ཧོར་ཟླ་བཅུ་གཉིས་པ་ལ་བོད་ལོ་ཟེར་དོན་གང་ཡིན་ནམ།
རྩོམ་པ་པོ།:རེབ་གོང་རྡོ་རྗེ་མཁར།
ཡོང་ཁུངས།:«དུས་སྟོན་བཀྲ་ཤིས་ཁ་གཡང»
དུས་ཚོད།:2022-12-28
ཀློག་གྲངས།:
༄༅། །ཨ་མདོ་པས་ཧོར་ཟླ་བཅུ་གཉིས་པ་ལ་བོད་ལོ་ཟེར་བའི་རྒྱུ་མཚན་ཅུང་ཟད་གླེང་བ།
རེབ་གོང་རྡོ་རྗེ་མཁར།
ཨ་མདོར་གནས་ཤིང་འཚོ་བའི་བོད་མི་རྣམས་ཀྱིས་ཡོངས་གྲགས་སུ་ཧོར་ཟླ་བཅུ་གཉིས་པ་ལ་བོད་ལོ་དང་ཧོར་ཟླ་དང་པོ་ལ་རྒྱ་ལོ་ཟེར་བཞིན་ཡོད་ཅིང་། སྲོལ་དེ་དེང་སང་ཡང་མ་ཉམས་པར་ས་ཁྱབ་རྡོ་ཁྱབ་བྱུང་ཡོད་པ་དང་། དེ་སྐད་ཟེར་བའི་རྒྱུ་མཚན་ཅི་ཞིག་ཡིན་པར་ཆ་རྒྱུས་ཡོད་པའི་མི་མང་པོ་ཞིག་མེད་པར་སྣང་བས། འདི་ལྟར་མི་རབས་མང་པོ་ཞིག་འདས་པ་ན་དེ་ནི་དཔྱོད་ལྡན་ཐམས་ཅད་རྒྱུས་མེད་པ་ཞིག་ཏུ་འགྱུར་བར་གོར་མ་ཆག་གོ །ཨ་མདོ་པ་རྣམས་ཀྱིས་ཧོར་ཟླ་བཅུ་གཉིས་པ་ལ་བོད་ལོ་དང་ཧོར་ཟླ་དང་པོ་ལ་རྒྱ་ལོ་ཟེར་བར་བསམ་བློ་རེ་ཞིག་བཏང་ན། དེ་ལ་ལོ་རྒྱུས་དང་སྤྱི་ཚོགས་འཕེལ་འགྱུར་གྱི་རྒྱུ་རྐྱེན་ཁྱད་པར་ཅན་ཞིག་ཡོད་པ་རང་བཞིན་གྱིས་རྟོགས་ཐུབ་པས། གཤམ་དུ་དེའི་སྐོར་མདོར་བསྡུས་ཤིག་བརྗོད་པར་འདོད་དོ། །
དང་པོ། བོད་ཀྱི་ལོ་སར་བྱུང་ཚུལ་རགས་ཙམ་བཤད་པ།
བོད་གངས་ཅན་ལྗོངས་ཞེས་བྱ་བའི་ཡུལ་འདི་ནི་འགྲོ་བ་མིའི་རིགས་ལ་ཆ་མཚོན་ནས་བཤད་ན་ཤེས་རིག་དར་སྔ་བ་ཞིག་ཡིན་མོད། འོན་ཀྱང་དུས་ཕྱིས་བོད་ཁམས་སིལ་བུར་ཐོར་བ་ནས་མགོ་བརྩམས་ཏེ་བོད་ཀྱིས་ཕྱི་ཕྱོགས་ལ་བག་ཆགས་འཇོག་ཤུགས་ཇེ་ཆུང་དུ་སོང་བར་བརྟེན་ནས་བོད་ཀྱིས་མིའི་འགྲོ་བར་བྱས་རྗེས་བླ་ན་མེད་པ་བཞག་པ་དག་ཀྱང་གཞན་ལྟ་ཞོག ཐ་ན་མི་རིགས་རང་གི་མི་རྣམས་ལའང་ཆ་རྒྱུས་མེད་པའི་ཚད་དུ་སླེབས་པ་ནི་ཡིད་སྐྱོ་བའི་གནས་ཤིག་ཡིན། དེ་ལྟར་དུ་ཨ་མདོའི་བོད་མི་རྣམས་ཀྱིས་ལུགས་རྙིང་གི་ཟླ་བ་བཅུ་གཉིས་པར་བོད་ལོ་དང་ཟླ་བ་དང་པོར་རྒྱ་ལོ་ཞེས་པའི་རྒྱུ་མཚན་ཅི་ཞིག་ཡིན་པ་ལ་བློ་རབ་ཏུ་རྨོངས་པའང་མང་པོ་ཞིག་ཡོད་ཅིང་། འདིར་དེ་སྐད་ཟེར་བའི་རྒྱུ་མཚན་རྣམས་ཞིབ་ཏུ་གླེང་རྒྱུ་ནི་ཤིན་ཏུ་གལ་ཆེ་བར་མཐོང་སྟེ། ལག་སོར་བསྐྱོད་པའི་ངལ་བ་ལ་མ་འཛེམ་པར་ཚིག་གི་མེ་ཏོག་ཕྱོགས་བརྒྱར་འཐོར་བའི་ལས་སུ་ཞུགས་པར་བྱའོ། །
བོད་གངས་ཅན་ལྗོངས་འདིར་གཞན་དག་རྗེས་སུ་འཛིན་པའི་རིག་གནས་ཀྱི་ཁོངས་སུ་གཏོགས་པའི་སྐར་རྩིས་རིག་པ་དུས་ནམ་ཞིག་ལ་དར་བ་ཡིན་ཞེ་ན། ཡོངས་གྲགས་སུ་ད་ནས་ཡར་བརྩིས་ན་མི་ལོ་ཉིས་སྟོང་ལྷག་གི་སྔོན་དུ་བོད་ལ་སྐར་རྩིས་རིག་པའི་སྲོལ་བྱུང་བར་བཤད་ཅིང་། བོད་ཀྱི་མེས་པོ་བཀའ་དྲིན་ཅན་རྣམས་ཀྱིས་ཐོན་སྐྱེད་ངལ་རྩོལ་བྱེད་པའི་ལག་ལེན་གྱི་ཁྲོད་ནས་ནམ་ཟླ་དང་དུས་ཚིགས། སྐྱེ་དངོས། སྲོག་ཆགས་བཅས་བར་གྱི་འགལ་འབྲེལ་དང་། བཟང་ངན། ཕན་གནོད་སོགས་དཔྱིས་ཕྱིན་པར་མཁྱེན་ནས་རིམ་བཞིན་ནམ་མཁའི་སྐར་མ་དང་། སྤྲིན། རླུང་། འཇའ། འདབ་ཆགས། རྩི་ཤིང་། སྡེར་ཆགས། གཙང་པོ། མཚོ་དང་མཚེའུ། ཆུ་ཚན་སོགས་རྒྱུན་པར་མཐོང་ཞིང་འཕྲད་པའི་ཆོས་རྣམས་ལ་བརྟག་པའི་སྲོལ་ལས་རྩིས་ཞེས་བྱ་བ་འདི་ལེགས་པར་བྱུང་། དེ་ལྟར་མི་རབས་ནས་མི་རབས་བར་རང་བྱུང་ཁམས་ཀྱི་སྣང་ཚུལ་བརྟག་པའི་རྩིས་ཀྱི་རིག་པ་འདི་ཉིད་ཐོན་སྐྱེད་དང་འཚོ་བའི་ཁྲོད་དུ་རྒྱ་ཆེར་སྤྱད་ཅིང་ཉམས་མྱོང་མཐའ་དག་སྤྱི་བསྡོམས་མཛད་པར་བརྟེན་ནས་བོད་ཀྱི་གདོད་མའི་རྩིས་འདི་ཕུན་ཚོགས་དར་རྒྱས་སུ་ཕྱིན་པ་ཡིན། བོད་ཀྱི་རྒྱལ་པོའི་ཐོག་མ་གཉའ་ཁྲི་བཙན་པོའི་སྐུ་རིང་ནས་བོད་ལ་སྐར་རྩིས་དར་ཡོད་དེ། སྙིགས་དུས་ཀྱི་མཁས་པའི་དབང་བོ་དུང་དཀར་བློ་བཟང་འཕྲིན་ལས་རིན་པོ་ཆེས་མཛད་པའི«བོད་ཀྱི་གནའ་རབས་ཀྱི་རིག་གནས་དང་། ཆོས་ལུགས། མི་རིགས་བཅས་ཀྱི་འབྱུང་ཁུངས་སྐོར་གླེང་བ»ལས། ད་ཡོད་བོད་ཀྱི་ལོ་རྒྱུས་དཔྱད་གཞིའི་ཡིག་རིགས་ཁག་དང་། གནའ་རབས་བོན་གྱི་ལོ་རྒྱུས་ཡིག་རིགས་ཁོ་བོས་མཐོང་མྱོང་བ་འགར་བརྟག་སྐབས་བོད་ཀྱི་རིག་གནས་ནི་བོད་ལ་སངས་རྒྱས་ཆོས་ལུགས་མ་དར་གོང་སྟེ་སྤྱི་ལོ་སྔོན་གྱི་ལོ་བརྒྱ་ཕྲག་ཁ་ཤས་ཀྱི་དུས་ནས་ཡོད་པ་མ་ཟད། འགའ་ཞིག་ནི་རིག་གནས་ཀྱི་ཚད་ཅུང་མཐོ་ཞིང་ཚན་རིག་དང་ཧ་ཅང་ཉེ་པོ་ཡོད་པ་དེ་འདྲ་ཞིག་རེད། དཔེར་ན། སྤྱི་ལོའི་གོང་གི་ལོ་བརྒྱ་ཕྲག་གཉིས་ཡས་མས་ཀྱི་དུས་སུ(རང་རྒྱལ་གྱི་ཧན་ནུབ་མའི་རྒྱལ་རབས་ཀྱི་གོང་མ་ཧན་ཨུ་ཏི་དང་དུས་མཚུངས)བོད་ཀྱི་རྒྱལ་པོ་དང་པོ་གཉའ་ཁྲི་བཙན་པོ་བྱུང་ཞིང་། ཁོང་གིས་སྲིད་དབང་འཛིན་སྐབས་བོན་ཤེས་པ་བཅུ་གཉིས་ཞེས་བྱ་བ་ཞིག་ཡོད་པ་དང་། དེའི་ནང་གསེས་སྐོར་ཤེས་རྩིས་མཁན་ཞེས་པ་དེ་ནི་གནམ་གྱི་ཉི་ཟླ་སྐར་གསུམ་གྱི་བགྲོད་ཚུལ་ངེས་ཅན་ལ་བརྟེན་ནས་ས་སྟེང་གི་དུས་བཞིའི་འགྱུར་ལྡོག་ཇི་འདྲ་ཡོང་བ་དང་། དེའི་ཆོས་ཉིད་དང་བསྟུན་ནས་ཞིང་འབྲོག་ཐོན་སྐྱེད་ཀྱི་ལས་ཀ་བཀོད་སྒྲིག་བྱེད་པ་ལ་མཁས་པའི་བོན་པོ་ཡིན་པ་དང་། ཁོང་ཚོས་སྐར་མའི་གཟུགས་དབྱིབས་མི་འདྲ་བའི་ཁྱད་ཆོས་གཞིར་བཟུང་ནས་རྒྱུ་སྐར་ཉེར་བདུན་སོ་སོར་གནས་པ་དང་། སྨིན་དྲུག་ལ་ཉ་དྲུག སྣར་མ་ལ་བི་རྫི། མགོ་ལ་སྨལ་པོ། ལག་ནི་གནའ་རབས་ཀྱི་མིང་། རྒྱལ་ལ་རྒྱལ་སྨད། སྐག་ལ་ཝ། མཆུ་ལ་རྟ་ཆེན། གྲེ་ལ་རྟ་ཆུང་། དབོ་ལ་ཕྲ། མེ་བཞི་ལ་བྱ་མ། ནག་པ་ལ་བྱའུ། ས་རི་ལ་གནམ་གོང་། ས་ག་ལ་ནམ་འོག ལྷ་མཚམས་ལ་ལག་སོར། སྣྲོན་ལ་ལྡེའུ། སྣུབས་ལ་སོག་པ། ཆུ་སྟོད་ལ་བྲེ། ཆུ་སྨད་ལ་ཕུལ། གྲོ་བཞིན་ལ་བྱ་སྤོ། བྱ་བཞིན་ལ་བྱ་གཞུག མོན་གྲེ་ལ་སྒྲོག་སྟོད། མོན་གྲུ་ལ་སྒྲོག་སྨད། ཁྲུམས་སྟོད་ལ་བྱ་མཆུ། ཁྲུམས་སྨད་ལ་ཟེའུ། ནམ་གྲུ་ལ་ཤེ་ས། ཐ་སྐར་ལ་དབྱུག་པ་བཅས་བྱ་བ་ཡིན་ཞིང་། དེང་གི་ཆར་ཡང་ཞིང་འབྲོག་ཁུལ་དུ་རྒན་རབས་རྣམས་ཀྱིས་སྐར་མའི་མིང་དེ་ལྟར་འབོད་སྲོལ་ཡོད་པ་མ་ཟད། སྨལ་པོའི་ཆར་བརྟག་པ་ཞེས་པ་བོད་ཟླ་ལྔ་བའི་ནང་སྐར་མ་སྨལ་པོ(མགོ)ཤར་བའི་རྗེས་ཀྱི་ཞག་ཉི་ཤུ་ནང་ཆར་བབས་དང་མ་བབས་ལ་བརྟེན་ནས་སད་སེར་དང་ཞོད་སྐྱོན་ཡོད་མེད་བརྟག་པ། སྐྱོར་ཁ་བརྟག་པ་ཞེས་བོད་ཟླ་བཅུ་གཅིག་པའི་ཚེས་ཉེར་བདུན་དང་། བཅུ་གཉིས་པའི་ཚེས་ཉི་ཤུ་ལྔ། བོད་ཟླ་དང་པོའི་ཚེས་ཉི་ཤུ་གསུམ་བཅས་ལ་དགོང་མོའི་ཟླ་བ་དང་མཉམ་དུ་ཤར་ལྷོའི་ཕྱོགས་ནས་སྐར་མ་ལག་སོར(ལྷ་མཚམས)ཞེས་པ་མིའི་ལག་པའི་བཟོ་དབྱིབས་དང་འདྲ་བ་ཞིག་ཡར་ཡོང་བ་དེའི་གནས་གང་དུ་ཟླ་བ་ཡོད་མེད་བལྟས་ཏེ་ལོ་རྗེས་མའི་ཆར་ཆུ་མང་ཉུང་དང་། ཐན་ཞོད། སད་སེར་འབུ་གནོད་བཅས་ཡོད་མེད་བརྟག་པ། ཉ་དྲུག་བརྟག་པ་ཞེས་བོད་ཟླ་གཉིས་པའི་ནང་སྐར་མ་སྨིན་དྲུག་དང་ཟླ་བ་མཉམ་དུ་འགྲོགས་ནས་ནམ་ཚོད་འཛིན་གྱི་ཡོད་པས་ཚེས་བཅོ་ལྔའི་དགོང་མོ་སྐར་མ་སྨིན་དྲུག་དེ་ཟླ་བའི་རྒྱབ་མདུན་གཡས་གཡོན་གང་དུ་ཡོད་མེད་བལྟས་ཏེ་ལོ་རྗེས་མའི་ལོ་ཏོག་ལེགས་ཉེས་བརྟག་པ་སོགས་གནའ་རབས་བོན་དང་། ཞིང་འབྲོག་རྒན་པོའི་ཉམས་མྱོང་ཁ་རྒྱུན་མང་པོ་ཞིག་ནི་བོད་ས་གནས་རང་གི་དམིགས་བསལ་རང་བཞིན་ལྡན་པའི་ཉམས་མྱོང་ཤ་སྟག་ཡིན་པ་ལས་ས་གནས་གཞན་དག་ནས་ཚུར་བླངས་པ་ཡང་མིན་ལ། ས་གནས་འདིའི་ཉམས་མྱོང་རྣམས་ས་གནས་གཞན་དག་ལ་སྦྱར་ན་མི་འཕྲོད་པ་དེ་འདྲ་རེད་ཅེས་གསུངས་པའི་ཕྱིར་ན། བོད་རྒྱལ་གཉའ་ཁྲི་བཙན་པོའམ་ཡང་ན་དེའི་གོང་ནས་བོད་ལ་ཡུལ་རང་གི་ཁྱད་ཆོས་དང་རྣམ་པར་མཐུན་པའི་སྐར་རྩིས་རིག་པ་ཞིག་དར་ཡོད་པ་དེ་ཐེ་ཚོམ་མེད་པར་རྟོགས་ཐུབ་པ་ཡིན། བོད་དུ་སྐར་རྩིས་དར་རྗེས་ལོ་གཅིག་ལ་ཟླ་བ་བཅུ་གཉིས་དང་། དགུན་ཟླ་ར་བ་དང་དགུན་ཟླ་འབྲིང་། དགུན་ཟླ་ཐ་ཆུང་སྟེ་གསུམ་ལ་དགུན་ཟླ་དང་། དཔྱིད་ཟླ་ར་བ་དང་། དཔྱིད་ཟླ་འབྲིང་། དཔྱིད་ཟླ་ཐ་ཆུང་སྟེ་གསུམ་ལ་དཔྱིད་ཟླ། དབྱར་ཟླ་ར་བ་དང་། དབྱར་ཟླ་འབྲིང་། དབྱར་ཟླ་ཐ་ཆུང་སྟེ་གསུམ་ལ་དབྱར་ཟླ། སྟོན་ཟླ་ར་བ་དང་། སྟོན་ཟླ་འབྲིང་། སྟོན་ཟླ་ཐ་ཆུང་སྟེ་གསུམ་ལ་སྟོན་ཟླ་བཅས་དུས་ཚིགས་བཞི་རུ་དབྱེ་བར་བྱས། དེ་ལྟར་ལོ་དང་། ཟླ་བ་དང་། དུས་ཚིགས་དང་། ཉིན་ཞག་སོགས་ཀྱི་དབྱེ་བ་བྱུང་ནས་ཡུན་རིང་ཞིག་འདས་པ་ན། ཡན་ལག་བཞིའི་དཔུང་དང་ལྡན་པའི་བོད་བཙན་པོའི་སྐབས་སུ་བོད་མི་རྣམས་ཀྱིས་སྟོན་དུས་འབྲུ་རིགས་སྨིན་ནས་སྙེ་མ་རྣམས་སེར་མདོག་ཏུ་གྱུར་པའི་ཚེ་ལོ་གསར་ཞེས་པའི་དུས་ཆེན་གཏོང་བ་ཡིན་ཞིང་། ལོ་གསར་གྱི་དུས་ཆེན་གཏོང་བའི་སྲོལ་མ་ཉམས་པར་རིམ་བཞིན་དར་བ་ལས་བོད་ཡུལ་རྣམས་སུ་བོད་ཟླ་དྲུག་པའི་ལྷ་རྩེད་དང་བླ་རྩེཁབོད་མི་རྣམས་ཀྱིས་མེས་པོ་གོང་མ་རྣམས་ཀྱི་བླ་མཚོ་ལ་གནས་པ་ལ་བླ་མཚོ་དང་། རི་ལ་གནས་པ་ལ་བླ་རི། ཤིང་ལ་གནས་པ་ལ་བླ་ཤིང་། རིའི་རྩེ་མོ་དང་ལའི་རྩེ་མོ་ལ་གནས་པ་ལ་བླ་རྩེ་དང་ལ་རྩེ་ཞེས་ཟེར་བས། ལབ་ཙེ་དང་ལ་ཙེ་ཞེས་པ་ནི་མ་དག་པ་ཞིག་ཡིན་པར་བཤད་དོ)བསྟོད་པ་སོགས་རྩེད་རིགས་མང་པོ་ཞིག་བྱུང་བ་དང་། ཕྱིས་ལོ་གསར་གཏོང་བའི་སྲོལ་ལ་ལོ་རྒྱུས་དང་སྤྱི་ཚོགས་ལ་སོགས་པའི་རྒྱུ་རྐྱེན་གང་རུང་ཞིག་ལ་བརྟེན་ནས་འགྱུར་བ་རྣམ་པ་སྣ་ཚོགས་ཤིག་བྱུང་བ་ལས་དེང་སང་ཡར་ཀླུང་གཙང་པོའི་དབུས་རྒྱུད་དུ་སྟོན་ཟླ་བརྒྱད་པའི་དུས་སུ་གཏོང་བའི་འོང་སྐོར་དུས་ཆེན་དང་། བོད་ཟླ་བཅུ་པའི་ནང་གཏོང་བའི་ཀོང་པོའི་ལོ་གསར་དང་། ཨ་མདོའི་ཡུལ་གྱི་དྲུག་པའི་རྩེད་རིགས་སོགས་དར་བ་ཡིན་པར་གྲགས། འོང་སྐོར་དུས་ཆེན་གྱི་སྐབས་སུ་མི་རྣམས་ཀྱིས་གོས་གསར་གྱོན་ཞིང་རྒྱན་ཆ་སྣ་ཚོགས་འདོགས་པ་དང་། རྟ་ལ་ཞོན་ནས་ལོ་ལེགས་སྨིན་པའི་ཞིང་ཁའི་འགྲམ་དུ་བསྐོར་བ་བྱེད་བཞིན་གསོལ་བ་སྨོན་ལམ་འདེབས་པའི་ཁར། རྟ་ཐོག་ནས་མདའ་འཕེན་པ་དང་། མཚན་མོར་མེ་སྦར་བའི་མཐའ་རྣམས་སུ་ཞབས་བྲོ་འཁྲབ་པ་སོགས་རབ་དགའི་རྩེད་འཇོའི་དཔལ་ལ་ཅི་དགར་རོལ་བ་ཡིན་ནོ། །
གཉིས་པ། གནའ་བོའི་དུས་ཀྱི་ཨ་མདོའི་ལོ་གསར་གྱི་མཛད་སྒོ་ལས་འཕྲོས་ཏེ་ཨ་མདོའི་བོད་མི་རྣམས་ཀྱིས་ཧོར་ཟླ་བཅུ་གཉིས་པར་བོད་ལོ་ཟེར་བའི་རྒྱུ་མཚན་བཤད་པ།
རབ་བྱུང་དང་པོའི་མེ་ཡོས་སྤྱི་ལོ༡༠༢༧ལོའི་དུས་སུ་གློ་བོ་ལོ་ཙཱ་པ་ཤེས་རབ་རིན་ཆེན་དང་། མན་ངག་སྦས་པ་གསལ་བྱེད། རིན་ཆེན་རྒྱ་མཚོ། ཕུག་པ་ལྷུན་གྲུབ་རྒྱ་མཚོ་སོགས་ལོ་ཙཱ་པ་མཁས་པ་ཆེན་པོ་མང་པོ་ཞིག་བྱུང་བའི་སྐུ་དྲིན་ལས་དུས་འཁོར་གྱི་གཞུང་རྣམས་བོད་དུ་ལེགས་པར་བསྒྱུར་ཅིང་། དེ་ལས་རྩ་རྒྱུད་ནི་དུམ་བུ་གཅིག་སྟེ་དབང་མདོར་བསྟན་ཙམ་ལས་མ་བསྒྱུར་པ་དང་། བསྡུས་རྒྱུད་ཡོངས་རྫོགས་དང་འགྲེལ་ཆེན་དྲི་མེད་འོད་སོགས་བོད་གངས་ཅན་པའི་བརྡའི་ལམ་དུ་ལེགས་པར་བསྒྱུར་ན་ཡང་། བོད་དུ་བསྒྱུར་པའི་གཞུང་དེ་རྣམས་ཡང་དག་པ་ཡིན་མིན་གྱི་ཐད་ལ་རྩོད་པ་བྱུང་བས་ཕྱིས་རྒྱ་ཆེར་དར་མ་ཐུབ་པར་རེ་ཞིག་ལུས། ལྷག་པར་དུ་ས་སྐྱ་པའི་སྐབས་སུ་ཡོན་གོང་མ་དང་མཆོད་ཡོན་གྱི་འབྲེལ་བ་བྱུང་ཞིང་། ས་སྐྱ་པས་བོད་སྤྱི་ལ་དབང་བསྒྱུར་པའི་དུས་སྐབས་སུ་གཡུ་རྒྱལ་དང་། འབྱུང་རྩིས་དང་། སྐར་རྩིས་སོགས་རྒྱ་ཆེར་དར། སྐབས་དེར་སྔ་ཕྱིར་རྗེ་བཙུན་གྲགས་པ་རྒྱལ་མཚན་དང་། འགྲོ་མགོན་ཆོས་རྒྱལ་འཕགས་པ་དང་། གཡུང་སྟོན་རྡོ་རྗེ་དཔལ་བཟང་དང་། བུ་སྟོན་ཐམས་ཅད་མཁྱེན་པ་དང་། ཀུན་མཁྱེན་དོལ་བུ་པ་དང་། ཀརྨ་རང་བྱུང་རྡོ་རྗེ་སོགས་རྩིས་ལ་མཁས་པའི་དྲན་དབང་མང་པོ་ཞིག་བྱུང་བ་ལས་སྙན་གྲགས་ཆེ་ཞིང་སྐར་རྩིས་ལ་ཕྱག་རྗེས་ཆེན་པོ་བཞག་པ་ནི་བུ་སྟོན་རིན་ཆེན་གྲུབ་དང་ཀརྨ་རང་བྱུང་རྡོ་རྗེ་རྣམ་གཉིས་ཡིན་པར་གྲགས། དེ་ལས་བུ་སྟོན་རིན་ཆེན་གྲུབ་ཀྱིས་རྩིས་གཞུང«མཁས་པ་དགའ་བྱེད»ཡན་ལག་དང་བཅས་པ་བརྩམས་ཏེ་ལྔ་བསྡུས་དང་། ཉི་ཟླ་སྒྲིབ་ཚུལ་དང་། དྲང་སྲོང་གཟའ་ལྔ་དང་། ཞག་གསུམ་རྩི་ཚུལ་དང་། དུས་བཞི་འཁོར་ཚུལ་སོགས་གསལ་ཞིང་ཡང་དག་པའི་སྒོ་ནས་ས་རིས་འབྲི་ཚུལ་ལག་ལེན་དང་བཅས་པ་ཡང་དག་ཅིང་སྐྱོན་མེད་པར་གཏན་ལ་ཕབ། སྐབས་དེར་བོད་དུ་ལོ་མགོ་དང་ཟླ་མགོ་འཛིན་ཚུལ་མི་འདྲ་བ་དུ་མ་ཞིག་བྱུང་བ་སྟེ།
༡. དུས་འཁོར་རྩ་རྒྱུད་ཀྱི་རྗེས་སུ་འབྲངས་པའི་སྐར་རྩིས་པ་རྣམས་ཀྱི་ལུགས་ནི། ཧོར་ཟླ་གསུམ་པའི་ཚེས་གཅིག་སྟེ་ནག་ཟླ་ཡར་ངོའི་ཚེས་གཅིག་དེ་ཉིད་ལོ་མགོ་ལ་འཛིན་པ་ཡིན།
༢. མདོ་སྡེ་གསེར་འོད་དང་སྨན་གྱི་རྒྱུད་བཞི་ལྟར་རྒྱ་ནག་ཧོར་རྒྱལ་པོ་དང་། བོད་ཁ་བ་ཅན་པ་དང་། ནག་རྩིས་པ་འགའ་ཞིག་གི་ལུགས་ནི། ཧོར་ཟླ་དང་པོའི་ཚེས་གཅིག་དེ་ཉིད་ལོ་མགོ་ལ་འཛིན་པ་ཡིན།
༣. གདན་བཞི་དང་རྡོ་རྗེ་མཁའ་འགྲོའི་ལུགས་ནི། ཧོར་ཟླ་བཅུ་གཉིས་པའམ་དགུན་ཟླ་འབྲིང་པོ་རྒྱལ་ཟླ་བ་ནས་བརྩམས་ཏེ། ལོ་མགོ་ལ་འཛིན་པ་ཡིན།
༤. ནག་རྩིས་པ་རྣམས་ཀྱི་ལུགས་ནི། ཧོར་ཟླ་བཅུ་གཅིག་པའི་ཚེས་གཅིག་གམ་དགུན་ཉི་ལྡོག་ནས་བརྩམས་ཏེ་ལོ་མགོ་འཛིན་པ་སྟེ། རགས་རྩིས་བྱས་ན་ཚེས་གཅིག་དང་། ཞིབ་རྩིས་བྱས་ན་དགུན་ཉི་ལྡོག་ནས་ལོ་མགོ་ལ་འཛིན་པ་ཡིན།
༥. འདུལ་བ་དང་མངོན་པ་མཛོད་ཀྱི་རྗེས་འབྲངས་པའི་ས་པཎ་དང་རྗེ་ཙོང་ཁ་པ་སོགས་ཀྱི་ལུགས་ནི། ཧོར་ཟླ་བཅུ་བའི་མར་ངོའི་ཚེས་གཅིག་ནས་བརྩམས་ཏེ་ལོ་མགོ་ལ་འཛིན་པ་ཡིན།
༦. མདོ་ཉི་མའི་སྙིང་པོའི་རྗེས་སུ་འབྲངས་པའི་ཁ་ཆེ་པཎ་ཆེན་དང་། སྣར་ཐང་བ་དང་། མཆིམས་འཇམ་དབྱངས་སོགས་ཀྱི་ལུགས་ནི། ཧོར་ཟླ་དགུ་བའི་མར་ངོའི་ཚེས་གཅིག་དེ་ཉིད་ལོ་མགོ་ལ་འཛིན་པ་ཡིན།
༧. རྟེན་འབྲེལ་མདོ་འགྲེལ་གྱི་རྗེས་སུ་འབྲངས་པའི་སྐྱོར་མོ་ལུང་གི་སྦ་ཏི་དགྲ་བཅོམ་པ་སོགས་ཀྱི་ལུགས་ནི། ཧོར་ཟླ་བརྒྱད་པའི་ཚེས་གཅིག་དེ་ཉིད་ལོ་མགོ་ལ་འཛིན་པ་ཡིན།
གོང་གསལ་གྱི་ལོ་མགོ་འཛིན་ཚུལ་མི་འདྲ་བ་དུ་མ་ཞིག་བྱུང་བར་བརྟེན་ནས་ལྷ་ས་དང་། གཞིས་རྩེ། ཨ་མདོ་སོགས་ཡུལ་ཕལ་མོ་ཆེ་ཞིག་གིས་གདན་བཞི་དང་རྡོ་རྗེ་མཁའ་འགྲོ་མའི་ལུགས་ལྟར་ཧོར་ཟླ་བཅུ་གཉིས་པའི་ཚེས་གཅིག་ཉིན་ནི་ལོ་མགོ་ལ་འཛིན་པར་བྱས་ནས་ལོ་གསར་ཞེས་བྱ་བའི་དུས་ཆེན་གཏོང་བ་ཡིན་ཞིང་། སྔོན་དུས་ཨ་མདོའི་ཡུལ་དུ་ལོ་གསར་མ་སླེབས་གོང་སྟེ་ཧོར་ཟླ་བཅུ་གཅིག་པའི་དུས་སུ་ཁྱིམ་ཚང་ཐམས་ཅད་ཀྱིས་རང་རང་གིས་ཁང་བར་ས་རྩི་དཀར་པོ་བྱུགས་པ་དང་། དཀར་གསུམ་མངར་གསུམ་གྱི་ཟས་རིགས་གྱ་ནོམ་པ་གྲ་སྒྲིག་གང་ལེགས་བྱེད་པའི་ཁར། ཁྱིམ་མི་རེ་རེ་ལ་གོས་གསར་བ་རེ་བཟོ་བ་དང་། དེ་ཡང་ལོ་གསར་སྐབས་སུ་ཁྱིམ་མི་རྣམས་ལ་སྔར་གོན་མ་མྱོང་བའི་གོས་གསར་བ་མེད་ན་བཀྲ་མི་ཤིས་པའི་རྟགས་སུ་བརྩི་བས། གོས་གསར་བ་ནི་གལ་ཆེན་ཞིག་ཏུ་བརྩི་བ་ཡིན། ཟླ་བཅུ་གཅིག་པའི་ཚེས་བཅུ་བདུན་ནས་བཅོ་བརྒྱད་ཀྱི་བར་ནི་དུད་པ་ཕྱགས་པའི་དུས་ཡིན་པས། ཁྱིམ་མི་རྣམས་ཀྱིས་རང་རང་གི་ཁྱིམ་གྱི་ཀ་བ་དང་། གདུང་མ། གནམ་གཅལ། ཆ་སྟེགས། སྒོ་ཆེ་ཆུང་། སྒེའུ་ཁུང་བཅས་ཀྱི་སྟེང་དུ་ཆགས་པའི་དུད་པ་རྣམས་ཡོངས་སུ་ཕྱགས་ཏེ་གཙང་མ་བྱེད་པར་མ་ཟད། ཁྱིམ་གྱི་སྣོད་ཅ་ལག་ཐམས་ཅད་ཀྱང་འཁྲུད་པ་དང་བྱི་དོར་བྱེད་པ་དང་། དེ་ལ་ཡོངས་གྲགས་སུ་གད་བྱི་ཆེན་མོ་ཟེར་བ་ཡིན། ཨ་མདོ་པ་རྣམས་ཀྱིས་མི་རྣམས་ཚེ་རིང་ཞིང་། ཕྱུགས་ལ་གོད་ཁ་མེད་པ། ཞིང་ལ་ལོ་ལེགས་སྨིན་པ་བཅས་ཀྱི་སྨོན་འདུན་མཚོན་བྱེད་དུ་གདུང་མའི་སྟེང་ལ་དཀར་རྟགས་རྒྱག་པ་དང་། སྡིག་པ་ར་ཙ་ནི་ཐབ་ལྷའི་རྣམ་སྤྲུལ་ཡིན་པར་སེམས་ནས་ཐབ་ཚང་གི་གྱང་ལྡེབས་སུ་སྡིག་པ་ར་ཙའི་རི་མོ་འབྲི་བའི་སྲོལ་ཡོད། ཧོར་ཟླ་བཅུ་གཅིག་པའི་ཚེས་ཉི་ཤུ་དགུའི་དགོང་མོར་དགུ་ཐུག་འཐུང་ཞིང་། དགུ་ཐུག་ཅེས་པ་དེ་ནི་ཚེས་ཉི་ཤུ་དགུའི་དགོང་མོར་འཐུང་བའི་ཐུག་པ་ཡིན་པས་ན་དགུ་ཐུག་དང་། ཡང་ན་རྫས་དགུ་ཚང་བའི་ཐུག་པ་ཡིན་པས་ན་དགུ་ཐུག་ཟེར་བ་ཡིན་ཏེ། རྫས་དགུ་ནི། ཤ་དང་། ཕྱུར་བ་དང་། ལ་ཕུག་དང་། གྲོ་མ་དང་། སྔོ་ཚོད་དང་། གྲོ་དང་། ནས་དང་། སྲན་མ་དང་། ཚྭ་བཅས་ཡིན་པའི་ཕྱིར། དགུ་ཐུག་དེའི་བག་ཟན་ལ་ཉི་ཟླ་ཌ་མ་རུའི་དབྱིབས་སམ་ཡང་ན་བལ་དང་། དཀར་ཡོལ་ཆག་པོ་ཆུང་ངུ་དང་། ཁམ་བུ་དང་། གཡེར་མ་དང་། སུར་པན་ནམ་ལ་ཙི་དང་། སྒོག་པ་དང་། སོལ་བ་དང་། སྲན་མ་དང་། ཚྭ་སོགས་ནང་སྙིང་དུ་བཅུག་པའི་བག་ཟན་སྣ་ཚོགས་ཤིག་ཡོད། ཉི་མའི་དབྱིབས་ཅན་གྱི་བག་ཟན་ཁེལ་བའི་མི་དེ་ནི་གཟི་བརྗིད་ཆེ་བའི་རྟགས་སུ་བརྩི། ཌ་མ་རུའི་དབྱིབས་ཅན་གྱི་བག་ཟན་ཁེལ་བའི་མི་དེ་ནི་གཡོ་སྒྱུ་ཆེ་ལ་ཡིད་ཆེས་བྱེད་མི་རུང་བའི་རྟགས་སུ་བརྩི། བལ་ནང་སྙིང་དུ་བཅུག་པའི་བག་ཟན་ཁེལ་བའི་མི་དེ་ནི་ལྟོ་ཆེ་ཞིང་ལས་ལ་མི་དགའ་བའི་རྟགས་སུ་བརྩི། གཡེར་མ་ནང་སྙིང་དུ་བཅུག་པའི་བག་ཟན་ཁེལ་བའི་མི་དེ་ནི་ཁ་རྩུབ་ཅིང་མི་རྣམས་དང་མི་མཐུན་པའི་རྟགས་སུ་བརྩི། སུར་པན་ནམ་ལ་ཙི་ནང་སྙིང་དུ་བཅུག་པའི་བག་ཟན་ཁེལ་བའི་མི་དེ་ནི་ཁོང་ཁྲོ་ཆེ་བའི་རྟགས་སུ་བརྩི། ་སོལ་བ་ནང་སྙིང་དུ་བཅུག་པའི་བག་ཟན་ཁེལ་བའི་མི་དེ་ནི་སེམས་ནག་ཡིན་པའི་རྟགས་སུ་བརྩི། སྲན་མ་ནང་སྙིང་དུ་བཅུག་པའི་བག་ཟན་ཁེལ་བའི་མི་དེ་ནི་ལུས་ལ་ནད་མེད་པའམ་ནད་མི་འབྱུང་བའི་རྟགས་སུ་བརྩི། ཚྭ་ནང་སྙིང་དུ་བཅུག་པའི་བག་ཟན་ཁེལ་བའི་མི་དེ་ནི་ལེ་ལོ་ཆེ་ལ་སྒྱིད་ལུག་ཅན་ཡིན་པའི་རྟགས་སུ་བརྩི། སྒོག་པ་ནང་སྙིང་དུ་བཅུག་པའི་བག་ཟན་ཁེལ་བའི་མི་དེ་ནི་རྟུག་དྲི་ངན་པའི་རྟགས་སུ་བརྩི་བ་ཡིན། གཞན་ཡང་ཁྱིམ་བདག་མ་རྣམས་ལ་མགོ་ཆུང་ཞིང་ལྟོ་བ་ཆེ་བའི་བག་ཟན་གྱི་མི་ཞིག་བཟོ་ཞིང་། བག་ཟན་གྱི་མི་དེ་ཁྱིམ་བདག་མ་སུ་ལ་ཁེལ་ན་དེ་ལ་ཆད་པ་གཅོད་པ་སྟེ། ཁྱིམ་བདག་མས་བོང་བུར་ལད་མོ་བྱས་ཏེ་སྐད་འབྱིན་པའམ་ཡང་ན་ཁྱིའི་ལད་མོ་བྱས་ཏེ་སྐད་འབྱིན་དགོས་པ་དང་། དེ་ནི་ཁྱིམ་བདག་མའི་ཆད་པ་ཡིན། དགུ་ཐུག་འཐུང་མ་ཚར་བ་རྣམས་ཁོག་མ་ཆག་རོ་ཞིག་གི་ནང་དུ་བླུགས་ཤིང་། རྩམ་པའི་སྤགས་ཟས་སུ་གཡོས་པའི་འཆང་བུ་རེ་རེ་ཁྱིམ་མི་རྣམས་ལ་བྱིན་ནས་རང་རང་གི་མགོ་ནས་རྐང་བའི་བར་དུ་གླན་པའི་ཚུལ་གྱིས་བྱུགས་ཏེ་ལོ་གཅིག་གི་ཉི་མ་སུམ་བརྒྱ་དྲུག་ཅུའི་རིང་ལ་ནད་རིགས་བཞི་བརྒྱ་རྩ་བཞི་མི་འབྱུང་བ་དང་བྱུང་བ་རྣམས་སེལ་བར་མཛོད་ཅིག བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་སེལ་བར་མཛོད་ཅིག དུས་མིན་འཆི་བ་རྣམ་བརྒྱད་བཟློག་པར་མཛོད་ཅིག བར་ཆད་ཐམས་ཅད་བཟློག་པར་མཛོད་ཅིག་ཅེས་ཤིས་སྨོན་བརྗོད་བཞིན་རྩམ་པའི་འཆང་བུ་རྣམས་རྫ་ཁོག་ཆག་པོའི་ནང་གི་ཐུག་ལྷག་ཏུ་བསྐྱུར་ནས་སྒོ་རྒྱབ་ཏུ་འཇོག་པ་ཡིན།
ས་རུབ་པའི་དུས་སུ་ཁྱིམ་གྱི་སྐྱེས་པ་ཞིག་སོག་མ་ཕོན་པོ་ཞིག་ལ་མེ་སྦར་ནས་ཁྱིམ་གྱི་ཁང་བ་རེ་རེའི་ནང་དུ་འཛུལ་ཏེ་བགེགས་གདོན་ཐམས་ཅད་ཕྱིར་སོང་ཞེས་དྲག་ཏུ་བརྗོད་པ་དང་། མཐར་མེ་སྦར་བའི་སོག་མ་ཕོན་པོ་འཁྱེར་ནས་ཕྱི་རོལ་གྱི་ལམ་སུམ་མདོ་ཞིག་ཏུ་མེ་སྦར་བའི་སོག་པ་ཕོན་པོ་དང་རྫ་ཁོག་ཆག་པོ་གཉིས་མཉམ་དུ་གཡུགས་མ་ཐག ཁ་ཕྱིར་བལྟས་མེད་པར་ཁྱིམ་གྱི་ཕྱོགས་སུ་འོང་བ་དང་། སྐབས་དེར་ཤོག་སྦག་རྒྱག་པ་དང་མེ་མདའ་ཡོད་མཁན་གྱིས་མེ་མདའ་འཕངས་ནས་གདོན་བགེགས་རྣམས་ལ་སྐྲག་བསྐུར་ཏེ་བཟློག་པའི་སྲོལ་ཡོད་པ་དང་། དེ་ལ་ཡོངས་གྲགས་སུ་གླུད་རྫོང་དང་དགུ་བཟློག་ཟེར་བ་ཡིན།
ལོ་གསར་ཚེས་གཅིག་གི་ཕྱོགས་པའི་དུས་སུ། ཐོག་མར་བུ་མོ་རྣམས་ཀྱི་ཆུ་ཟོ་ལ་ཁ་བཏགས་དཀར་པོ་དཀྲུས་ཏེ་ཆུ་ཕུད་ལེན་པར་འགྲོ་ཞིང་། ཞོགས་པའི་ཆུ་ཕུད་ཀྱི་ཐོག་མ་དེ་ལེན་ཐུབ་ན་རྟེན་འབྲེལ་ཤིན་ཏུ་བཟང་བར་བརྩི། ཁྱིམ་གྱི་མི་རྒན་དར་གཞོན་གསུམ་གྱིས་གོས་གསར་བ་གྱོན་ཞིང་རྒྱན་ཆ་གསར་བ་འདོགས་པ་དང་། ཇ་དཀར་པོ་འཐུང་བ་དང་། ཤ་མོག་མོག་དང་། ལ་ཕུག་དང་ཤ་གཉིས་བསྲེས་པའི་མོག་མོག་དང་། གྲོ་འབྲས་དང་། ཆང་དང་། ཀ་ར་བུ་རམ་དང་། ཤ་མར་ཐུད་གསུམ་དང་། ཤིང་ཏོག་གི་རིགས་སྣ་ཚོགས་བཅས་ལོངས་སུ་སྤྱོད་པ་ཡིན། བཟའ་བཏུང་ལོངས་སུ་མ་སྤྱད་གོང་ལ་ཁྱིམ་མི་རྣམས་ཀྱིས་རང་ཁྱིམ་གྱི་མི་རྒན་པ་རྣམས་ལ་ཕྱག་གསུམ་རེ་འཚལ། དེ་ནི་ཁྱིམ་བཀའ་དྲིན་ཆེ་བ་རྣམས་ལ་དྲིན་གཟོ་བྱེད་པ་ཞིག་ཡིན་པར་བཤད། ཚེས་གཅིག་གི་ཉི་མ་མ་ཤར་གོང་ལ་བྱིས་པ་རྣམས་ཀྱིས་ལོ་གསར་གྱི་ལག་རྟགས་འཁྱེར་ནས་ཚོ་བའི་ཁྱིམ་རེ་རེའི་མི་རྒན་པ་རྣམས་ལ་ཕྱག་འཚལ་བར་འགྲོ་ཞིང་། བྱིས་པ་རྣམས་ཀྱིས་མི་རྒན་པ་རྣམས་ལ་ཕྱག་འཚལ་བ་ན་མི་རྒན་པ་རྣམས་ཀྱིས་བྱིས་པ་རྣམས་ལ་ཀ་ར་བུ་རམ་དང་། ཤིང་ཏོག་དང་། སྒོར་མོ་སོགས་སྟེར་བ་ཡིན། ཚེས་གཅིག་གི་ཞོགས་པར་ཉི་མ་མ་ཤར་བའི་དུས་སུ་ཁྱིམ་ཚང་རྣམས་ཀྱི་སྐྱེས་པ་རྣམས་མ་ཎི་ཁང་དུ་ལྷ་བསང་གཏོང་བར་འགྲོ་ཞིང་། ཁྱིམ་གྱི་བྱ་བྱེད་ཐམས་ཅད་གྲུབ་རྗེས་མཆོད་རྟེན་དང་དགོན་པ་བཅས་ལ་མཆོད་མཇལ་དུ་འགྲོ་བ་ཡིན། ལོ་གསར་གྱི་ཚེས་གཅིག་ཉིན་འགྲུལ་བ་འབོད་རེས་མི་བྱེད་ཅིང་། ཁྱིམ་ཚང་གཞན་ལ་མགྲོན་དུའང་མི་འགྲོ་བ་ཡིན། ཚེས་གསུམ་ཉིན་མནའ་མ་རྣམས་ཕ་ཁྱིམ་དུ་འགྲོ་ཆོག་ཅིང་། འགྲུལ་བ་འབོད་རེས་བྱེད་པ་དང་། བག་མ་བསུ་བ་སོགས་གསོལ་སྟོན་བཤམས་ཆོག དེ་ནི་སྔོན་དུས་ཀྱི་ཨ་མདོའི་ཡུལ་གྱི་ལོ་གསར་གཏོང་བའི་ལུགས་སྲོལ་ཞིག་སྟེ། སྔར་ཨ་མདོ་པ་རྣམས་ཀྱིས་ཧོར་ཟླ་བཅུ་གཉིས་པའི་ཚེས་གཅིག་ཉིན་ལོ་གསར་ཞིག་ཏུ་བརྩིས་ཏེ་ལོ་གསར་གྱི་དུས་ཆེན་གཏོང་བས། དེང་སང་ཡང་ཨ་མདོ་པ་རྣམས་ཀྱིས་ཧོར་ཟླ་བཅུ་གཉིས་པ་ལ་བོད་ལོ་ཟེར་བཞིན་ཡོད་པ་དང་། དེ་ནི་མདོ་ཁམས་ཀྱི་བོད་མི་དག་གིས་ཧོར་ཟླ་བཅུ་གཉིས་པ་ལ་བོད་ལོ་ཟེར་བའི་རྒྱུ་མཚན་མདོར་བསྡུས་ཤིག་ཡིན་ནོ། །
གསུམ་པ། ཨ་མདོའི་ཡུལ་དུ་རྒྱའི་ལོ་གསར་གཏོང་བའི་སྲོལ་ཇི་ལྟར་བྱུང་བའི་ཐད་ཀྱི་འདོད་ཚུལ་འགའ་ཇི་བཞིན་དུ་བཀོད་པ།
དེང་སང་ཨ་མདོ་པ་རྣམས་ཀྱིས་ཧོར་ཟླ་བཅུ་གཉིས་པའི་ཚེས་གཅིག་ཉིན་ལོ་མགོ་ལ་འཛིན་པར་བྱས་ནས་ལོ་གསར་མི་གཏོང་བའི་རྒྱུ་མཚན་ཅི་ཡིན་ཞེ་ན། ཁ་ཅིག་གིས་སྔར་བོད་ཡུལ་དུ་འདུལ་བ་དང་མངོན་པ་མཛོད་ཀྱི་རྗེས་སུ་འབྲངས་པའི་ས་པཎ་དང་རྗེ་ཙོང་ཁ་པ་སོགས་ཀྱིས་ཧོར་ཟླ་བཅུ་པའི་ཚེས་གཅིག་ཉིན་ལོ་གསར་བའི་ལོ་མགོ་ལ་འཛིན་པར་བྱེད་པ་ལས་ཉང་ཁྲིའི་ཀོང་པོའི་ལོ་གསར་དང་། གདན་བཞི་དང་རྡོ་རྗེ་མཁའ་འགྲོའི་ལུགས་ཀྱིས་ཧོར་ཟླ་བཅུ་གཉིས་པའི་ཚེས་གཅིག་ཉིན་ལོ་མགོ་ལ་འཛིན་པར་བྱེད་པ་ལས་ལྷ་ས་དང་། གཞིས་རྩེ་དང་། མདོ་ཁམས་ཀྱི་ལོ་གསར་རྣམས་བྱུང་བ་ཡིན། དུས་ཕྱིར་ཧོར་རྒྱལ་པོའི་དཔུང་གིས་ཕྱོགས་བཞི་རྣམས་དབང་དུ་བསྡུས་ནས་དཔྱ་ཕབ་ཅིང་། དབང་ཤེད་ཀྱིས་གནམ་འོག་ཐམས་ཅད་བྲན་དུ་བཀོལ་བའི་དུས་སུ། ཧོར་དམག་རྣམས་ཀུན་ཏུ་སླེབས་ཏེ་དབང་དུ་བསྒྱུར་བ་དང་། ཧོར་དམག་གི་དབང་ཤུགས་ལ་བརྟེན་ནས་མདོ་ཁམས་ཀྱི་བོད་མི་དག་གིས་ཧོར་ཟླ་བཅུ་གཉིས་པའི་ཚེས་གཅིག་ཉིན་ལོ་གསར་བ་འཆར་བའི་ལོ་མགོ་ལ་འཛིན་པ་པར་བྱས་ཏེ་ལོ་གསར་གཏོང་བའི་སྲོལ་ཕངས་མེད་དུ་མི་འདོར་ཀ་མེད་བྱུང་བ་དང་། མདོ་སྡེ་གསེར་འོད་དང་སྨན་གྱི་རྒྱུད་བཞི་ལྟར་རྒྱ་ནག་ཧོར་རྒྱལ་པོ་དང་། བོད་ཁ་བ་ཅན་པ་དང་། ནག་རྩིས་པ་འགའ་ཞིག་བཅས་ཐམས་ཅད་མཐུན་པའི་ལྟ་བ་ལྟར་ཧོར་ཟླ་དང་པོའི་ཚེས་གཅིག་ཉིན་ལོ་གསར་བ་འཆར་བའི་ལོ་མགོ་ལ་འཛིན་པར་བྱས་ཏེ་ལོ་གསར་གཏོང་བའི་སྲོལ་དུ་བསྒྱུར་པ་ན། དེ་ནི་རྒྱ་ནག་གི་ལུགས་དང་མཐུན་པ་ཞིག་ཡིན་པ་རྒྱུ་མཚན་དུ་བྱས་ཏེ་མདོ་ཁམས་ཀྱི་བོད་མི་རྣམས་ཀྱིས་དེ་ལ་ཡོངས་གྲགས་སུ་རྒྱ་ལོ་ཞེས་བཤད། དེ་ལ་ཞིབ་ཏུ་བསམས་ན་ལྷ་ས་དང་། གཞིས་རྩེ་དང་། ཀོང་པོ་དང་། མདོ་ཁམས་སོགས་ཀྱི་ལོ་གསར་དེ་ནི་ལོ་མགོ་འཛིན་ཚུལ་མི་འདྲ་བ་ཁོ་ན་ཙམ་ལ་བརྟེན་ནས་བྱུང་བ་ཞིག་ཡིན་མིན་མི་ཤེས་ཤིང་། དེ་ལ་ལོ་རྒྱུས་ཀྱི་རྒྱུ་རྐྱེན་ཞིག་ཡོད་པ་གོར་མ་ཆག་སྙམ་དུ་སེམས་པ་སྟེ། དཔེར་ན་ཧོར་ཟླ་བཅུ་བའི་ཚེས་གཅིག་ཉིན་གཏོང་བའི་ཀོང་པོའི་ལོ་གསར་ནི། ཀོང་པོའི་ཨ་རྒྱལ་རྒྱལ་པོའི་སྐབས་སུ་བདུད་རྒྱལ་ཧོར་གྱི་དམག་དཔུང་བོད་ཀྱི་བྱང་ཕྱོགས་ཀྱི་ས་མཚམས་སུ་སླེབས་པ་ན། བོད་ཀྱི་བཙན་པོས་རང་གི་མངའ་ཁོངས་ལེགས་པར་བསྲུང་བའི་སླད་དུ་ཧོར་དམག་མཐར་སྐྲོད་གཏོང་དགོས་ཞེས་ཨ་རྒྱལ་རྒྱལ་པོར་བཀའ་ཕབ་པ་དང་། ཨ་རྒྱལ་རྒྱལ་པོས་བོད་དམག་རྣམས་ཁྲིད་ནས་དཔའ་མཛངས་རྟུལ་ཕོད་ཀྱིས་ཧོར་དམག་དང་གཡུལ་བསྲེས་པར་འགྲོ་ཆེད་ཧོར་ཟླ་བཅུ་གཉིས་པར་དམག་དང་གཡུལ་བསྲེས་ཏེ་བསད་རྨས་ཀྱི་དྲག་ཤུལ་སྤྱད་པ་མ་བཟོད་ནས་ཧོར་དམག་རྣམས་རང་ཡུལ་དུ་བྲོས། དུས་དེ་ནས་བརྩམས་ཏེ་གཡུལ་ལས་རྒྱལ་བའི་རྒྱལ་པོ་དེ་ལ་དྲན་གསོ་བྱེད་པའི་ཆེད་དུ་ཀོང་ཡུལ་དུ་ལོ་རེ་རེ་བཞིན་བོད་ཟླ་བཅུ་བའི་ཚེས་གཅིག་ཉིན་ལོ་གསར་གཏོང་བའི་སྲོལ་དེ་བྱུང་བ་ཡིན་ཞེས་པའི་ངག་རྒྱུན་ལྟ་བུ་ཡིན། གང་ལྟར་ཡང་མདོ་ཁམས་ཀྱི་ཧོར་ཟླ་དང་པོའི་ཚེས་གཅིག་ཉིན་ལོ་གསར་གཏོང་བ་དེ་བོད་ཀྱི་ལུགས་སྲོལ་ཞིག་མིན་པ་ནི་ཨ་མདོ་པ་རྣམས་ཀྱིས་དེང་སང་ཡང་ཧོར་ཟླ་བཅུ་གཉིས་པ་ལ་བོད་ལོ་དང་ཧོར་ཟླ་དང་པོ་ལ་རྒྱ་ལོ་ཞེས་བརྗོད་པས་ཀྱང་གསལ་བར་བྱས་འདུག་ཅིང་། མདོ་ཁམས་ཀྱི་བོད་མི་རྣམས་ཀྱིས་ཧོར་ཟླ་དང་པོར་ལོ་གསར་གཏོང་བའི་སྲོལ་འདི་ནི་ཡོན་རྒྱལ་རབས་ཀྱི་དུས་སུ་བྱུང་བའི་དབང་དུ་བྱས་ན་ཡང་། བོད་དང་ཡོན་གོང་མ་གཉིས་བར་དུ་མཆོད་ཡོན་གྱི་འབྲེལ་བ་བྱུང་བའི་དུས་དཀྱིལ་ཙམ་ལ་བྱུང་བར་སྣང་གི མཆོད་ཡོན་གྱི་འབྲེལ་བ་བྱུང་བའི་དུས་སྟོད་ཙམ་དུ་བྱུང་བ་ཞིག་མིན་པར་སེམས། ཡང་ཁ་ཅིག་གིས་མདོ་ཁམས་སུ་རྒྱའི་ལོ་གསར་གཏོང་བའི་སྲོལ་དེ་ཉིད་ཡོན་གོང་མའི་དུས་སུ་བྱུང་བ་ཞིག་མིན་ཞིང་། ཞིས་ཞ་ཞེས་བྱ་བའི་རྒྱལ་རབས་འདི་ནི་སྔ་དུས་སུ་རྒྱ་ནག་སུང་གི་རྒྱལ་རབས་དང་འབྲེལ་འདྲིས་ཆེ་བས། ཞིས་ཞ་ཞེས་བྱ་བའི་རྒྱལ་ཁབ་ཀྱི་མི་རྣམས་ཀྱིས་རྒྱ་ནག་གི་སྲོལ་ལྟར་ཧོར་ཟླ་དང་པོའི་ཚེས་གཅིག་ཉིན་ལོ་གསར་གཏོང་ཞིང་། དུས་ཕྱིས་མི་ཉག་རྒྱལ་རྒོད་ཀྱི་སྐུ་རིང་ལ་ཞིས་ཞ་ཞེས་བྱ་བའི་དཔུང་ཤེད་ཀྱིས་མདོ་ཁམས་དབང་བསྒྱུར་སྐབས། བོད་མི་རྣམས་ཀྱིས་བོད་ཀྱི་ལོ་གསར་གཏོང་མི་ཆོག་པ་དང་རྒྱའི་ལོ་གསར་གཏོང་དགོས་པའི་བཙན་བཀའ་ཕབ་པས། བོད་པ་རྣམས་ཀྱིས་བོད་ཀྱི་ལོ་གསར་གཏོང་བ་ཕངས་མེད་དུ་བོར་ནས་རྒྱའི་ལོ་གསར་གཏོང་བར་བྱེད་པ་ལས་རྒྱ་ལོ་ཞེས་པ་འདི་བྱུང་བར་བཤད། ཡང་ཁ་ཅིག་གིས་གོང་མ་ཏཱ་མིང་གི་དུས་སུ་མདོ་ཁམས་ཀྱི་བླ་མ་ཆེ་ཆེ་དྲག་དྲག་མང་པོ་ཞིག་རྒྱ་ནག་ཏུ་སྤྱན་དྲངས་ཏེ་འཇའ་ས་ཐམ་ཀ་སོགས་ཕུལ་ཏེ་ཆེར་བསྟོད་མཛད་ཅིང་། བོད་དུ་གཙུག་ལག་ཁང་དང་དགོན་པ་སོགས་བཞེངས་པར་གསེར་དངུལ་ཐེབས་སུ་སྦྱར་བ་སོགས་མཉམ་མེད་ཐུབ་པའི་དབང་པོའི་བསྟན་པ་ལ་སྲི་ཞུ་ལྷག་པར་མཛད་པ་དང་། སྐྱེ་འགྲོ་མཐའ་དག་ཀྱང་ཆོས་བཞིན་སྐྱོང་བར་མཛད་པའི་སྙན་གྲགས་ཀྱིས་ས་སྟེང་ཁྱབ་པའི་དུས་སུ། མདོ་ཁམས་ཀྱི་ཡུལ་དུ་རྒྱའི་ལོ་གསར་གཏོང་བའི་སྲོལ་བྱུང་བར་བཤད། ཡང་ཁ་ཅིག་གིས་ཆིང་རྒྱལ་རབས་ཀྱི་དུས་སུ་ཆིང་གོང་མས་རྒྱ་སོག་བོད་ལ་སོགས་པའི་སྐྱེ་རྒུ་ཐམས་ཅད་བཀའ་དྲིན་བསམ་གྱིས་མི་ཁྱབ་པས་བསྐྱངས་པའི་སྐྱབས་མགོན་དམ་པ་ཁམས་གསུམ་འགྲོ་བའི་བླ་མ་ལྕང་སྐྱ་མཆོག་སྤྲུལ་རིན་པོ་ཆེ་རྡོ་རྗེ་འཆང་ཡེ་ཤེས་བསྟན་པའི་རྒྱལ་མཚན་གྱི་ཞལ་སྔ་ནས་དང་། ཁྲི་ཆེན་མཆོག་སྤྲུལ་རིན་པོ་ཆེ་ཁྱབ་བདག་བླ་མ་ངག་དབང་ཐུབ་བསྟན་དབང་ཕྱུག་དཔལ་ལྡན་འཕྲིན་ལས་རྒྱ་མཚོའི་ཞལ་སྔ་ནས་དང་། ཁྲི་ཆེན་ནམ་མཁའ་བཟང་པོའི་མཆོག་སྤྲུལ་རིན་པོ་ཆེ་དཀྱིལ་འཁོར་རྒྱ་མཚོའི་མངའ་བདག་རྡོ་རྗེ་འཆང་འཇིགས་མེད་ནམ་མཁའི་ཞལ་སྔ་ནས་ལ་སོགས་པ་མཆོད་གནས་སུ་མཛད་ཅིང་། དཀོན་མཆོག་གསུམ་ལ་བཀུར་བསྟི་མཛད་དེ་བསྟན་འགྲོའི་ཕན་བདེ་གོང་ནས་གོང་དུ་སྤེལ་བ་དང་། གཞན་ཡང་རྒྱལ་པོ་གོང་མ་རྣམས་ཀྱི་རིང་ལ་མདོ་དབུས་གཙང་གསུམ་སྤྱི་དང་ཁྱད་པར་དུ་མདོ་ཁམས་ནས་མཁས་གྲུབ་ཀྱི་སྐྱེས་ཆེན་དམ་པ་དུ་མ་སྤྱན་དྲངས་ཏེ་རྒྱ་དང་ཧོར་གྱི་ཡུལ་གྲུ་ཆེན་པོ་རྣམས་སུ་མདོ་སྔགས་དང་ཐ་སྙད་རིག་གནས་ཀྱི་དམ་པའི་ཆོས་ཀྱིས་མཚོན་སངས་རྒྱས་ཀྱི་བསྟན་པ་ཉིན་མོ་ལྟར་གསལ་བར་མཛད་པའི་སྐུ་དྲིན་ལས་མདོ་ཁམས་སུ་རྒྱའི་ལོ་གསར་གཏོང་བའི་སྲོལ་ཇི་ལྟར་བྱུང་བའི་ཐད་ལ་བཞེད་པ་ཐ་དད་པ་དུ་མ་ཞིག་མཆིས་ཀྱང་། དེ་དག་ལ་ཁུངས་བཙུན་པའི་ལུང་གི་རྒྱབ་བརྟེན་ཞིག་མེད་པས། འདི་བདེན་ནོ་འདི་མི་བདེན་ནོ་ཞེས་ཁ་ཚོན་གཅོད་པའི་སྤོབས་པ་སྤུ་ཙམ་ཡང་མེད་དོ། །
འདིར་ཁོ་བོས་ཨ་མདོའི་ཡུལ་དུ་སྔར་བོད་ཀྱི་ལོ་གསར་གཏོང་བ་དང་ཕྱིས་རྒྱའི་ལོ་གསར་གཏོང་བའི་གནས་ཚུལ་མདོར་བསྡུས་ཙམ་ཞིག་བརྗོད་པ་འདི་ནི་ཀུན་ལ་བློ་གསལ་གཏོང་བྱེད་ཙམ་ཞིག་ཡིན་མོད། འོན་ཀྱང་ཨ་མདོའི་ཡུལ་དུ་བོད་ཀྱི་ལོ་གསར་གཏོང་བ་དེ་ཉིད་རིམ་བཞིན་ཉམས་པར་གྱུར་ནས་རྒྱའི་ལོ་གསར་གཏོང་བའི་སྲོལ་དུ་ཞུགས་པའི་རྒྱུ་མཚན་ཁུངས་ཐུབ་ཅིག་བརྗོད་མ་ཐུབ་པ་དང་། སྤྱི་ཚོགས། ཆབ་སྲིད་སོགས་ཀྱི་རྒྱུ་རྐྱེན་དམིགས་བསལ་ཅན་ཞིག་ཡོད་པར་གོར་མ་ཆག་སྙམ་དུ་སེམས། ཕྱིས་འབྱུང་ཤེས་ལྡན་རྣམས་ཀྱིས་དེའི་སྐོར་གྱི་ཁུངས་ཐུབ་ཀྱི་ངག་རྒྱུན་དང་ལུང་ཚད་མ་ཞིག་རྙེད་པའི་ཚེ། མདོ་ཁམས་སུ་བོད་ཀྱི་ལོ་གསར་གཏོང་བའི་སྲོལ་ཇི་ལྟར་ཉམས་པ་དང་རྒྱའི་ལོ་གསར་གཏོང་བའི་སྲོལ་ཇི་ལྟར་དར་ཚུལ་ཁ་གསལ་ཞིང་བརྒྱུད་རིམ་ལྡན་པ་ཞིག་བརྗོད་རྒྱུ་ནི་ཤིན་ཏུ་གལ་ཆེ་བ་ཞིག་ཏུ་མཐོང་ངོ་། །
རྩོམ་ཁུངས། བོད་ཀྱི་དམངས་སྲོལ་རིག་གནས།(༡༧)«དུས་སྟོན་བཀྲ་ཤིས་ཁ་གཡང»
འབྲེལ་ཡོད་འོས་སྦྱོར།