བོད་དམངས་ཁྲོད་ཀྱི་རིན་པོ་ཆེ། དཀར་ཡོལ།
རྩོམ་པ་པོ།:ཕུར་སྲུང་སྐྱབས།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2022-12-28
ཀློག་གྲངས།:
གཅིག དཀར་ཡོལ་ཞེས་པའི་མིང་གི་འགྲེལ་ཚུལ།
ཁ་ཆེ་ཐམས་ཅད་མཁྱེན་པའི་བཤེས་གཉེན་གྱི«དཀར་ཡོལ་བརྟག་ཐབས་རིན་ཆེན་སྣོད་ཀྱི་བདུད་རྩི»ལས། “རྒྱུ་ནི་རབ་འབྲིང་རྣམ་པ་གསུམ། །རབ་ནི་རིན་ཆེན་འཆིང་བུ་དང་། །འབྲིང་ནི་འཛེང་ལ་བྱས་པས་ཏེ། །ཐ་མ་རྡོ་ཐལ་དཀར་པོའོ། །ཁ་དོག་སེར་བ་རབ་ཡིན་ཏེ། །དཀར་བ་འབྲིང་ལ་ཐ་མ་སྔོ། །དབྱིབས་དང་རི་མོའི་བརྟགས་པ་ཡང་། །”ཞེས་སོགས་རྒྱས་པར་བཀོད་འདུག་པའི་ནང་དོན་མདོར་བསྡུས་ན་དཀར་ཡོལ་གྱི་རྒྱུ་ཆ། ལེགས་ཉེས། ཁ་དོག། བཟོ་དབྱིབས། རྒྱན་རིས། ཁ་ཞེང་ཆེ་ཆུང་། རྐང་པ་རིང་ཐུང་། འཇམ་ཤ་དོད་མིན། སྲབ་མཐུག ཐོན་ཁུངས། ནུས་པ་བཅས་དོན་ཚན་བཅུ་གཅིག་གི་སྒོ་ནས་དབྱེ་འབྱེད་བྱས་ཆོག་པར་སྙམ། དཀར་ཡོལ་གྱི་རྒྱུ་ཆ་གཙོ་བོ་ནི་རིན་པོ་ཆེ་འཆིང་བུ་དང་འཛེང་། རྡོ་ཐལ་དཀར་པོ་སོགས་ཡིན་ལ། དེའང་དུས་རབས་སྔོན་མའི་ནང་དུ་དཀར་ཡོལ་གྱི་ཁ་དོག་ལ་སེར་པོ་དང་། དཀར་པོ། སྔོན་པོ། སྔོ་སྐྱ་སོགས་གཙོ་བོར་བྱེད་ལ། དཀར་ཡོལ་གྱི་མིང་ལའང་ཡོལ་ཟེར་བ་དང་ཕྱིས་སུ་ཁ་དོག་དཀར་པོ་ཤུགས་ཆེར་སོང་བས་དཀར་ཡོལ་དང་། དཀར་ཆེན་སྡེ་བཞི་ལྟ་བུ་ཁ་དོག་མིང་དུ་ཆགས་པའང་ཡོད།
ལྔ། དཀར་ཡོལ་གྱི་རྒྱན་རིས་དང་མཚོན་དོན།
དཔྱད་གཞིའི་ཡིག་ཆ།
༡ «སྨོན་ལམ་ཚིག་མཛོད།» དགེ་བཤེས་བློ་བཟང་སྨོན་ལམ།
༢ «སྒོམ་སྡེ་ཚིག་མཛོད་ཆེན་མོ།» སྒོམ་སྡེ་ལྷ་རམས་པ་ཐུབ་བསྟན་བསམ་གྲུབ།
༣ «གསོ་རིག་སྐོར་གྱི་མིང་ཚིག་ཉེར་མཁོའི་དོན་གསལ།» དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས།
༤ «རྒྱ་བོད་ཡིག་ཚང་ཆེན་མོ།» སྟག་ཚང་ལོ་ཙཱ་བ་དཔལ་འབྱོར་བཟང་པོ།
༥ «ཀརྨ་ཀམ་ཚང་གི་ཆོས་འབྱུང་རབ་འབྱམས་ནོར་བུའི་ཟླ་བ་ཆུ་ཤེལ་གྱི་ཕྲེང་བ།» སི་ཏུ་རིན་པོ་ཆེ་ཆོས་ཀྱི་འབྱུང་གནས།
༦ «གསེར་གདུང་འཛམ་གླིང་རྒྱན་གཅིག་གི་དཀར་ཆག།» སྡེ་སྲིད་སངས་རྒྱས་རྒྱ་མཚོ།
༧ «དུང་དཀར་ཚིག་མཛོད་ཆེན་མོ།» དུང་དཀར་བློ་བཟང་འཕྲིན་ལས།
༨ «དཀར་ཡོལ་བརྟག་ཐབས་རིན་ཆེན་སྣོད་ཀྱི་བདུད་རྩི།» ཁ་ཆེ་ཐམས་ཅད་མཁྱེན་པའི་བཤེས་གཉེན།
༩ «བཟོ་རིགས་ཉེར་མཁོ་བདམས་བསྒྲིགས།» གངས་ཅན་རིག་མཛོད་དེབ་ཕྲེང་༡༤པ།
༡༠ «ཐང་ཡིག་གསར་རྙིང་ལས་བྱུང་བའི་བོད་ཆེན་པོའི་སྲིད་ལུགས།» དོན་གྲུབ་རྒྱལ་དང་ཁྲིན་ཆིན་དབྱིན་གཉིས་ཀྱིས་བསྒྱུར།
༡༡ «དམངས་སྲོལ་རིག་པའི་སྤྱི་དོན།» གཅན་ཚ་བཀྲ་བྷོ།
༡༢ ཁམས་པའི་བརྙན་འཕྲིན་ཁང་གི«བྱམས་པའི་ཁ་བརྡ»ལེ་ཚན། ལྟག་ཨོ་རྒྱན་ཆོས་འཕེལ།
༡༣ «བོད་ཀྱི་དཀར་ཡོལ་བཤད་པ།» ཕག་གྲུབ།
གསལ་བཤད། པར་དག་ནི་དྲ་བ་ལས་བཏུས་པ་ཡིན།
དཀར་ཡོལ་ཞེས་པར་ཚིག་མཛོད་དག་ལས་མིང་གི་འགྲེལ་ཚུལ་མི་འདྲ་བ་ཡོད་དེ། «སྨོན་ལམ་ཚིག་མཛོད»ལས། “ཇ་འཐུང་སྤྱད་དམ་ཁ་ཟས་ཟ་སྤྱད་ཀྱི་སྣོད་ཆས་ཤིག་སྟེ། དབྱིབས་གོར་གོར་ནང་ངོས་ཀོང་ཀོང་ཅན། རྒྱུ་ནི་རིན་པོ་ཆེ་འཆིང་བུ་དང་། འཛེང་། རྡོ་ཐལ་དཀར་པོ་སོགས་ཅི་རིགས་ལས་བཟོས་པ་ཞིག་ཡིན།” ཡང«སྒོམ་སྡེ་ཚིག་མཛོད་ཆེན་མོ»ལས། ཇ་འཐུང་སའི་སྣོད། ཕོར་པ་ཞིག། སྒྲ་བཤད་ནི། ཁ་དོག་དཀར་པོ་ཡིན་པའི་ཆ་ནས་དཀར། ཡོལ་ནི་ཡོལ་གོ་སྟེ་སྣོད་སྤྱད་ཡིན་པས་དཀར་ཡོལ་ཞེས་བཏགས་སོ། །དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱི«གསོ་རིག་སྐོར་གྱི་མིང་ཚིག་ཉེར་མཁོའི་དོན་གསལ»ལས། “རྡོ་དཀར་གོང་དང་ཚ་ལ་གཉིས་སྦྱར་ནས་བཅོས་པའི་བཏུང་སྣོད་ཡོལ་གོའི་མིང་སྟེ། དཀར་གོང་ཚ་ལ་སྦྱར་བ་ཡི། །བཅོས་པའི་བཏུང་སྣོད་ཡོལ་གོ་ལ། །སྒྲ་བསྡུས་དཀར་ཡོལ་ཞེས་སུ་བཤད། །”ཞེས་འཁོད་ཡོད།
གཉིས། བོད་ལ་དཀར་ཡོལ་དར་ཚུལ་གྱི་ལོ་རྒྱུས།
སྟག་ཚང་ལོ་ཙཱ་བ་དཔལ་འབྱོར་བཟང་པོའི«རྒྱ་བོད་ཡིག་ཚང་ཆེན་མོ»ལས། “བོད་རྒྱལ་འདུས་སྲོང་མང་པོ་རྗེ། །རླུང་ནམ་འཕྲུལ་གྱི་རྒྱལ་པོའི་དུས། །སྔར་མེད་ལྷ་ཡི་བདུད་རྩི་བཞིན། །ཇ་དང་དཀར་ཡོལ་བྱུང་བ་ཡིན། །རྒྱལ་པོ་འདིའི(འདུས་སྲོང་མང་པོ་རྗེ། ༦༧༦-༧༠༤)དུས་སུ། བོད་ན། སྔར་མེད་པའི་ཇ་དང་དཀར་ཡོལ་བྱུང་བའི་ལོ་རྒྱུས་ཡོད་པ་རྒྱས་པར་གཞན་དུ་བལྟ་ཞིང་། ཟུར་ཙམ་བསྟན་པ་ནི་དུས་ནམ་ཞིག་རྒྱལ་པོ་སྙུང་དྲག་པོ་ཞིག་གིས་ཐེབས་པའི་དུས་སུ། བོད་ན་སྨན་དཔྱད་གཞུང་བཞིན་ཤེས་ནི་མེད། ཟས་དང་། སྤྱོད་ལམ། རིག་བཟོ་ལ་བརྟེན་པ་ཙམ་ཡོད་པས་སྐུ་མཚམས་བཞུགས་ཡོད་པའི་ནང་ནས། ཕོ་བྲང་གི་པུ་ཤའི་ཟུར་ན་བྱ་ཡིད་དུ་འོང་བ་སྔར་མ་མཐོང་བ་གཅིག་གི་ཁ་ན་ཤིང་བུ་ལོ་འདབ་དང་ལྡན་པ་ཉུང་ཤས་ཤིག་ཁྱེར་ནས་སྐད་སྙན་པར་སྒྲོག་གིན་འདུག་པ་རྒྱལ་པོས་གཟིགས་ནའང་། སྔོན་མ་ཆེད་གཉེར་མ་མཛད། སང་གི་ཉི་མ་ཤར་མཚམས་སུའང་དེ་བཞིན་དུ་བྱེད་ཀྱིན་འདུག་པ་དང་། རྒྱལ་པོའང་ཐེ་ཚོམ་སྐྱེས་ཏེ་བལྟས་ནས་ཤིང་དེ་རྣམས་ཞིང་མ་ལ་བཅུག་པས། སྔར་མེད་ཀྱི་ཤིང་དུ་འདུག་ཅིང་ཤིང་དེ་ཡི་སྣེ་མོ་གཅིག་ཞལ་དུ་བཅུག་ནས་བྲོ་བ་མྱངས་པས་ཞལ་སྐྱེམ་པ་སོས་བཏུང་བའི་མཆོག་ཏུ་མངོན་ནས། ད་ཁྱེད་བློན་འབངས་རྣམས་ཉོན་ཅིག་ང་ན་བའི་སྐབས་འདིར། གཞན་གྱི་བཟའ་བཏུང་ནི་གང་ཡང་མི་འདོད། བྱས་ཁྱེར་བའི་ཤིང་བུ་འདི་ནི་བཏུང་བའི་མཆོག་ལུས་ཀྱི་གསོས་ནད་ཀྱི་སྨན་དུ་འདུག་པས། ང་ལ་བློ་ཉེ་བ་རྣམས་ཀྱིས་ཤིང་འདི་ལྟ་བུ་གར་འདུག་ཀྱང་ཚོལ་བྱོན་ཅིག། བྱ་དགའ་ཆེན་པོ་བྱེད་དོ་གསུངས་པ་དང་། བློན་འབངས་བྱིངས་པོས་བོད་ཡུལ་གྱི་ས་ཆ་སྟོད་སྨད་ཐམས་ཅད་དུ་བཙལ་ཀྱང་མ་རྙེད། བློན་པོ་རྒྱལ་པོ་ལས་བསམ་དུ་མེད་པའི་གློ་བ་ཉེ་ཤོས་གཅིག་གིས། བོད་ཀྱི་ས་མཐའ་འཁྱམས་འཁྱམས་པས་རྒྱ་ནག་འཐུབ་བོ། །སྨུག་ལིང་ངེ་བ་མཐོང་ས་གཅིག་ཏུ་སླེབས་སྟེ། ཕ་ཀི་འདྲ་བའི་གསེབ་ན་ཤིང་དེ་ངེས་པར་ཡོད་དམ་སྙམ་ནས་གཏད་ཕྱིན་པས། ནགས་དེའི་ཚུ་རོལ་ན་ཆུ་ཆེན་པོ་གཅིག་འདུག་པས་ཆུ་ལ་ནི་འགྲོ་མ་ནུས། ཤིང་དེ་ནི་ནགས་གསེབ་ན་ཡོད་པར་རིག་སྟེ་རྒྱལ་པོ་ཡིད་ལ་སེམས་ཀྱིན་བསྡད་ཙ་ན་དར་ཅིག་ཉ་ཆེན་པོ་གཅིག་ཁོའི་ཐད་དེ་ནས་ཆུ་དེ་ལ་ཞུགས་སོང་བ་དང་། ཆུ་ཁ་ཞེང་ཆེ་བ་མ་གཏོགས་གཏིང་ལ་མི་ནུབ་པར་འདུག་པས། སེམས་དགའ་སྟེ། དེའི་རྗེས་ལ་བརྒལ་ཕྱིན་ནས། ནགས་གསེབ་ཏུ་སླེབས་པ་དང་། ནགས་མ་ནི་ཕལ་ཆེ་བ་བྱས་ཁྱེར་བའི་ཤིང་དེ་རྐྱང་དུ་འདུག་པས། ད་ནི་ཕ་གིས་རྗེ་བོ་ངེས་པར་སྐུ་བརྟས་པར་འགྱུར་རོ་སྙམ་པའི་དགའ་སྤྲོ་དང་བཅས་ནས། ཤིང་དེ་འདྲ་བ་རྒྱབ་གཅིག་བརྔས་ཡང་བསམ་མནོ་ཕྱི་མ་ལ་རྒྱལ་པོ་བསྙུང་བ་དྭངས་པ་ལ་ནི་འདིས་ཕན་ངེས། ས་ཐག་རིང་བར་འདུག་པས། ད་ལན་འཁུར་བའི་གྲོགས་སམ་ཁལ་མ་གཅིག་ཡོད་ན་བསམ་པའི་འདོད་པ་སྐྱེས་པའི་དུས་དེར་ད་ཀི་མེད་པའི་ཤྭ་བ་མོ་གཅིག་མི་འཛེམ་པར་རྩ་རུ་སླེབས་བྱུང་བས་འདི་འདྲ་ལའང་ཁལ་བཀལ་རུང་པའང་སྲིད་དམ་སྙམ་ནས་གྲབས་བྱས་པས། ཇི་ལྟར་འདོད་པ་བཞིན་བྱར་བྱུང་ནས། ཤིང་དེ་ནས་ཤྭ་བའི་ཁལ་རྒྱབ་གཅིག་དང་། ཁོ་རང་གི་རྒྱབ་གཅིག་ཁུར་ཡོང་བས། ལམ་ཞག་ཟླ་བའི་བར་ལ་སོང་ནའང་ཤྭ་བས་ཀྱང་ཁུར་ནས། བོད་རྒྱལ་པོའི་ཕོ་བྲང་མཐོང་སར་བསྐྱལ་ལོ། །
དེ་ནས་གྲོགས་བཀུག་སྟེ་རྒྱལ་པོའི་སྤྱན་སྔར་ཕུལ་བས་ཤིན་ཏུ་དགྱེས་ནས་བྱ་དགའ་ཆེན་པོའང་བྱས། བསྙུང་སོས་པ་ལ་ཡང་ཕན་པོ་བྱུང་སྐད། དེ་རྟིང་རྒྱལ་པོའི་ཞལ་ནས་འདི་ནི་བཏུང་བའི་མཆོག་ཏུ་འདུག་པས། འདི་འཐུང་སའི་སྣོད་སྔར་ཡོད་པའི་གཟི། མཆོང་། གསེར། དངུལ་ལ་སོགས་རིན་པོ་ཆེའི་ཞལ་སྐྱོགས་འདི་རྣམས་ཀྱང་མ་ཡིན་པའི། སྔར་མེད་ཀྱི་སྣོད་ཅིག་འཚོལ་དགོས་པར་འདུག་པ། དེའང་རྒྱ་ནག་པོའི་རྒྱལ་པོ་ལ། དཀར་ཡོལ་ཟེར་བ་ཞིག་ཡོད་འདུག་པ་སློངས་ལ་ཤོག་ཅིག་གསུངས་པ་བྱུང་ནས། གསེར་ཡིག་པ་བཏང་བས་རྒྱ་ནག་རྒྱལ་པོ་ན་རེ། རང་རེ་རྒྱ་བོད་གཉིས་འཐབ་མཐུན་ལན་མང་བོད་ལ་ཕན་གདགས་པའི་ཕྱིར་དུ་ངེད་ཀྱིས། སྨན་རྩིས་བཟོ་གནས་རོལ་མོ་མཁན་རིན་པར་བཏང་ནའང་། བོད་ཀྱིས་བསམ་དུ་མ་འདོད་པས་དཀར་ཡོལ་མི་བསྐུར། བོད་རང་ལ་བཟོ་རྒྱུ་ཡོད་ན་བཟོ་མཁན་ཞིག་བཏང་ཡོངས་གསུངས་པ་བྱུང་ནས་རྒྱའི་དཀར་ཡོལ་བཟོ་མཁན་ཁྲིད་ཡོང་སྟེ། བོད་རྒྱལ་པོའི་མདུན་དུ་རྒྱུ་མཚན་བསྙད་པས། དེས་ན། རང་རེའི་བཟོ་བར་རིགས་པས། སྔ་སོར་རྒྱུ་དང་ཆས་རྐྱེན་ཅི་འདྲ་དགོས་པ་བསོགས་ཤིག་གསུངས་པ་ལ། ཁོ་ན་རེ་རྒྱུའི་རབ་ནི་རིན་པོ་ཆེའི་འཆིང་བུ། འབྲིང་ནི་འཛེ། ཐ་མ་རྡོ་དཀར་པོ་ལ་ཡང་རུང་ངོ་ཟེར་བས་གན་མཛོད་ནས་རྒྱུ་གསུམ་པོ་གང་དགོས་པ་སྤྲད། དཀར་ཡོལ་ལ་རིགས་རྣམ་པ་མང་བས་ཇི་ལྟར་བཟོ་ཟེར་བ་ལ། བཟོ་གནས་ཀྱི་རིགས་ནི་སྔར་རྒྱ་ནག་དུའང་མ་དར་བ་ཞིག་བཟོ་དགོས་པ། གཟུགས་ནི་ཁ་གཡེལ་བ། སྲབ་པ། རྐང་པ་ཐུང་བ། མདོག་དཀར་འཇམ། སྔོ་དྭངས་ལྡན་པ་ཞིག་དགོས། མིང་ནི། བོད་ན་སྔར་མེད་པ་དར་བས་དར། སྣོད་དེ་བསྟེན་པས་ཚེ་དང་དཔལ་འབྱོར་འཕེལ་བར་བྱེད་པ་ན་དར་ཚེ་ཞེས་པར་ཐོགས་ཤིག །
དེ་དང་རི་མོའི་རྣམ་པ་ནི། དང་པོ་འདབ་ཆགས་བྱས་ཤིང་ཁྱེར་བྱུང་བ་ལ་རྐྱེན་པ་ཡིན་པས་རབ་དེའི་ནང་དུ་བྱ་ཁ་ན་ཤིང་ཁྱེར་བ་རེ་བྲིས། འབྲིང་ལ་མཚོ་ཉ་དང་བཅས་པ་རེ་གྱིས། ཐ་མ་རྣམས་ལ་སྤང་རི་ཤྭ་བ་དང་བཅས་པ་རེ་གྱིས། དེ་རྣམས་ལས་ཞན་པ་བྱུང་ན་རི་མོ་དང་། རྣམ་གྲངས་གང་འོས་བཟོ་བོས་བློས་བཅོལ་ལ་གྱིས་ཤིག་གསུངས། དེར་བཟོ་བོས། རྒྱུ་བཟང་ངན་དྭངས་སྙིགས་ལས་གསེས་ནས་དར་རྩེ་ལ་རིགས་རྣམ་པ་དྲུག་ཏུ་གྱེས་ཏེ། རྒྱལ་པོའི་བཀའ་གནང་བ་གསུམ་པོ་ལ། ཤབ་ཚེ། ལན་ཚེ། ཤང་ཚེ་བྱ་བར་མིང་བཏགས། ཕལ་པ་གསུམ་པོ་ལ། ཐེག་ཚེ། ངེས་ཚེ། བརྡོ་ཚེ་ཞེས་པར་བཏགས་ཏེ། བོད་དཀར་དར་ཚེའི་རིགས་འདི་རྣམས་ནི། དེ་གོང་རྒྱ་ནག་ནའང་མེད་པར་བྱེད་ཅིང་བོད་དུ། ཇ་དང་དཀར་ཡོལ་བྱུང་བའི་སྔོན་མ་འདི་ཡིན་པར་འདོད་དོ། །”ཞེས་གསུངས་པ་ལྟར། བོད་ཀྱི་ཡིག་ཚང་སོགས་ལ་བལྟས་ན་སྔར་དུས་རབས་བདུན་པའི་མཇུག་བོད་ཀྱི་བཙན་པོ་འདུས་སྲོང་མང་བོ་རྗེ་རླུང་ནམ་འཕྲུལ་གྱི་རྒྱལ་པོས་དངོས་སུ་སྲིད་སྐྱོང་བཞིན་པའི་སྐབས་སུ་བོད་ལ་ཇ་དང་དཀར་ཡོལ་དར་བའི་ལོ་རྒྱུས་བཤད།
«ཐང་ཡིག་གསར་མ»ལས། “སྤུར་རྒྱལ་གྱི་དུས་སུ། ལོ་ཏོག་གྲོ་ནས་བྲ་བོ་སྲན་མ་འདེབས། སྒོ་ཕྱུགས་གཡག་རྟ་ཁྱི་ལུག་ཕག་རྣམས་འཚོ། ཡང་ན་བག་ཕྱེ་ལས་སྐྱོ་ར་ཞིག་བྱས་ཏེ་འོ་མ་སོགས་བཏུང་ཞིང་རྟིང་སོར་དེ་ཡང་ཟ”ཞེས་འཁོད་ཡོད་ལ། ཧི་མ་ལ་ཡའི་རིག་གཞུང་ཞིབ་འཇུག་པ། བོད་ཀྱི་ན་གཞོན་སྒྱུ་རྩལ་པ་ལྟག་ཨོ་རྒྱན་ཆོས་འཕེལ་ལགས་ཀྱིས་གསུང་པ་ལྟར་ན། “ཡིག་ཚང་རྙིང་པ་དག་ལས་དཀར་ཡོལ་ནི་བོད་ཀྱི་རྒྱལ་རབས་སུམ་ཅུ་པ་འབྲོང་གཉན་ལྡེའུའི་དུས་ནས་བཟུང་དར་བ་དང་། ད་ལྟའི་བར་དུ་ཕལ་ཆེར་ལོ་ངོ་ཆིག་སྟོང་ལྔ་བརྒྱ་ནས་དྲུག་བརྒྱ་བར་གྱི་ལོ་རྒྱུས་ཡོད་པར་བཤད། འབྲོང་གཉན་ལྡེའུའི་དུས་ནས་བཟུང་དཀར་ཡོལ་གྱི་བཟོ་རྩལ་དང་རྣམ་པ་ཧ་ཅང་ཕུན་སུམ་ཚོགས་པར་ལྡན་ལ། བོད་ཀྱི་ཡིག་ཚང་རྙིང་པ་དག་གི་ཁྲོད་དུ་དཀར་ཡོལ་དཀར་ཆེན་བཞི་ཞེས་རིགས་བཞིར་དབྱེ་ཡོད་ལ། དུས་དེ་ནས་བཟུང་བོད་དུ་དཀར་ཡོལ་བཟོ་རྩལ་གྱི་གཞི་ཚུགས་ནས་ཁྱབ་རྒྱ་ཇེ་ཆེར་གྱུར་པར་འདོད།” གཅན་ཚ་བཀྲ་བྷོའི«དམངས་སྲོལ་རིག་པའི་སྤྱི་དོན»ལས། “ཉེ་རབས་ཀྱི་གནའ་རྫས་རྟོག་དཔྱོད་ལས་བོད་ཡུལ་དུ་རྡོ་ཆས་གསར་པའི་རིག་གནས་ཀྱི་གནའ་ཤུལ་ཁག་ཅིག་རྙེད་ཡོད་དེ། ཆབ་མདོའི་ཁ་རུབ་གནའ་ཤུལ་དང་ཉིང་ཁྲིའི་གནའ་ཤུལ་ཁག་ཅིག། ཆོས་གོང་གྲོང་ཚོའི་གནའ་ཤུལ་བཅས་ལས་ལོ་ངོ་བཞི་སྟོང་ལྔ་སྟོང་གི་སྔོན་རོལ་ཏུ་བྱུང་བའི་བོད་ཡུལ་གྱི་རྡོ་ཆས་བཟོ་རྩལ་དང་རྫའི་རྒྱུ་ཆ། ཡོ་བྱད་ཀྱི་བཟོ་དབྱིབས་སོགས་ཀྱི་གནས་ཚུལ་ཤེས་རྟོགས་ཐུབ་པ་དང་། དེ་ལས་འཐུས་ཚང་ཞིང་ཞིབ་ཚགས་ལྡན་པའི་ཡོ་བྱད་ཁག་ཅིག་ནི་གཡང་ཊིའི་སྟེའུ་གཅིག་དང་བརྐོས་བཟོས་རྡོ་གཞོང་གཅིག། རྫ་ཆས་ཀྱི་ཡོ་བྱད་ལྷུང་བཟེད་དང་། ཕོར་པ། ཁོག་ལྡིར་སོགས་ཡོད་ཅིང་། དེ་ལས་ཁག་ཅིག་བཟོ་དབྱིབས་ཆུང་ལ་སྲབ་པ་དང་ངོས་ལ་རྫ་ཆས་ཀྱི་རི་མོ་རྒྱག་ཚུལ་ཕུན་སུམ་ཚོགས་པོ་ཡོད་པ། འཇམ་འདོན་བྱས་རྗེས་རི་མོ་བརྐོས་ཡོད་པ་སོགས་ཁྱད་དུ་མཚར་བའི་རྡོ་ཆས་ཀྱི་སྣོད་མང་པོ་བྱུང་ཡོད།”
བོད་ཀྱི་དཀར་ཡོལ་གྱི་ཐོག་མའི་མགོ་ཁུངས་དངོས་སུ་གཏན་ཁེལ་བྱེད་མི་ཐུབ་མོད། དཀར་ཡོལ་དར་ཚུལ་གྱི་ཐད་འཕེལ་འགྲིབ་དུ་མ་ཞིག་བྱུང་བས་མི་རིགས་ཕན་ཚུན་བར་ལ་ཤན་ཤུགས་མི་འདྲ་བ་ཐེབས་ཡོད་སྲིད་མོད། བོད་ལ་ཆེས་སྔ་མོ་ཞིག་ནས་རྫ་མ་དང་དཀར་ཡོལ་བཟོ་བའི་ལག་ཤེས་ཆེས་ཆེར་དར་ཡོད་པ་མ་ཟད། འཚོ་བའི་ཁྲོད་བཀོལ་སྤྱོད་བྱས་ཡོད་ལ། བཟོ་རྩལ་སོགས་ཕྱོགས་གང་ཐད་ནས་སྤུས་ཚད་ཧ་ཅང་མཐོན་པོར་སླེབས་པ་ལ་གཞིགས་ན། ད་ལྟའི་བར་དུ་ལོ་ངོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་ཡོད་པར་འདོད། དཀར་ཡོལ་ནི་བོད་མིའི་འཚོ་བའི་ཁྲོད་ཁ་བྲལ་ཐབས་མེད་པའི་དངོས་པོ་རྩ་ཆེན་ཞིག་ཏུ་བརྩི་ལ། ཇ་ཡི་བསྟན་བཅོས། དཀར་ཡོལ་རྣམ་བཤད་སོགས་རིག་གནས་ཕུན་སུམ་ཚོགས་པ་ཡོད་པ་སྔོན་གྱི་ཡིག་ཚང་རྙིང་པ་དང་དམངས་ཁྲོད་རིག་གནས་སོགས་ལས་གསལ་བོར་ཤེས་ཐུབ།
གསུམ། དཀར་ཡོལ་གྱི་རྒྱུ་ཆ་དང་ཁ་དོག། བརྟག་ཐབས།ཁ་ཆེ་ཐམས་ཅད་མཁྱེན་པའི་བཤེས་གཉེན་གྱི«དཀར་ཡོལ་བརྟག་ཐབས་རིན་ཆེན་སྣོད་ཀྱི་བདུད་རྩི»ལས། “རྒྱུ་ནི་རབ་འབྲིང་རྣམ་པ་གསུམ། །རབ་ནི་རིན་ཆེན་འཆིང་བུ་དང་། །འབྲིང་ནི་འཛེང་ལ་བྱས་པས་ཏེ། །ཐ་མ་རྡོ་ཐལ་དཀར་པོའོ། །ཁ་དོག་སེར་བ་རབ་ཡིན་ཏེ། །དཀར་བ་འབྲིང་ལ་ཐ་མ་སྔོ། །དབྱིབས་དང་རི་མོའི་བརྟགས་པ་ཡང་། །”ཞེས་སོགས་རྒྱས་པར་བཀོད་འདུག་པའི་ནང་དོན་མདོར་བསྡུས་ན་དཀར་ཡོལ་གྱི་རྒྱུ་ཆ། ལེགས་ཉེས། ཁ་དོག། བཟོ་དབྱིབས། རྒྱན་རིས། ཁ་ཞེང་ཆེ་ཆུང་། རྐང་པ་རིང་ཐུང་། འཇམ་ཤ་དོད་མིན། སྲབ་མཐུག ཐོན་ཁུངས། ནུས་པ་བཅས་དོན་ཚན་བཅུ་གཅིག་གི་སྒོ་ནས་དབྱེ་འབྱེད་བྱས་ཆོག་པར་སྙམ། དཀར་ཡོལ་གྱི་རྒྱུ་ཆ་གཙོ་བོ་ནི་རིན་པོ་ཆེ་འཆིང་བུ་དང་འཛེང་། རྡོ་ཐལ་དཀར་པོ་སོགས་ཡིན་ལ། དེའང་དུས་རབས་སྔོན་མའི་ནང་དུ་དཀར་ཡོལ་གྱི་ཁ་དོག་ལ་སེར་པོ་དང་། དཀར་པོ། སྔོན་པོ། སྔོ་སྐྱ་སོགས་གཙོ་བོར་བྱེད་ལ། དཀར་ཡོལ་གྱི་མིང་ལའང་ཡོལ་ཟེར་བ་དང་ཕྱིས་སུ་ཁ་དོག་དཀར་པོ་ཤུགས་ཆེར་སོང་བས་དཀར་ཡོལ་དང་། དཀར་ཆེན་སྡེ་བཞི་ལྟ་བུ་ཁ་དོག་མིང་དུ་ཆགས་པའང་ཡོད།
དཀར་ཡོལ་གསར་རྙིང་གི་དབྱེ་བ་བརྟག་ཐབས་ནི་དཀར་ཡོལ་གྱི་ཞབས་ཀྱི་སྲབ་མཐུག་དང་ཆེ་ཆུང་ལ་བལྟས་ནས་དཔྱད་དགོས། བོད་ཀྱི་དཀར་ཡོལ་དག་ནི་ཧ་ཅང་དཀར་པ་དང་ལག་པས་རེག་ན་འཇམ་པ། དབྱིབས་ལེགས་པ། སྲབ་ཅིང་ཡང་པ། གཙང་ཞིང་དྭངས་པ། རི་མོ་བཟང་པ། ཕྱི་ནང་གཉིས་གསལ་བོར་མཐོང་ཐུབ་པ། དཀར་ཡོལ་ཡར་བཀྱག་ནས་ནམ་མཁར་བལྟས་ན། དཀར་ཡོལ་གྱི་བར་ན་རི་མོ་དང་ཡི་གེ་གསལ་པོ་མཐོང་རྒྱུ་ཡོད་པའི་དཀར་ཡོལ་ནི་ཧ་ཅང་རིན་ཐང་ཆེ་བར་བརྩི།
བཞི། དཀར་ཡོལ་གྱི་རྣམ་གྲངས་དབྱེ་བ།
སྤྱིར་བཏང་གི་དཀར་ཡོལ་གྱི་རྒྱུ་ཆ་དང་རྣམ་པ། བཟོ་དབྱིབས། རྒྱན་རིས་སོགས་མི་འདྲ་བའི་རྐྱེན་གྱིས་དཀར་ཡོལ་ལའང་མིང་མི་འདྲ་བ་དང་། རྣམས་གྲངས་ཀྱི་དབྱེ་བ་མང་པོ་ཞིག་ཏུ་དབྱེ་ཡོད། དཔེར་ན། ཀརྨ་གན་དཀར། རྒྱལ་མོ་གན་དཀར། གྲ་ནང་གན་དཀར། ཐོས་ཆེན་གན་དཀར། བྱམས་ཆེན་གན་དཀར། སེ་ར་གན་དཀར་སོགས་ཡོད་ལ། ད་དུང་དཀར་ཡོལ་དར་ཚེ། འབྲི་བརྒྱ་མ། ཡུ་རིང་། འཁོར་ལོ་མ། རྟ་སོ་མ། པདྨ་རྩ་འཁོར། ཟན་ཁྲ། ཁྱུང་གཤོག་ལྡེམ་པ། སྨྱུག་ལོ་མ། མེད་པོ་ཡར་སློང་། འབྲུག་འབུ་ཁྲ། འབྲུག་དཀར། ལྕང་ལོ་མ། རྒྱལ་བཟང་མ། གྲགས་འོས་མ། ཀ་པད། ས་ཚེ་སོགས་རིགས་ཧ་ཅང་མང་པོ་ཡོད།ལྔ། དཀར་ཡོལ་གྱི་རྒྱན་རིས་དང་མཚོན་དོན།
བོད་དམངས་ཁྲོད་དུ་དཀར་ཡོལ་ནི་རིན་པོ་ཆེར་བརྩི་ཞིང་། དཀར་ཡོལ་གྱི་རྒྱན་རིས་ལ་བཀྲ་ཤིས་རྟགས་བརྒྱད་དང་། རྒྱལ་སྲིད་སྣ་བདུན། ཚེ་རིང་རྣམ་དྲུག། སྟག་སེང་ཁྱུང་འབྲུག་ཡོད་པ་སོགས་དཀར་ཡོལ་གྱི་བཟོ་དབྱིབས་དང་རི་མོ་མི་འདྲ་བར་བརྟེན། དེ་མཚུངས་མཚོན་དོན་དམིིགས་བསལ་བ་ཡང་ཡོད་མོད། སྤྱིའི་ཆ་ནས་དཀར་ཡོལ་གྱིས་ཚེ་བསོད་དཔལ་འབྱོར་གསུམ་མཚོན་པ་དང་། དེ་ཡང་དཀར་ཡོལ་གྱི་བཟོ་དབྱིབས་དང་རྣམ་པ། རྒྱན་རིས། ཁ་དོག་སོགས་ཀྱི་སྟེང་ནས་མཚོན་དགོས་པར་འདོད། གངས་ཅན་རིག་མཛོད་དེབ་ཕྲེང༡༤པ། «བཟོ་རིགས་ཉེར་མཁོ་བདམས་བསྒྲིགས»ལས། “འབྲུག་རྒྱབ་སེར་ཆེན་ཁྱུང་པོ་རིས། །རྒྱལ་པོ་རྣམས་ཀྱི་གསོལ་ཞལ་ཡིན། །བོད་ལ་སེར་སྐྱ་རྒྱ་མཚོ་རིས། །བླ་མ་རྣམས་ཀྱི་གསོལ་ཞལ་ཡིན། །བྱ་སྐྱ་ཁ་ན་ཤིང་འཁྱེར་རིས། །བློན་པོ་རྣམས་ཀྱི་གསོལ་ཞལ་ཡིན། །སྟག་རྩི་ནང་ལ་རྡོ་རྗེ་རིས། །སྔགས་པ་རྣམས་ཀྱི་གསོལ་ཞལ་ཡིན། །དུང་ཡོལ་གཡུང་དྲུང་བྲིས་པ་དེ། །བོན་པོ་རྣམས་ཀྱི་གསོལ་ཞལ་ཡིན། །སྔོ་ཁྲ་མཐིང་གི་རི་མོ་ཅན། །བྱིས་པ་རྣམས་ཀྱི་གསོལ་ཞལ་ཡིན། །”ཞེས་པ་ལྟ་བུའི་བོད་ཀྱི་དཀར་ཡོལ་སྟེང་གི་རི་མོ་དང་། ཁ་དོག་སོགས་ལ་རིགས་རྒྱུད། ལས་རིགས། མིའི་ཐོབ་ཐང་གི་དབྱེ་བ་ཡོད་པ་ཤེས་ཐུབ། ད་དུང་དཀར་ཡོལ་སྟེང་གི་རྒྱན་རིས་ཀྱི་དགེ་ལེགས་འབྱུང་བ་དང་ལོངས་སྤྱོད་འཕེལ་བ། ཡེ་ཤེས་ཏིང་འཛིན་རབ་ཏུ་འཕེལ་བ། སེམས་མི་འཁྲུག་པ། བློ་གྲོས་རིགས་པ་འགོ་བ། རིགས་བརྒྱུད་རྣམ་པར་འཕེལ་བ་སོགས་མཚོན།
དྲུག དཀར་ཡོལ་གྱི་བཀོལ་སྤྱོད་རིན་ཐང་།
སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི«གསེར་གདུང་འཛམ་གླིང་རྒྱན་གཅིག་གི་དཀར་ཆག»ལས། “དགེ་ལེགས་འདོད་འཇོ་ནི་བཅུ་གསུམ་པ་ཆེན་མོའི་གསེར་གདུང་ཡིན། གསེར་གདུང་ཁང་ལ་ཐོག་བརྩེགས་གསུམ་ཡོད་པ་དང་། སྟེང་ཐོག་ཕྱོགས་བཞིའི་གྱང་ངོས་སུ་བཅུ་གསུམ་པ་ཆེན་མོའི་སྐུ་ཚེ་ཧྲིལ་པོའི་མཛད་རྣམ་ལྡེབས་རིས་བཀོད་ཡོད་པ་དང་། གསེར་གདུང་མདུན་གྱི་མཆོད་སྟེགས་ཐོག་དཀར་ཡོལ་དང་། གུ་གུ་ཤའི་མཆོད་རྫས་དང་། གསེར་ཀོང་། དངུལ་ཏིང་སོགས་བཟོས་སྤུས་དག་ལ་བཀོད་པ་ལེགས་པའི་རིག་དངོས་དང་སྒྱུ་རྩལ་ཐོན་རྫས་མང་པོ་སྒྲིག་གཤོམ་བྱས་ཡོད།” སི་ཏུ་རིན་པོ་ཆེ་ཆོས་ཀྱི་འབྱུང་གནས་ཀྱི«ཀརྨ་ཀམ་ཚང་གི་ཆོས་འབྱུང་རབ་འབྱམས་ནོར་བུའི་ཟླ་བ་ཆུ་ཤེལ་གྱི་ཕྲེང་བ»ལས། “ཀརྨ་ཞྭ་ནག་སྐུ་ཕྲེང་ལྔ་པ་དེ་བཞིན་གཤེགས་པ་བོད་ཀྱི་རབ་བྱུང་བདུན་པའི་ཤིང་བྱ(༡༤༠༥)ལོར་མིང་རྒྱལ་རབས་ཀྱི་གོང་མ་ཡུང་ལོས་པེ་ཅིན་དུ་གདན་དྲངས་པ་ལྟར་ཐོག་མའི་ཕེབས་སྟོན་དང༌། དེ་རྗེས་བོད་དུ་འབུལ་ཆེན་ལན་གསུམ་ཕུལ་བ་བཅས་ཀྱི་སྐབས་རིན་ཐང་བྲལ་བའི་དངོས་པོ་གྲངས་ལས་འདས་པ་ལྷ་སའི་བར་སྐོར་འཁོར་བ་ནས་འགོ་པོ་ཏཱ་ལའི་བཞུགས་ཁྲིའི་བར་སླེབས་པའི་དངོས་འབུལ་ཕུལ་བའི་ནང་དཀར་ཡོལ་རྐྱང་པ་མི་རེས་ལག་པ་གཡས་གཡོན་གཉིས་ལ་རེ་རེ་བཟུང་བས་བར་སྐོར་ཧྲིག་གིས་ཁེངས་པ་ཕུལ་བ་དང༌། དཀར་ཡོལ་དེ་ཚོར་ལོགས་སུ་སྡེར་མོ་ལྔ་ཡོད་པའི་འབྲུག་ལྔ་དང་བདུན་བྱས་པ་སྣ་ཚོགས། མཐིལ་དུ་གོང་མ་རང་གི་མིང་བྱང་ཡི་གེ་སྔོན་པོ་བཞི་ཡོད་པ་ཞིག་ཡིན།”ཞེས་གསལ་ཞིང༌། «དུང་དཀར་ཚིག་མཛོད་ཆེན་མོ»ལས། “མགྲོན་འབོད་དང་ཟ་འཐུང་སྐབས་གུས་སྲོལ་མང་པོ་ཡོད་ཅིང་། དེ་སྔའི་དཔོན་རིགས་ཆེ་ཁག་ལ་ཐོབ་ཐང་ཚད་གཞི་མི་འདྲ་བའི་བྱེད་སྲོལ་མང་པོ་ཡོད་པ་འདིར་བཀོད་མེད་ཀྱང་། སྤྱིར་བཏང་བོད་རིགས་མི་དམངས་ཀྱིས་ལོ་གསར་དང་། གཉེན་སྒྲིག། གླིང་གཏོང་སོགས་ལ་དགའ་ཉེ་སྤུན་མཆེད་མགྲོན་འབོད་དང་དགའ་འཛོམས་བྱེད་སྐབས་ངེས་པར་དུ་མགྲོན་བརྡ་སྐྱེལ་རྒྱུ་དེ་གནངས་བརྡ་དང་། གཞེས་བརྡ་ཞེས་ཉིན་གཉིས་གསུམ་གྱི་སྔོན་ནས་གདན་ཞུའི་བརྡ་སྐྱེལ་རྒྱུ་དེ་ནི་གུས་ཞབས་མཚོན་བྱེད་ཡིན། མགྲོན་པོ་རྒན་རབས་དང་དེ་མིན་བཀུར་འོས་ཀྱི་མི་སྣར་སྦྱིན་བདག་སྒོ་ཁར་ཡོང་ནས་བསུ་སྐྱེལ་དང་གདན་ལས་ལངས་པ་སོགས་བབས་བསྟུན་གྱིས་གུས་ཞབས་མཚོན་པར་བྱེད། ཟ་ཆས་དང་ཇ་ཆང་གང་ཡིན་ཀྱང་མགྲོན་པོའི་ཞལ་དཀར་ལ་སྟེགས་ཁེབས་རང་འགྲིག་གཙང་ཞིང་ཆག་གྲུམ་མེད་པ་ཡིན་དགོས་ལ། ངེས་པར་ལག་གཉིས་ཀྱིས་བཏེགས་ནས་ཕུལ་རྗེས་སྦྱིན་བདག་གམ་ངོ་ཚབ་ཀྱིས་གུས་ཞབས་ལྡན་པའི་སྒོ་ནས་མགྲོན་པོར་ཟ་འཐུང་གནང་རོགས་ཞུ་དགོས། རྒྱུན་གཏན་སོ་སོའི་ཁྱིམ་ཚང་གི་རྒན་རབས་རྣམས་ལའང་ཟ་འཐུང་གི་དཀར་ཡོལ་སྔོན་ལ་འབུལ་དགོས། དགའ་འཛོམས་ཀྱི་དུས་སུ་སྨོས་ཅི་རྒྱུན་གཏན་ནང་དུ་ཕྱི་མི་ཡོང་མཁན་ལ་ཆང་དྲངས་སྐབས་ངེས་པར་དུ་གསུམ་སྒྲོན་མཉེས་དག་ཞེས་དཀར་ཡོལ་ཐེངས་གསུམ་སྦྲེལ་ནས་སྦྱིན་བདག་གིས་བླུགས་དགོས་ལ་མགྲོན་པོས་ཀྱང་འཐུང་དགོས་ཤིང་། དང་གཉིས་ནས་ཧུབ་གང་རེ་དང་གསུམ་པ་གཙང་དག་འཐུང་དགོས། ཇ་ཡིན་ན་གང་འཐུང་མི་རྒྱག་པར་ཉུང་མཐར་ཇ་དཀར་ཡོལ་དོ་བླུགས་དགོས་ལ་མགྲོན་པོས་ཀྱང་འཐུང་དགོས། དེ་ནི་མགྲོན་སྦྱིན་གཉིས་ཐད་ནས་ཕན་ཚུན་གུས་ལུགས་མཚོན་པ་ཡིན།”
དཀར་ཡོལ་གྱི་བོད་ཀྱི་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ཡུན་རིང་ལྡན་པའི་ཤེས་རིག་འཕེལ་རྒྱས་ཁྲོད་གོ་གནས་གལ་ཆེན་ཞིག་བཟུང་ཡོད་ལ། ལྷག་པར་ཏུ་ཆོས་ལུགས་དད་མོས་ཁྲོད་དུ་དཀར་ཡོལ་ནི་བླ་ན་མེད་པའི་མཚོན་རྟགས་དང་ལྷ་ལ་མཆོལ་འབུད་བྱེད་པའི་མཆོད་ཆས་རྩ་ཆེན་དུ་བརྩི་ལ། བོད་དམངས་ཁྲོད་དུ་བླ་མ་དང་དཔོན་པོ། རང་ལས་རྒན་པ་ལ་དཀར་ཡོལ་ནང་དུ་འོ་ཇ་དང་བདུད་རྩི་སོགས་འཚོ་བཅུད་ཀྱིས་བཀང་ནས་འབུལ་སྲོལ་ཡོད། དེས་ནི་ཚེ་དང་བསོད་ནམས་དཔལ་འབྱོར་གསུམ་པོ་ཕུལ་བ་མཚོན། འདི་ནི་བོད་ཀྱི་རིག་གནས་ཀྱི་གྲུབ་ཆ་གཙོ་བོ་ཞིག་ཡིན་པར་བསམ། གལ་ཏེ་དཀར་ཡོལ་ཆག་གྲུམ་ཤོར་བའམ་ཁ་ཆག་ཅན་ཡིན་ན་དེ་ནི་བཀྲ་མི་ཤིས་པའི་མཚོན་རྟགས་སུ་ངོས་འཛིན་བྱེད། དཀར་ཡོལ་ནི་བཟའ་བཏུང་རིག་གནས་དང་འབྲེལ་བའི་ཟས་སྣོད་སོགས་བཀོལ་སྤྱོད་ཀྱི་རིན་ཐང་མི་འདྲ་བའི་རིགས་མང་དུ་བྱུང་ཡོད་ལ། དཀར་ཡོལ་ནི་གཉེན་སྟོན་གྱི་སྐབས་སུ་ས་ཆ་ཁ་ཤས་ནས་རྒྱུ་རིན་ལའང་བཀོལ་བཞིན་ཡོད། དཀར་ཡོལ་ཐོག་ནས་ཁྱིམ་ཚང་སོ་སོའི་དབུལ་ཕྱུག་དང་གནས་བབ་ར་སྤྲོད་བྱེད་ཐུབ། བོད་དམངས་ཁྲོད་དུ་དཀར་ཡོལ་ནི་རིན་པོ་ཆེར་བརྩི་ཞིང་། དཀར་ཡོལ་ལ་རིག་གནས་ཀྱི་གྲུབ་ཆ་དམིགས་བསལ་ཞིག་ཆགས་ཡོད། སྤྱིར་བོད་ཀྱི་དཀར་ཡོལ་ནི་ལོ་རྒྱུས་རིང་ལ་སྣ་ཁ་དང་བཟོ་དབྱིབས་ཕུན་སུམ་ཚོགས་ཤིང་། ཁ་ཞེང་ཆེ་ཆུང་དང་ས་གནས་ཁག་གི་མིང་འདོགས་ཚུལ་ཡང་མི་འདྲ་བས། དེ་ནི་བོད་ཀྱི་དུས་རབས་སོ་སོའི་རིག་གནས་ལག་རྩལ་གྱི་ཉིང་བཅུད་ཡིན་མོད། འོན་ཀྱང་དུས་ད་ལྟ་དཀར་ཡོལ་གྱི་ལག་རྩལ་ཆ་ཚང་རྒྱུད་འཛིན་ཐུབ་མཁན་ཧ་ཅང་དཀོན་པོར་ཆགས་ནས་ས་ཁུལ་ཁ་ཤས་སུ་བཟོ་རྩལ་ཕལ་ཆེར་ཉམས་འདུག །
____________དཔྱད་གཞིའི་ཡིག་ཆ།
༡ «སྨོན་ལམ་ཚིག་མཛོད།» དགེ་བཤེས་བློ་བཟང་སྨོན་ལམ།
༢ «སྒོམ་སྡེ་ཚིག་མཛོད་ཆེན་མོ།» སྒོམ་སྡེ་ལྷ་རམས་པ་ཐུབ་བསྟན་བསམ་གྲུབ།
༣ «གསོ་རིག་སྐོར་གྱི་མིང་ཚིག་ཉེར་མཁོའི་དོན་གསལ།» དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས།
༤ «རྒྱ་བོད་ཡིག་ཚང་ཆེན་མོ།» སྟག་ཚང་ལོ་ཙཱ་བ་དཔལ་འབྱོར་བཟང་པོ།
༥ «ཀརྨ་ཀམ་ཚང་གི་ཆོས་འབྱུང་རབ་འབྱམས་ནོར་བུའི་ཟླ་བ་ཆུ་ཤེལ་གྱི་ཕྲེང་བ།» སི་ཏུ་རིན་པོ་ཆེ་ཆོས་ཀྱི་འབྱུང་གནས།
༦ «གསེར་གདུང་འཛམ་གླིང་རྒྱན་གཅིག་གི་དཀར་ཆག།» སྡེ་སྲིད་སངས་རྒྱས་རྒྱ་མཚོ།
༧ «དུང་དཀར་ཚིག་མཛོད་ཆེན་མོ།» དུང་དཀར་བློ་བཟང་འཕྲིན་ལས།
༨ «དཀར་ཡོལ་བརྟག་ཐབས་རིན་ཆེན་སྣོད་ཀྱི་བདུད་རྩི།» ཁ་ཆེ་ཐམས་ཅད་མཁྱེན་པའི་བཤེས་གཉེན།
༩ «བཟོ་རིགས་ཉེར་མཁོ་བདམས་བསྒྲིགས།» གངས་ཅན་རིག་མཛོད་དེབ་ཕྲེང་༡༤པ།
༡༠ «ཐང་ཡིག་གསར་རྙིང་ལས་བྱུང་བའི་བོད་ཆེན་པོའི་སྲིད་ལུགས།» དོན་གྲུབ་རྒྱལ་དང་ཁྲིན་ཆིན་དབྱིན་གཉིས་ཀྱིས་བསྒྱུར།
༡༡ «དམངས་སྲོལ་རིག་པའི་སྤྱི་དོན།» གཅན་ཚ་བཀྲ་བྷོ།
༡༢ ཁམས་པའི་བརྙན་འཕྲིན་ཁང་གི«བྱམས་པའི་ཁ་བརྡ»ལེ་ཚན། ལྟག་ཨོ་རྒྱན་ཆོས་འཕེལ།
༡༣ «བོད་ཀྱི་དཀར་ཡོལ་བཤད་པ།» ཕག་གྲུབ།
གསལ་བཤད། པར་དག་ནི་དྲ་བ་ལས་བཏུས་པ་ཡིན།
འབྲེལ་ཡོད་འོས་སྦྱོར།