེལ་ཞིང་ངག་གི་གདངས་དབྱངས་བསྒྱུར་བར་རྩོམ་པའི་འགྱུར་ཁུགས་ལ་ཟེར་བ་ཡིན། བསྒྱུར་བའི་སྐབས་སུ་དེ་ལ་མགྲིན་པས་བསྒྱུར་བར་རྩོམ་པ་དང་ལྕེ་ནས་བསྒྱུར་བར་རྩོམ་པ། སྣ་ལྡན་དུ་བསྒྱུར་བར་རྩོམ་པ་བཅས་རིང་བ་དང་ཐུང་བ་མི་འདྲ་བ་གཉིས་གཉིས་སུ་སྦྱར་བའི་སྲོལ་ནི་གཞུང་དུ་གསལ་ཏེ། དཔེར་ན། “བསྒྱུར་ལ་མགྲིན་ལྕེ་སྣ་ལྡན་ཏེ། །དེ་ལ་རིང་དང་ཐུང་གཉིས་སྦྱར། །”[15]ཞེས་འབྱུང་པ་ནི། གླུ་ཡི་དབྱངས་ཀྱི་གདངས་འགྱུར་དེ་བསྒྱུར་བ་ལ་ལུས་ཀྱི་མགྲིན་པ་དང་ལྕེ་དང་། སྣ་བཅས་ཀྱི་ཡན་ལག་གི་རྩོལ་བ་དང་མཉམ་དུ་གླུ་ཡི་དབྱངས་ཀྱི་འགྲོས་རིམ་གསུམ་པ་བསྒྱུར་བའི་ཚུལ་དེ་འབྱུང་བར་སྟོན་པ་སྟེ། དེ་ནི་རིག་པའི་གཞུང་དུ་མཚུངས་པའི་དཔེ་དང་སྦྱར་ནས་བསྟན་ཡོད་པ་ལ“དབུས་ཞན་ཆུ་ཀླུང་དལ་འགྲོ་བ། །”ཞེས་གླུ་ཡི་དབྱངས་ཀྱི་བསྒྱུར་བ་དེ་དབུས་ཞན་པའི་གཞོང་ལུང་དུ་ཆུ་ཀླུང་ཆེན་པོ་དལ་བར་རྒྱུ་བའི་ཉམས་སྣང་ལ་དཔེ་བཀོད་བྱས་འདུག བཞི། ལྟེངས་པ་བཤད་པ་ནི། དབྱངས་ཀྱི་འགྱུར་ཁུགས་དྲངས་ནས་བཀུག་པ་དང་། བཀུག་པ་ནས་བསྒྱུར་བ། བསྒྱུར་བ་ནས་རིམ་གྱིས་འཕེལ་བའི་གླུ་ཡི་དབྱངས་ཀྱི་འགྲོས་རིམ་བཞི་པ་ལ་ཟེར་ཞིང་། དེ་ནི་དབྱངས་ཀྱི་འགྲོས་སྟབས་རིམ་གྱིས་འཇགས་པའི་གནས་དང་འཇམ་པའི་གནས་སུ་འབབ་པའི་དབྱངས་འགྲོས་དེ་ལ་གོ་བར་རིགས། ཨ་མདོའི་གླུ་ཡི་དབྱངས་རྟའི་དབང་དུ་བཏང་ན་གླུ་གཅིག་ལ་གླུ་ཚིག་ཤོ་ལོ་ཀ་གསུམ་དུ་སྣང་བ་ལས། ཤོ་ལོ་ཀ་རེ་རེ་ངག་གི་དབྱངས་རྟ་ལ་དྲངས་ནས་ལེན་པའི་དུས་ཀྱི་མཇུག་གི་དབྱངས་འགྲོས་དེ་ནི་དབྱངས་ཀྱི་འགྲོས་རིམ་བཞི་པ་སྟེ་ལྟེངས་པ་ལ་ངོས་འཛིན་བྱས་ན་དོན་དང་མཐུན་པར་འདོད། སྔོན་གྱི་མཁས་པས་འདི་ལ་རྟོགས་སླ་བའི་ཕྱིར་དཔེའི་མིང་གིས་བསྟན་དུ་བྱ་བ་ལ། “འགྱུར་ཁུགས་རྒྱ་མཚོའི་ཟླ་བར་བཤད། །”[16]ཅེས་དབྱངས་འགྲོས་བཞི་པ་ལྟེངས་པ་ནི་མཁའ་ཡི་ཟླ་བའི་གཟུགས་རིས་རྒྱ་མཚོའི་ངོགས་སུ་འཆར་བ་ལྟར་འཇམ་པ་དང་དྭངས་པ་དང་གསལ་བའི་རང་བཞིན་དུ་སྣང་བར་མ་ཟད། མཚོ་ཡི་རླབས་རིས་དལ་བུར་སྐྱོམས་པའི་ཚེ་ན་ཟླ་བའི་གཟུགས་རིས་ཀྱང་དལ་བར་བསྐྱོད་པ་དང་འདར་བ་ལྟར་ངག་གི་དབྱངས་རྟའི་འགྱུར་ཁུགས་དེའང་ཅུང་འདར་བའི་སྒོ་ནས་གདངས་ཀྱི་ང་རོ་འབྱིན་པར་བྱེད་དགོས། སྤྱིར་འདར་བའི་སྐད་ལ་སྙན་མོ་མེད་ཅེས་པའི་བཤད་སྲོལ་ཅིག་མཆིས་ཀྱང་། འདིའི་སྐབས་ཀྱི་འདར་བའི་སྐད་ནི་ངག་གི་འགྱུར་ཁུགས་ལ་ཕྲ་ཡིས་བརྒྱན་པ་ལྟ་བུའི་ནུས་པ་ཐོན་ཕྱིར་སྙན་པའི་དབྱངས་སུ་འགྱུར་བ་ཡིན་ནོ། །
མཇུག་བསྡུ་བ།
       དུས་ཡུན་རིང་བོའི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་དུ་ཨ་མདོའི་དམངས་གླུ་ནི་གངས་ཅན་རིག་པའི་བང་མཛོད་ནང་གི་གཟི་འོད་ལམ་ལམ་དུ་འབར་བཞིན་པའི་རིན་ཆེན་ནོར་བུ་ཞིག་ཡིན་ལ། བོད་མི་འདི་གངས་ཅན་ལྗོངས་སུ་གཞིས་ཆགས་ཏེ་གདོད་མའི་དུས་ནས་བཟུང་། རང་གི་འདས་སོང་གི་ལོ་རྒྱུས་དང་ནང་སེམས་ཀྱི་དགའ་སྐྱོ་ཆགས་སྡང་། མཐོང་ཐོས་མྱོང་གསུམ་གྱི་ཡིད་ཀྱི་ཚོར་བ་སོགས་གླུ་དང་གཞས་ལ་བརྟེན་ནས་མཚོན་པར་བྱེད་པ་གོམས་ལོབས་སུ་གྱུར་ཡོད་པས། དམངས་གླུ་ནི་བོད་ལ་མཚོན་ན་ཆེས་དར་སྔ་ཞིང་ཐུན་མིན་གྱི་ཁྱད་ཆོས་ལྡན་པའི་ཁ་རྒྱུན་རྩོམ་རིག་ཅིག་ཏུའང་གྱུར་ཡོད། དེའི་ཕྱིར་འདས་ཟིན་པའི་སྔོན་བྱུང་གི་སྤྱི་ཚོགས་གོམས་སྲོལ་དང་དངོས་པོའི་རིག་གནས། བསམ་བློའི་འདུ་ཤེས་སོགས་མ་བཅོས་རང་བྱུང་དུ་མཚོན་ནུས་པ་ལ་དམངས་གླུ་ནི་ཐམས་ཅད་ལས་མཆོག་གི་རྩེ་མོར་སོན་ཡོད་ཅིང་། དེའི་ཚིག་གི་ཆ་ནས་སྡེབ་ལེགས་ཤིང་ཕ་སྐད་མ་ཡིག་གི་སྒྲ་གདངས་གསལ་བོར་མཚོན་པ། དོན་གྱི་ཆ་ནས་མི་རིགས་ཀྱི་དམངས་སྲོལ་རིག་གནས་མངོན་པར་མཚོན་པ། དབྱངས་རྟའི་ཆ་ནས་ཡུལ་ཞེན་གྱི་དུངས་པ་ཉེ་བར་འགུགས་པའི་ཚོར་འདུ་ཤུགས་དྲག་བཅས་ལྡན་ལ། གཞན་ཡང་དག་གཙང་གི་ལྗོངས་རྣམ་ཡིད་ལ་ལྷུང་བའི་བརྙན་རིས་ཀྱི་རི་མོ་གསལ་ལེར་འཆར་བ་སོགས་ཁྱད་ཆོས་དུ་མ་ལྡན་ཞིང་། དེའི་ཕྱིར་མཁས་པའི་དབང་བོ་དོར་ཞི་མཆོག་ནས་བོད་ཀྱི་དམངས་གླུར་འདི་ལྟར་བརྗོད་ཡོད་དེ། དགའ་སྐྱོ་ཆགས་སྡང་ཁོང་ནས་བརྡོལ་བའི་རླབས། །རང་བྱུང་ལྷུན་གྲུབ་གདངས་སུ་འཕོས་པའི་དབྱངས། །ཡིད་ཀྱི་མཚོ་མོ་སྐྱོམ་བྱེད་སྐལ་བའི་རླུང་། །བརྗོད་འདས་ཞིང་དུ་རྣམ་ཤེས་འཕོ་བའི་ལམ། །ཞེས་གསུངས་པ་ལྟར་རྩོམ་རིག་གི་ཁྱབ་ཁོངས་གཞན་དང་མ་འདྲེས་མེད་པར་ཐུན་མིན་གྱི་ཁྱད་ཆོས་ཤིག་ལྡན་པས་ད་དུང་མུ་མཐུད་དུ་དམངས་གླུའི་རྣམ་གཞག་ལ་རྟོག་དཔྱོད་ཀྱི་བློ་རིག་ཡངས་བར་ཕྱེས་ཐུབ་པའི་དྲན་སྐུལ་གྱི་ཚུལ་དུ་འདིར་ཅུང་ཙམ་སྤྲོས་པ་ལགས་སོ། །
____________________
ལུང་ཁུངས། 
[1] རྡོ་རྗེ་གླུ་ཞེས་པ་ཇི་ལྟར་འགྲེལ་ལུགས་ཀྱི་ཚུལ་ནི་རྒྱལ་བ་ཀློང་ཆེན་པའི«རྡོ་རྗེའི་གླུའི་དཀར་ཆག་ལེགས་པར་བཀོད་པ་བཞུགས།»ལས། “རྡོ་རྗེའི་གླུ་འདི་ནི་འཇིག་རྟེན་པའི་གླུ་ལྟར་མ་ཡིན་གྱི། འཇིག་རྟེན་ལས་འདས་པ་ཐར་པ་དོན་དུ་གཉེར་བ་རྣམས་ཀྱི་དོན་དུ་བླང་བ་ཡིན་ཞིང་། དུས་ནི་ཚོགས་ཀྱི་འཁོར་ལོ་དང་། དཔའ་བོ་དང་དཔའ་མོའི་ཚོགས་ཀྱི་དགའ་སྟོན་དང་། རྣལ་འབྱོར་བ་ཉམས་སྐྱོང་བའི་ལེན་པའོ། །དགོས་པ་ནི་དད་པ་དང་ངེས་འབྱུང་བསྐྱེད་པ་དང་། དབེན་པར་སྒྲུབ་པ་ལ་བརྩོན་པ་དང་། ཉམས་རྟོགས་གོང་དུ་འཕེལ་བ་ལ་སོགས་པའོ། །ལེན་ལུགས་ནི། ལེན་པ་པོ་རྣམས་ལུས་ཀྱིས་རྐང་བྲོ་དང་ཕྱག་རྒྱ་མཛེས་པ། ངག་གིས་འདྲེན་ཁུགས། ཚིག་འབྲུ་སྙན་པ། སེམས་ཀྱི་ལྟ་དགོངས་དང་དམིགས་པ་གསལ་བའོ། །གང་ལས་གསུངས་ན་གསང་སྔགས་བླ་ན་མེད་པའི་རྒྱུད་དང་མན་ངག་ཀུན་ནས་རྡོ་རྗེའི་གླུ་གསུངས་ལ། ཁྱད་པར་ཉི་ཟླ་ཁ་སྦྱོར་གྱི་རྒྱུད་ལས་བྱུང་ཞིང་། དབང་རྣམ་པར་ཕྱེ་བའི་ཕྲ་ཐིག་ལས། སྐབས་འདིར་རྡོ་རྗེ་གླུ་ཡང་བླང་བར་བྱའོ། །ཞེས་གསུངས་པས། དབང་ངོ་སྤྲོད་ཚོགས་ཀྱི་འཁོར་ལོའི་སྐབས་སུ། རྡོ་རྗེ་གླུ་ལེན་པར་བཤད་དོ། །རྡོ་རྗེ་གླུ་ཇི་ལྟར་བླང་པའི་ལག་ལེན་ཅུང་ཟད་ཕྱོགས་གཅིག་ཏུ་བསྡེབས་ཏེ། ཐེག་པ་བླ་ན་མེད་པའི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས་བཀོད་པའོ། །”(«ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱི་གསུང་འབུམ་བཞུགས་སོ།།» (24/26) ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2009:207)
[2] སྨྲ་བའི་སེང་གེས་མཛད། «བཤད་མཛོད་ཡིད་བཞིན་ནོར་བུ། [M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2016:310-311
[3] བཀའ་མ་མཁའ་འབུམ་དང་ཚེ་རྒྱལ་གྱིས་བསྒྲིགས། «གླུ་སྙན་ཁྲོམ་པའི་དགའ་སྟོན།» [G] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2012:50
[4] འཇའ་མོ་གནས་བརྟན་ཚེ་རིང་གིས་བསྒྲིགས། «བོད་གླུ་ནོར་བུའི་རྒྱ་མཚོ།» [G] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2008:1
[5] སྤྲེལ་ནག་པ་རིག་འཛིན་གྲགས་ལྡན་གྱིས་བརྩམས། «བོད་ཀྱི་ལ་གཞས་ཀྱི་རིག་གནས་སྣང་ཚུལ་སྐོར་རགས་ཙམ་གླེང་བ།» [J] བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་དེབ། 2014(3) :117
[6] དཔལ་ལྡན་ས་སྐྱ་པའི་གསུང་རབ། «ཟློས་གར་དང་མཁས་འཇུག» [G] པོད་དྲུག་པ། མི་རིགས་དཔེ་སྐྲུན་ཁང་དང་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2004:5
[7] བསྟན་འཛིན་ཚེ་རིང་དང་གཙན་ཚ་བཀྲ་བྷོ་གཉིས་ཀྱིས་བསྒྲིགས། «བོད་ཀྱི་དམངས་ཁྲོད་གླུ་གར་གྱི་ཡིག་ཆ་བདམས་བསྒྲིགས» [G] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2011:39
[8] པདྨ་ཚེ་འཛོམས་ཀྱིས་བརྩམས། «ཡུལ་ཤུལ་ས་ཆའི་དམངས་གླུའི་ཁྱད་ཆོས་མདོ་ཙམ་བརྗོད་པ» [J] བོད་ཀྱི་དམངས་སྲོལ་རིག་གནས། 2010(1):110
[9]  ཧོར་གཙང་འཇིགས་མེད་ཀྱིས་བརྩམས། «བོད་ཀྱི་རོལ་མོའི་ལོ་རྒྱུས་ལ་ཐོག་མར་དཔྱད་པ།» [M] 2006:125
[10][12][13][14][15][16] «ས་སྐྱ་གོང་མ་རྣམ་ལྔའི་བཀའ་འབུམ་བཞུགས་སོ།།» [G] (ཙ)ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2015:283-284-290-290-284-290
[11] བསྟན་འཛིན་ཚེ་རིང་དང་གཙན་ཚ་བཀྲ་བྷོ་གཉིས་ཀྱིས་བསྒྲིགས། «བོད་ཀྱི་དམངས་ཁྲོད་གླུ་གར་གྱི་ཡིག་ཆ་བདམས་བསྒྲིགས» [G] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2011:2

གསལ་བཤད། ཆོག་མཆན་མེད་པར་གང་འདོད་དུ་བརྒྱུད་འགོད་བྱ་མི་ཆོག
འབྲེལ་ཡོད་འོས་སྦྱོར།