logo

རྡོ་ཡི་སྙིང་པོ། རིན་ཆེན་གཡུ།

རྩོམ་པ་པོ།:ཕུར་སྲུང་སྐྱབས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2023-01-05 ཀློག་གྲངས།:
       བོད་ལ་གཏེར་ཁའི་རིགས་མང་པོ་ཡོད་པ་ནི་བོད་ཀྱི་མཁས་པ་ཀརྨ་ཆགས་མེད་དང་ཀརྨ་པ་རང་བྱུང་རྡོ་རྗེ། ཀུན་མཁྱེན་འཇིགས་མེད་གླིང་པ་སོགས་ཀྱིས་མཛད་པའི་རིན་པོ་ཆེ་བརྟག་ཐབས་ཀྱི་གཞུང་མང་བོ་ཡོད་པ་ལས་ཤེས་ཐུབ། རིན་པོ་ཆེའི་རིགས་ལ། གསེར་དང་དངུལ། ཟངས། ལྕགས། ལི། ཛི་ཀྴིམ། ར་གན། མཁར་བ། གཡུ། བྱུ་རུ། མུ་ཏིག སྤོས་ཤེལ། པདྨ་ར་ཀ དུང་། སྦུབ། སིལ་སྙན། དྲིལ་བུ། དཀར་ཡོལ། གོས་ཆེན་གྱི་རིགས་སོགས་ལ་བརྟག་ཅིང་དཔྱད་ཚུལ་ཡོད་ཅིང་། གཟི་དང་། ཕྲ་མེན། ཁྱུང་སྐྱུག ནལ་ལ་སོགས་པ་མི་བཞུ་བའི་ཁམས་ཀྱི་རིན་པོ་ཆེ་དང་། གསེར་དང་། དངུལ། ཟངས། ལྕགས་ལ་སོགས་བཞུ་བའི་ཁམས་ཀྱི་རིན་པོ་ཆེའི་རིགས་སོགས་གཏེར་ཁ་ཆེ་ཕྲ་དཔག་ཏུ་མེད་པ་ཐོན་བཞིན་ཡོད།
       རིན་ཆེན་གཡུ་ནི་བོད་ཡུལ་དུ་དར་སྔ་བའི་ལོ་རྒྱུས་བཤད་ཚུལ་ཡོད་ལ། དེ་ལ་ད་ལྟའི་བར་དུ་ལོ་ངོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་ལྡན་ཟེར། རྡོ་ཆས་གསར་མའི་དུས་སྐབས་ནས་མིའི་རིགས་ཀྱིས་གཡུ་ནི་རྒྱན་ཆའི་ཕྱོགས་སུ་བེད་སྤྱོད་བྱེད་བཞིན་པ་དེང་གི་གནའ་རྫས་ཞིབ་འཇུག་ལས་ར་སྤྲོད་བྱུང་ཡོད། རིམ་གྱིས་སྤྱི་ཚོགས་འཚོ་བའི་འཕེལ་འགྲོས་དང་བསྟུན་ནས་རིན་ཆེན་གཡུ་ཡིས་རིན་ཐང་ཆེན་པོར་ཆགས་པ་དང་། གཡུ་ནི་བོད་མིའི་འཚོ་བའི་ཁྲོད་རིན་པོ་ཆེ་རྩ་ཆེན་ཞིག་ཏུ་ངོས་འཛིན་བྱེད་པ་ཡིན། གཡུའི་རིག་གནས་དེ་བོད་མིའི་འཚོ་བའི་རིག་གནས་ཁྲོད་འདྲེས་ནས་གནས་ཡོད་པ་ཆོས་འབྱུང་ལོ་རྒྱུས་དང་། སྨན་གཞུང་། དམངས་ཁྲོད་རིག་གནས་སོགས་ལ་བལྟས་ན་ཤེས་ཐུབ།
གཅིག གཡུ་ཞེས་པའི་མིང་གི་འགྲེལ་ཚུལ།
       གཡུ་ཞེས་པར་ཚིག་མཛོད་དག་ལས་འགྲེལ་ཚུལ་མི་འདྲ་བ་ཡོད་དེ། སྨོན་ལམ་ཚིག་མཛོད་ལས“རང་བྱུང་གི་རྡོ་རིགས་ལས་འབྱུང་བའི་རིན་པོ་ཆེའི་རིགས་རྒྱན་ཆ་བྱེད་ཆོག་པ་ཞིག་སྟེ། གཏེར་རྫས་རིག་པའི་ཐོག་གཡུ་ནི་མུ་ཟི་དང༌། ཟངས་རྡོའི་གཡའ་དྲེག་ལ་ཆགས་པའི་དངོས་པོ་ཡིན་པར་བཤད།” དག་ཡིག་གསར་བསྒྲིགས་ལས“གཏེར་ཁ་ནས་ཐོན་པའི་རིན་པོ་ཆེ་མདོག་ལྗང་གུ་དང་དབྱིབས་སྣ་ཚོགས་ཡོད་པ། རྡོ་ལྟར་སྲ་བ། རྒྱན་ཆ་བྱེད་ཆོག་པ་ཞིག་ཡིན”ཅེས་པ་ལྟ་བུའོ། །
གཉིས། རིན་ཆེན་གཡུ་བོད་ཡུལ་ནས་འབྱུང་བར་བསྟན་པ།
       གཡུ་ཡི་འབྱུང་ཁུངས་ལ་དཔྱད་གཞིའི་ཡིག་ཆ་ཁག་དང་། ཚན་རིག་མཁན་གྱིས་བརྟག་དཔྱད་ཀྱི་འབྲས་བུ་ལས། “གཡུ་ཞེས་པ་ནི་རྡོ་དང་མཚོ་ལས་བྱུང་བར་གསུངས།” ཀློང་རྡོལ་ངག་དབང་བློ་བཟང་གིས་མཛད་པའི«རིན་པོ་ཆེ་བརྟགས་ཐབ་མདོར་བསྡུས་ཉུང་གསལ»ལས་ཀྱང“དྲུག་དཀར་དྲུག་དམར་འབྱུང་ཁུངས་གངས་ཅན་བོད་ཀྱི་བྲག་མ་གཏོགས། འཛམ་གླིང་ཡུལ་གྲུ་ཀུན་ལས་མི་འབྱུང་བཤད། འབྲིང་དང་ངན་པ་ཡུལ་གྲུ་ཀུན་ནས་ཐོན”ཞེས་མཆོག་ཏུ་གྱུར་བའི་གཡུ་དྲུག་དཀར་དང་དྲུག་དམར་གཉིས་ཀྱང་གངས་ཅན་བོད་ཀྱི་རྡོའམ་རི་བྲག་ལས་འབྱུང་བར་བསྟན། བོད་ལ་གཡུའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་མེད་ཀྱང་གཡུ་ཡི་རྩ་བའི་འབྱུང་ཁུངས་ནི་མཚོ་དང་བྲག་རི་འགངས་ཆེ་བ་གཉིས་ཀ་ཡིན་པ་གོང་གི་ལུང་ཁུངས་ལས་གསལ་བོར་ཤེས་ཐུབ།
       མཁས་དབང་དཔལ་འབྱོར་བཟང་པོས་མཛད་པའི«རྒྱ་བོད་ཡིག་ཚང་ཆེན་མོ»ལས། “བོད་རྒྱལ་དེས། རྒྱ་དང་། གྲུ་གུ་བཏུལ། ཉང་སྦལ་སྣོན་དང་གསུམ་མངའ་འོག་ཏུ་བསྡུས། གྲུ་གུའི་གཡུ་རྙིང་། དྲེལ་རྒྱབ་བཅོ་བརྒྱད། བོད་དུ་སླེབས་པ་དེ་དུས་ཡིན་ཟེར་བར་འདུག་ཅེས་ཡབ་གནམ་རུ་སྲོང་བཙན་གྱི་སྐུ་དུས་སུ་བྱང་ཕྱོགས་གྲུ་གུའི་ཡུལ་ནས་གཡུའི་རིགས་བོད་དུ་དྲངས་བའི་ལོ་རྒྱུས་གསལ་བོར་འཁོད་ཡོད་ནའང་གང་ཟག་སུ་ཞིག་གིས་དྲངས་པ་སོགས་བྱེ་བྲག་གི་གནས་ཚུལ་གང་ཡང་མི་གསལ།” ཡིན་ནའང་སྟབས་ཡག་པ་ཞིག་ལ་ལྔ་པ་ཆེན་མོ་ངག་དབང་བློ་བཟང་རྒྱ་མཚོས་(༡༦༡༧ནས༡༦༨༢)མཛད་པའི་རང་རྣམ་དུ། “སྒེར་རལ་ས་འཛིན་གྱིས་གྲུ་གུའི་ཡུལ་ནས་གཡུ་རྫིང་བདུན་དྲངས་པར་གྲགས་ཤིང་བོད་ཀྱི་ཆོས་རྒྱལ་མེས་དབོན་གྱི་དུས་སུ་གཡུའི་རྣ་རྒྱན་དང་བླ་གཡུ་སོགས་རིན་པོ་ཆེའི་ཅི་རིགས་སྤྲོས་སྲོལ་ཡོད་འདུག”ཅེས་གསལ་ཡོད།
       གཡུ་ཡི་ཐོན་ཁུངས་ཀྱི་ཡུལ་གཙོ་བོ་དག་ནི་བོད་དང་ཏ་ཟིག རྒྱ་དཀར་ནག ཨབ་གྷ་ནི་སི་ཐན། རང་རྒྱལ་གྱི་ཤིན་ཅང་། ཨ་མེ་རི་ཀ་སོགས་ཡིན། དེ་དག་ནས་ཐོན་པའི་གཡུ་ལ་སྤུས་ཀ་དང་མདོག། བྱེད་ནུས་མི་འདྲ་བའི་ཁྱད་ཆོས་ལྡན།
གསུམ། བོད་གཡུའི་རིགས།
       གཡུ་ནི་རིན་པོ་ཆེ་རིགས་ཀྱི་རྡོ་ཞིག་སྟེ་མིང་གཞན་ལ་བཻ་རཱ་ཛ། རིན་པོ་ཆེའི་རྒྱལ་པོ། རྡོའི་རྒྱལ་པོ། བསྨཾ་གི། མ་ཡཱུ་རཾ་གི། ཀ་གྷཾ་གི། བྷྲུཾ་གི།  དྲུག་དཀར། དྲུག་དམར། གཡུ་སྤྱང་། གཡུ་སྔོན། བར་དམར། ཀྱུ་མ། གཡུ་བའུ། གཡུ་རོ། དྲུག་སེ་སོགས་སུ་བརྗོད་ཅིང་། དེ་ལ་རིགས་ཀྱི་དབྱེ་ཚུལ་གཙོ་བོ་གསུམ་དུ་ཡོད་པ་འདི་ལྟ་སྟེ། བོད་གཡུ་དང་བལ་གཡུ། རྒྱ་གཡུ་ཞེས་རིགས་གསུམ་ཕྱེ་ཡོད། ཀློང་རྡོལ་ངག་དབང་བློ་བཟང་གིས་མཛད་པའི«རིན་པོ་ཆེ་བརྟགས་ཐབས་མདོར་བསྡུས་ཉུང་གསལ»ལས“གཡུ་སྤྱང་དྲུག་དཀར་དྲུག་དམར་བར་གཡུ་དང་། །མཆིན་ཁ་ལ་སོགས་གཡུ་ལ་གཏོགས་ཙམ་ལྔ། །”ཞེས་རིགས་ལྔ་ཕྱེ་ཡོད།
བཞི། གཡུའི་རིན་ཐང་དང་མཚོན་དོན།
       བོད་ཀྱི་ལོ་རྒྱུས་ལས་གདོད་མའི་དུས་སུ་དང་པོ་སྒྲོམ་འབུ་སྒོར་མོ་བྱས། བར་དུ་མངའ་མཛད་ཀྱི་དུས་སུ་རིན་ཆེན་གཟི་ཡིས་སྒོར་མོ་བྱས། ཕྱིས་སུ་གཡུ་སྒོར་མོ་བྱས་ཡོད་དེ། གཡུ་ཡི་རིན་ཐང་གི་ཐད་མི་ལའི་རྣམ་ཐར་ལས། “ཡུམ་བདག་མེད་མ་གནས་ཡུལ་འགྲིམ་སྐབས་ཡབ་ཡུམ་གཉིས་ཀྱིས་གཡུ་རྡོག་པོ་གཅིག་གསང་སྟབས་ཀྱིས་མི་ཚེའི་འཚོ་རྟེན་དུ་གནང་བ་དང་། དགེ་བཤེས་རྩེག་ཕུ་བས་མི་ལ་རས་པ་དཀྲོང་གླ་གཡུ་ཞིག་ཁས་ལེན་བྱས་པ་ལྟ་བུས་མཚོན།” གནའ་མིའི་བོད་ཀྱི་གཏམ་དཔེ་ལའང་། “གཡུ་དྲུག་དཀར་གྱིས་ཕ་ས་མི་སྟོང་ཞེས་རིན་པོ་ཆེ་གཡུའི་གོང་ཚད་གཞལ་དུ་མེད་པར་”བསྟན་པ་སོགས་ལས་ཤེས་ཐུབ།
       དཔའ་བོ་གཙུག་ལག་ཕྲེང་བའི«ཆོས་འབྱུང་མཁས་པའི་དགའ་སྟོན»ལས“གཡུས་བཟོས་པའི་བྱང་བུའི་ཐོག་གོ་གནས་སོགས་བཀོད་པའི་ཡི་གེ་གཡུའི་ཡིག་ཚང་ལ་རབ་གསེར་གཡུ་གཉིས། འབྲིང་དངུལ་དང་ཕྲ་མེན། ཐ་མ་ཟངས་ཡིག་དང་ལྕགས་ཡིག་སྟེ་དྲུག་པོ་རེ་རེ་ལ་ཆེ་ཆུང་གཉིས་ཕྱེ་བས་བཅུ་གཉིས་ཡོད། དགུང་བློན་ཆེན་པོ་ལ་གཡུ་ཡིག་ཆེན་པོ་གནང༌བ་དང་། དགུང་བློན་འབྲིང་དང་ནང་བློན་ཆེན་པོ་ལ་གཡུ་ཡིག་ཆུང་ངུ༌། བཀའ་བློན་ཐ་ཆུང་དང་བཀའ་ཡོ་གལ་འཆོས་པ་ཆེན་པོ་གསུམ་ལ་གསེརཡིག་ཆེན་པོ། ནང་བློན་ཐ་ཆུང་དང་བཀའ་བློན་འབྲིང་ལ་གསེར་ཡིག་ཆུང་ངུ༌། བཀའ་བློན་ཐ་ཆུང་ལ་ཕྲ་མེན་གྱི་ཡི་གེ་གནང༌། གཞན་ཡང་ཆོས་གྲྭའི་སློབ་དཔོན་དང༌། སྐུའི་སྔགས་མཁན། སྟོད་སྨད་ཀྱི་དབང་བློན་རྣམས་ལ་དངུལ་གྱི་ཡི་གེ་ཆེན་པོ་བྱིན། སྐུ་འཚོ་བའི་བོན་པོ། གཟིམ་མལ་བརྩིགས་ཁབ། བྱང་ཐང་གི་ས་མཁན། མཐའི་སོ་ཁ་སྲུང་བ་དང་སྐུ་མཁར་གྱི་རྩེ་སྲུང་སོགས་ལ་དངུལ་ཡིག་ཆུང་བ། ཡབ་འབངས་རུས་དྲུག་སོགས་ལ་མཁར་བའི་ཡི་གེ། སྟོང་དཔོན་རུ་དཔོན་སོགས་ལ་ཟངས་ཡིག། གཡུལ་དུ་དཔའ་བ་ལ་ལྕགས་ཡིག། ཡང་ཐ་ཤིང་སྐྱ་ཆུ་རུས་ཀྱི་ཡི་གེ་ནི་འབངས་ཕལ་པ་རྣམས་ལ་གནང་ཚུལ་སོགས་ཀྱི་ལོ་རྒྱུས་ཡོད།” མཁས་དབང་མཁར་རྨེའུ་བསམ་གཏན་མཆོག་གིས་བརྩམས་པའི«མདའ་དང་འཕང»ལས“བོད་ཀྱི་རིག་གནས་ནང་དུ་རྡོ་ཆུང་ཆུང་ཞིག་གིས་གནའ་རབས་བཙན་པོའི་དུས་ནས་དེང་དུས་ཀྱི་བར་དུ་གལ་ཆེའི་གནས་བབ་བཟུང་ཡོད། དེ་ནི་གཡུ་ཞེས་པའི་དངོས་པོ་དེའོ། །” འདི་ལས་ཀྱང་ང་ཚོས་ཤེས་ཐུབ་པ་ནི་རིན་ཆེན་གཡུ་ནི་བོད་མིའི་འཚོ་བའི་ཁྲོད་དུ་གོ་གནས་གལ་ཆེན་ཞིག་བཟུང་ཡོད་པ་མ་ཟད། བཙན་པོའི་སྐབས་སུའང་བེད་སྤྱོད་རྒྱ་ཆེར་བྱེད་བཞིན་པ་ཤེས་ཐུབ།
       དུས་རབས་བཅུ་བཞི་པའི་ནང་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོས་ཡུམ་བདག་མེད་མའི་བླ་གཡུ་བྱིན་ཁ་ཚ་བ་དེ་གཙུག་ལག་ཁང་གི་ཇོ་བོའི་ཅོད་པན་དཀྱིལ་དུ་ཕྲ་ཚོམ་ལ་འབུལ་ཡོད། ལྔ་པ་ཆེན་མོ་ངག་དབང་བློ་བཟང་རྒྱ་མཚོས(༡༦༡༧ནས་༡༦༨༢)མཛད་པའི་རང་རྣམ་དུ། “ཧོར་ཟླ་གཉིས་པའི་ཚེས་གཅིག་ལ་བཟོ་ཐབས་བཙུགས་ཏེ་ཇོ་ཤཱཀྱ་ཡིད་བཞིན་གྱི་ནོར་བུར་གསེར་ཞོ་དྲུག་ཅུ་རེ་བརྒྱད། གཡུ་བརྒྱ་དང་བཞི་བཅུ། ཕུབ་སྒོར་གསུམ་རྣམས་ཀྱི་ཞལ་འདེབས་ཐེ་བའི་གསེར་ཞོ་སྟོང་བརྒྱད་བརྒྱ་དོན་གཉིས། ཕུབ་སྒོར་བཅུ་བདུན། ཨ་ཙར་སྦ་རིལ་གཅིག། སོག་རྣ་སོག་སྒོར་གཅིག། ཕྲོམ་རྫར་གཅིག། གསེར་སྤྱི་གཅིག། གཡུ་རིལ་གཅིག། ཕུད་ཀྱུ་བཅུ་བཞི། གཙུག་གཡུ་རྡོག་ཁམ་རློན་ཕྱེད་གཤགས་ཙམ་ནས་གཡུ་སྤྱང་ཁམ་སྐམ་ཙམ་འདྲེས་པ་ལྔ་བཅུ་ང་ལྔ། གྲི་ཆུང་མགོ་ཤུབས་ཀྱི་གཡུ་ཕྲ་སྤུས་ལེགས་པད་འདབ་བཞི་ལྡང་བ། མུ་ཏིག་ཆེ་བ་བྱུར་ཀོང་ནས་ཆུང་བ་རྒྱ་སྲན་ཙམ་གྱི་བར་ལྔ་བརྒྱ་ཉེར་བདུན། དངུལ་སྲང་ཞེ་གཅིག་སྐོར་ལས་བསྐྲུན་པའི་དབུ་རྒྱན་གྲོང་གསར་བ་པདྨ་རབ་བརྟན་གྱིས་བཟོ་བཀོད་དང་འཕྱོང་རྒྱས་རབ་འབྱམས་པ་ཀུན་དགའ་བསྟན་འཛིན་གྱིས་དོ་དམ་བྱས་ཏེ་ལྕགས་གླང་ཟླ་བ་བདུན་པའི་ཚེས་ལྔ་ལ་ལེགས་པར་གྲུབ་ནས་དབུ་རྒྱན་དང་སྙན་རྒྱན་གཡས་གཡོན་ལ་འདྲི་རྒྱུར་ཚིགས་བཅབ་ལྷུག་བརྩམས་པ་གཟོང་བརྐོས་བརྒྱབ་སྟེ་ཕུལ། དགེ་བ་བསྔོ་བའི་སྨོན་ལམ་བྲིས་པ་རྒྱུད་སྟོད་པ་དཔོན་སློབ་ཀྱིས་ཞལ་འདོན་དུ་མཛད་ནས་སྨོན་ལམ་གྱིས་མཚམས་སྦྱར། དེ་ལའང་རྒྱལ་བ་ཙོང་ཁ་པ་ཆེན་པོས་ཕུལ་བའི་དབུ་རྒྱན་རྙིང་པ་བརྟན་བཞུགས་ཀྱི་རྟེན་འབྲེལ་ཁྱད་ཀྱིས་བསྒྱར་བཀོད་མ་བྱས་པར་དབྱར་ཆུ་ཉེན་གྱི་རིང་སྒྲོན། དགུན་དཔྱིད་མི་ཚོགས་ཆེ་སྐབས་རྒྱུ་དང་བཟོ་བཀོད་ཚང་མ་ལེགས་ཁུལ་ནས་གསར་པ་འདི་སྒྲོན་པའི་བཀོད་པ་བྱས་”ཞེས་པ་ལས་ཀྱང་ལྷ་སྐུ་རྣམས་ཀྱི་སྐུའི་ཐོག་ཏུའང་རིན་ཆེན་གཡུ་གཙོ་བོར་བཀོལ་བཞིན་པ་པ་ཤེས་ཐུབ།
“དེ་དུས་སྡེ་བ་རིན་སྤུངས་པས་བཙན་པོའི་དུས་ཀྱིས་རྒྱན་གོས་ཞིག་གསོལ་བ་དང་རྗེས་དྲན་གྱིས་ཚུལ་དུ་རིན་ཆེན་རྒྱན་ཆ་སྤྲས་པའི་སྲོལ་བཙུགས་ཡོད་ཅིང་། རྒྱན་ཆ་དེའི་ནང་རིན་ཆེན་གཡུ་རྡོ་འདི་ཆེས་མང་བ་སྤྱད་ཡོད། དབུ་ལ་གཙུག་གཡུ་དང་། རྣ་ཅོག་ལ་རྣ་གཡུ། གཡུ་ཡི་ནོར་བུ་མེ་འབར། རྣ་བརྐྱངས་ཞེས་པ་བོད་གཡུ་ལེབ་མོ་འཕྲེང་བསྒྲིགས་རིང་བ། སྤ་ཕྲུག་ཟུར་གསུམ་ལ་གཙུག་གཡུ་རིན་པོ་ཆེ་གཙོས་གཡུ་ཆེ་ཆུང་ཅི་མང་བཙུགས་ཡོད་པ་”འདི་དག་གིས་ཀྱང་བོད་མིས་གཡུ་ལ་ངོས་འཛིན་བྱེད་སྟངས་དང་གཡུ་ཡི་རིན་ཐང་དེ་མཚོན་པ་ཡིན།
       གཤམ་དུ་དཔྱད་གཞིའི་ཡིག་ཆ་ཁག་ལས་རིན་ཆེན་གཡུའི་མཚོན་དོན་ཁག་ལྔ་ལ་དབྱེ་ནས་བརྗོད་ན། གཅིག རྟག་བརྟན་འགྱུར་མེད་ཀྱི་རང་བཞིན། གཉིས། དཔའ་མཛངས་རྟུལ་ཕོད་ཀྱི་ཡོན་ཏན། གསུམ། མཛེས་བྱེད་ལུས་ཀྱི་རྒྱན་ཆ། བཞི། འགྱུར་མེད་རྟག་བརྟན་གྱི་བརྩེ་དུང་། ལྔ། མིའི་ལུས་ལ་གནས་པའི་བླ་བཅས་མཚོན་པ་ཡིན་ནོ། །
༡ རྟག་བརྟན་འགྱུར་མེད་ཀྱི་རང་བཞིན་མཚོན་པ།
       གཡུ་ནི་བོད་མིའི་ཚེ་སྲོག་དང་རྒྱུ་ནོར། མཛའ་མཐུན་བཅས་མི་འགྱུར་རྟག་བརྟན་ཡོང་བའི་རྟེན་འབྲེལ་བཟང་པོའི་མཚོན་བྱེད་དུ་ངེས། ཁ་ཆེ་གཡུ་རྫོང་ལས་“མི་ནོར་རིམ་པར་ཕྱེ་བའི་ནང་། །མི་འགྱུར་རིན་ཆེན་གཡུ་ཡིས་གང་། །ཞེས་དང་། རིན་ཆེན་གཡུ་འགྱེད་བྱས་པའི་དགེས། །འཛམ་གླིང་བོད་ཀྱི་ས་ཆ་ལ། །མ་རྒྱུ་གཡུ་ལས་བཟང་བ་ཤོག །”ཞེས་པ་ལས་རིན་ཆེན་གཡུ་ཡིས་རྟག་བརྟན་མི་འགྱུར་ཀྱི་རང་བཞིན་མཚོན་ཐུབ་པ་གསལ་བོར་རྟོགས་ཐུབ།
༢ དཔའ་མཛངས་རྟུལ་ཕོད་ཀྱི་ཡོན་ཏན་མཚོན་པ།

       དཔའ་མཛངས་དང་ཡ་རབས་ཀྱི་ངང་ཚུལ་ལ་དཔའ་རྟགས་དང་མ་རབས་ལ་སྡར་མའི་མིང་རྟགས་འདོགས་ཚུལ་ནི་འགྲོ་བ་མིའི་རིགས་སྤྱིའི་ཐུན་མོང་གི་ཁྱད་ཆོས་ཡིན། འོན་ཀྱང་མིི་རིགས་སོ་སོའི་རིག་གནས་ཀྱི་རྒྱབ་ལྗོངས་དང་མཛེས་དཔྱོད་ཀྱི་ལྟ་བ། རིན་ཐང་གི་ལྟ་བ་མི་འདྲ་བའི་རྐྱེན་གྱིས་དེའི་མཚོན་བྱེད་ཀྱང་མི་འདྲ། དེའང་སྡར་མའི་ངང་ཚུལ་ཝ་ལྤགས་ཀྱི་མཚོན་ལ་དཔའ་མཛངས་ཀྱི་ཡོན་ཏན་གཡུ་ཡིས་གཙོ་བོར་མཚོན། «ཐང་ཡིག་གསར་རྙིང»ལས། “དམག་ཏུ་ཤི་བ་མཆོག་ཏུ་བརྩི། ནད་ཀྱིས་ཤི་བ་དམན་པར་བརྩི། ཁྱིམ་གཅིག་ནས་མི་མང་པི་དམག་ཏུ་ཤི་ན་ཁྱིམ་ཚང་དགའ་མོར་བརྩི། སྡར་མའི་མགོ་ལ་ཝ་ཡི་གཞུ་གུ་བཏགས་ཏེ་མང་མའི་མདུན་ནས་དམོད་འདེབས་ཤིང་དེ་ནི་ངོ་ཚ་བ་ཞིག་ཏུ་བྱེད་ཅིང་། མིའི་གྲས་སུའང་མི་འཇོག་ལག་པ་ས་ལ་བཙུགས་ཏེ་ཁྱིའི་ལད་མོ་བྱས་ཏེ་གུས་ཕྱག་བྱེད”ཅེས་དང«དུང་དཀར་ཚིག་མཛོད་ཆེན་མོ»ལས“གཡུ་ཡིས་ཐོབ་དང་གོ་ས་ཡང་མཚོན་ཏེ། གཡུ་ལ་གཡུང་དྲུང་བརྐོས་པའི་བྱང་བུ་སྟེ། བཙན་པོའི་དུས་སྐབས་སུ་བྱ་དགའི་རྟགས་མར་གནང་བའི་བྱང་བུ་ལ་རིམ་པ་མཐོ་དམན་བདུན་ནི་གཡུ། གསེར། དངུལ། ཕྲ་མེན། ཟངས། ལྕགས་ཡོད་པའི་ནང་ནས་མཐོ་ཤོས་ནི་གཡུ་ཡི་བྱང་བུ་ཡིན་ཅིང༌། དེ་ནི་རྒྱལ་པོའི་བླ་མཆོད་དང༌། དགུང་བློན་ཆེན་པོ་ལ་མ་གཏོགས་གནང་སྲོལ་མེད་”ཅེས་པ་སོགས་ལས་ཀྱང་བོད་མིས་དཔའ་བོར་བཀུར་ཞིང་སྡར་མར་སྡང་བའི་མཛེས་དཔྱོད་ཀྱི་འདུ་ཤེས་གསལ་བོར་མངོན་ཐུབ།
       «ཐང་ཡིག་གསར་མ»ལས། “དཔོན་རྟགས་སུ། གཡུའི་ཡི་གེ་བླ་ན་མཐོ། གསེར་གྱི་ཡི་གེ་དེ་ལས་དམན། ཕྲ་མེན་དེ་ལས་ཀྱང་དམན། དངུལ་དེ་ལས་ཀྱང་དམན། ཐ་མ་ཟངས་སུ་བྱེད་ཅིང་ཆེ་ཆུང་དབྱེ། དེ་རྣམས་དཔུང་པར་བཏགས་ཏེ་མཐོ་དམན་འབྱེད”ཅེས་འཁོད་ཡོད་ལ། མཁས་དབང་ནམ་མཁའི་ནོར་བུའི«ཞང་བོད་ལོ་རྒྱུས་ཏི་སེའི་འོད»དུའང་། “གཡུང་དྲུང་བོན་གྱི་རྒྱུད་འབུམ་དུ་སུམ་པའི་བོན་པོ་སྤེ་ནག་གུ་ཡི་དགྲ་ལྷ་གསོལ། དགྲ་སྲི་གནན་ནས་ཧོར་ལ་རྒོལ་བས་ཧོར་གྱི་གསས་ཟན་དང་གཡུའི་སྨན་བཤོས་ཕུལ། ཞང་ཞུང་གི་བོན་པོ་གྱེར་ཆེན་བཙོ་འཕེན་གྱིས། གསེར་ལ་སྔགས་བསྔགས་ནས་བཙོ་འཕངས་པས། རྒྱ་ནག་རྒྱལ་ཁམས་ཐུལ། དེའི་ཆེ་དགེ་དང་ཡིག་རྩང་དུ་རྒྱལ་པོས་གཡུ་ཕྲུགས་གཅིག་ཕུལ།དབུ་ལ་དར་ཐོད་དཀར་པོ་བཅིངས”སོགས་པ་ལས་དཔའ་བོར་བཀུར་ཞིང་སྡང་མར་སྡང་བའི་མཛེས་དཔྱོད་ཀྱི་འདུ་ཤེས་མཚོན་ཐུབ་པ་མ་ཟད། བོད་མིའི་སྲིད་ཀྱི་བྱ་བར་མཁས་ཤིང་གཡུལ་ལ་དཔའ་བའི་སྐྱེས་མཆོག་ལ་དམིགས་བསལ་གྱི་མཐོང་ཆེན་དང་གོང་བཀུར་བྱེད་བཞིན་ཡོད་པ་རྟོགས་ཐུབ་ལ། གདོད་མའི་བོན་པོའི་ལུགས་ལ་ཡང་དཔའ་ཞིང་མཛངས་པའི་རྟགས་སུ་རིན་ཆེན་གཡུ་ཡི་ཆེ་བསྟོད་བྱེད་སྲོལ་ཡོད་པ་གསལ་བོར་ཤེས་ཐུབ།
༣ མཛེས་བྱེད་ལུས་ཀྱི་རྒྱན་ཆ་མཚོན་པ།
       གངས་ཅན་ཁ་བའི་ལྗོངས་ཀྱི་རྒྱན་ཆའི་རིགས་ལ་ཡུན་རིང་གི་ལོ་རྒྱུས་ལྡན་ཞིང་སྣ་མང་ཕུན་སུམ་ཚོགས་པ་དང་། དེས་བོད་རང་གི་ཐུན་མོང་མ་ཡིན་པའི་འཚོ་བ་དང་གོམས་སྲོལ། མཛེས་དཔྱོད་ཀྱི་ལྟ་བ། ཆོས་ལུགས་ཀྱི་འདུ་ཤེས་སོགས་མཚོན། དེ་ནི་འོད་སྟོང་ལྡན་ལ་ལོ་རྒྱུས་ཡུན་རིང་ལྡན་པའི་བོད་ཀྱི་རིག་གནས་ཁྲོད་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད། བོད་མིའི་རྒྱན་ཆ་ལ་གསེར། དངུལ། ཟངས། ལྕགས། ལི། གཡུ། བྱུ་རུ། མུ་ཏིག སྤོས་ཤེལ། པདྨ་རཱ་ག གཟི། ཕྲ་མེན། ཁྱུང་སྐྱུགས། ནལ། མརྒཏ་སོགས་ཡོད། དེའང་གྲུ་གུ་གོ་རྫོང་ལས། “ལྷ་བླ་མ་དགའ་བའི་ནོར་གསུམ་ཡོད། །རྟེན་དང་མཆོད་ཆ་མཎྡལ་ཡིན། །སྟག་ཤར་པ་དགའ་ལེ་འཁོར་གསུམ་ཡོད། །རྟ་དང་རལ་ཁྲི་ཁྲ་རིང་ཡིན། །སྨན་བུ་མོ་དགའ་བ་ནོར་གསུམ་ཡོད། །གཡུ་དང་བྱུ་རུ་སྤོས་ཤེལ་ཡིན། །”ཞེས་པ་ལས་ཀྱང་གཡུ་ནི་བུད་མེད་ལ་མཚོན་ན་མེད་དུ་མི་རུང་བའི་རྒྱན་ཆ་ཡིན་པ་ཤེས་ཐུབ། ལྔ་པ་ཆེན་མོ་ངག་དབང་བློ་བཟང་རྒྱ་མཚོས(༡༦༡༧ནས༡༦༨༢)མཛད་པའི་རང་རྣམ་དུའང“ཕོ་རྣ་གཡུ་ཅན་ལྷ་དགྲ་ལྷ་འཁོར”ཞེས་སོགས་ཀྱི་བཤད་ཚུལ་ཡོད་པ་ལྟ་བུ་ལས་ཀྱང་སྐྱེས་པ་ཕོ་རྣམས་ཀྱིས་ཀྱང་རྣ་ལོང་འདོགས་པའི་སྲོལ་ཡོད་པ་ཤེས་ཐུབ། དེའང་ང་ཚོ་མདོ་སྨད་གཅན་ཚའི་ཕྱོགས་ནས་ཀྱང་བུད་མེད་རྣམས་ཀྱི་རང་གི་སྐེ་རྒྱན་དང་རྣ་རྒྱན་ལ་གཡུ་འདོགས་པ་དང་། རྔ་ལེབ་ཀྱི་སྟེང་དུའང་གཡུ་འདོགས་པའི་སྲོལ་ཡོད། དེ་མ་ཟད་སྐྱེས་པའི་གའུ་དང་བུད་མེད་ཀྱི་གློ་ཟུང་གི་སྟེང་དུའང་གཡུའི་ཕྲ་རྒྱན་གྱི་རྒྱན་ནས་འདོགས་སྲོལ་ཡོད།
༤ མི་འགྱུར་རྟག་བརྟན་གྱི་བརྩེ་དུང་མཚོན་པ།
       མཁས་དབང་མཁར་རྨེའུ་བསམ་གཏན་མཆོག་གིས་བརྩམས་པའི«མདའ་དང་འཕང»གི་ནང་དུ“བོད་དུ་གཉེན་སྒྲིག་གི་ཆོ་ག་སྤེལ་སྐབས། མནའ་མ་དེས་མག་པར་བརྩེ་དུང་གི་མཚོན་བྱེད་ཡིན་ནི་ཞེས་གཡུ་ཞིག་སྤྲོད་ལ། མག་པས་མནའ་མར་བླ་གསེར་ཞེས་པའི་གསེར་རྡོག་ཅིག་ཀྱང་སྤྲོད་སྲོལ་ཡོད། དེ་བཞིན་ཡིག་ཆ་གཞན་ནང་དུ་མག་པས་མནའ་མར་གཙུག་གཡུའམ་ཐོད་གཡུ་ཞེས་པའི་གཡུ་ཞིག་སྤྲོད་ལ། གཡུ་དེ་ཉིད་མནའ་མས་རང་གི་ཐོད་པར་བརྒྱན་པ་དང་སྐྱེ་བོ་གཞན་པ་ཞིག་གིས་གཡུ་བཤད་ཅེས་པའི་བཤད་པ་རྒྱག་སྲོལ་ཡོད། གཙུག་གཡུ་ནི་གཅིག་ནས་བུད་མེད་ཀྱི་རྒྱན་ཆ་རྩ་ཆེན་ཞིག་ཡིན་ལ། གཉིས་ནས་རང་གི་དགའ་གྲོགས་སམ་ཟླ་བོར་བཅངས་པའི་མི་འགྱུར་བརྩེ་སེམས་ཀྱི་མཚོན་རྟགས་ཤིག་ཀྱང་ཡིན་ནོ་”ཞེས་བཤད་ཡོད།
༥ མིའི་ལུས་ལ་གནས་པའི་བླ་མཚོན་པ།
       རིན་ཆེན་གཡུ་ཡིས་ཅིའི་ཕྱིར་བླ་མཚོན་པར་བྱེད་པ་ཡིན་པར་ཤེས་དགོས་ན། བོད་ཀྱི་ཐུན་མོང་མིན་པའི་བླ་བསླུ་རིག་གནས་ཤེས་དགོས་ལ། དེ་ལ་མཆོག་གླིང་གི་རྣམ་ཐར་ཚོགས་ལས། བླ་ནི་ཚེ་སྲོག་རྟེན་ཡིན་ཕྱིར། །དེ་ཉིད་ཉམས་དང་ཡལ་བ་དང་། །གདོན་བགེགས་འབྱུང་བོས་འཕྲོག་པ་ན། །བསླུ་བའི་ཐབས་ནི་བརྩོན་པར་བྱ། །ཞེས་གསུངས། གང་ཟག་ཞིག་ལ་བླ་ཚེ་སྲོག་གསུམ་ཡོད་པ་ལས། བླ་ནི་གང་ཟག་གི་རྣམ་ཤེས་དང་འདྲ་ཡང་གང་ཟག་དེའི་རྣམ་ཤེས་མ་ཡིན།
       བོད་པ་རྒན་པོ་རྣམས་ཀྱིས་ཞེ་ཆགས་སའི་ཡུལ་དང་ཁ་འབྲལ་ཁར་ད་ང་འགྲོ་ནི་ཡིན་པས་ཁྱེད་ཚུར་ཤོག་ཅེས་འབོད་སྲོལ་ཡོད། དེ་ལྟར་མ་བོས་ན་བླ་འཁྱམས་ཉེན་ཡོད་པའི་བཤད་སྲོལ་ཡོད། གང་ཟག་གི་རྟེན་ལུས་ཡིན་པ་དང་། རྣམ་ཤེས་ཀྱི་རྟེན་ཚེ་སྲོག་ཡིན་ལ། ཚེ་སྲོག་གི་རྟེན་ནི་བླ་ཡིན། བླ་གནས་སའི་བླ་སྡོང་དང་བླ་རྡོ། བླ་རི། བླ་མཚོ་ལ་སོགས་པ་དད་རྟེན་དུའང་བརྩི་བར་མ་ཟད། དེ་དག་གནས་དམ་པར་འཛིན་ནས་ཕྱག་མཆོད་འབུལ་བའི་སྲོལ་ཡང་ཡོད།
       གསོ་རིག་གི་གཞུང་དུ་བླ་ཚེས་གྲངས་ལྟར་འཕོ་བར་འདོད། གཡུ་རྡོ་འདི་མིའི་རྣམ་ཤེས་དང་བླ་ལ་འབྲེལ་བ་ཡོད་པ་ཞིག་དང་། ཡང་ན་རྡོ་རང་ཉིད་ལ་བླ་གནས་པ་དང་ཐུན་མིན་གྱི་ནུས་པ་ཞིག་ཀྱང་ཡོད་པར་བཤད། གདོད་མའི་གཡུང་དྲུང་བོན་ལ་དེ་དང་བསྟུན་པའི་ཆོ་ག་རབ་དང་རིམ་པ་མང་པོ་ཞིག་ཡོད་ལ། ད་དུང་ཡང་བོད་མིའི་འཚོ་བའི་ནང་ནས་མཐོང་ཐུབ། བོན་ཆོས་པ་དག་གི་གཡུ་རྡོ་འདི་སྐྱེ་བོ་གང་རུང་གི་བླ་སྲོག་དང་ཐུན་མིན་གྱི་འབྲེལ་བ་དམ་ཟབ་ཡོད་པར་ངོས་འཛིན་བགྱིད་དེ་ཚེ་གང་པོ་ལུས་ཕུང་དང་འབྲལ་མེད་ཡིན།
       སྨོན་ལམ་ཚིག་མཛོད་ལས་“ལུས་ཀྱི་དབུས་ན་རྣམ་ཤེས་ཀྱི་རྟེན་རླུང་ཁམས་དྭངས་མའི་ཡི་གེ་གནསམཔ་དེ་སྲོག་དང་། དེ་གནས་པའི་ཡུན་གྱི་ཆ་ལ་ཚེ་ཞེས་བྱ་བ་དང་། དེ་སེམས་དང་འགྲོགས་ནས་འཕོ་བའི་ཆ་ནས་བླ་ཞེས་བཏགས་པ་ཡིན། ཡང་རྣམ་པར་ཤེས་པའི་རང་གཟུགས་སམ་ཚེ་སྲོག་གི་རྟེན་དུ་གྱུར་བའི་དྭངས་མའི་རླུང་དང་། ཐིག་ལེ་དང་། རྣམ་པར་ཤེས་པ་རྣམས་ལྷན་ཅིག་ཏུ་འགྲོགས་པའི་ཆ་དེ་ལ་བྱའོ། །” མཁས་དབང་མཁར་རྨེའུ་བསམ་གཏན་མཆོག་གིས་བརྩམས་པའི«མདའ་དང་འཕང»གི་ནང་དུ“གཡུ་དང་བླ་སྲོག་དབར་གྱི་འབྲེལ་བའི་སྐོར་ནི་གནའ་བོའི་ཡིག་ཆའི་ནང་དུ་འང་འཁོད་ཡོད་ལ། གཡུ་ཉིད་གས་ཆག་ཏུ་འགྲོ་བ་དང་རྒྱལ་བློན་ཤི་བའི་དབར་འབྲེལ་བ་བྱ་སྲོལ་ཡོད་པ་དཔེར་ན་རྗེ་ནི་གྲོངས་ཀྱིས་མྱེད། གཡུ་ནི་གྲུགས་ཀྱིས་མྱེད། དེ་ཡང་དོན་འགྲེལ་རགས་ཙམ་བྱས་ན། རྒྱལ་པོ་ནི་འདས་ནས་མེད་པར་གྱུར་ཟིན། གཡུ་ནི་གས་ཆག་ཏུ་གྱུར་ནས་མེད་པར་གྱུར་ཟིན”ཞེས་གཡུ་དང་བླ་སྲོག་དབར་གཅིག་ལ་གཅིག་བརྟེན་གྱི་འབྲེལ་བ་ཡོད་པ་མཚོན་པར་མ་ཟད་རིན་ཆེན་གཡུ་ནི་བླ་སྲོག་མི་འགྱུར་བའི་མཚོན་བྱེད་གལ་ཆེན་ཞིག་ཏུ་བརྩི་བ་ཡིན།
ལྔ། གཡུའི་ཕན་ནུས།
       ༡ བོད་ལུགས་གསོ་རིགས་ཁྲོད་ཀྱི་སྨན་ནུས།
       གཡུ་ནི་མི་བཞུ་བའི་ཁམས་ཀྱི་རིན་པོ་ཆེའི་སྨན་རིགས་ཀྱི་ཁོངས་སུ་བསྡུ་ཞིང་། ཞུ་རྗེས་ཁ་བ། རོ་བསྐ་བ། ནུས་པ་བསིལ་བ། ངོ་བོའི་ནུས་པས་མཆིན་ཚད་དང་། ཁྲག་མཁྲིས་བད་ཀན། ཕོ་བའི་ནད། དུག་ཚད། མིག་གི་ནད་སོགས་ལ་ཕན་པར་བྱེད། སྨན་ལ་གཡུ་སྤྱང་དང་། དྲུག་དཀར། དྲུག་དམར་གསུམ་མཆོག་ཏུ་ནུས་པ་ཆེའོ། གཡུ་ནི་རཏྣ་བསམ་འཕེལ་དང་། མང་སྦྱོར་རིལ་བུ། གཡུ་རྙིང་ཉེར་ལྔ། རིན་ཆེན་གྲང་སྦྱོར་སོགས་ལ་སྦྱོར་བ་ཡིན། «ཤེལ་གོང་ཤེལ་ཕྲེང»ལས། “དྲུག་དཀར་གྱིས་ནི་མཆིན་པའི་སྦྱར་དུག་དང་། །རྡོ་རྗེ་ཕ་ལམ་རྟ་བྱས་དུག་རྣམས་སེལ། །དྲུག་དམར་གྱིས་ནི་རིན་ཆེན་བཻཌཱུ་རྱ། །རྟ་བྱས་དུག་རིགས་རྣམས་ནི་འཇོམས་པར་བྱེད། །”ཅེས་གསལ་བ་ལས་རིན་ཆེན་གཡུ་ཡི་སྨན་ནུས་རྟོགས་ཐུབ་ལ། གཡུ་ནི་བོད་ལུགས་གསོ་རིགས་ཁྲོད་ཀྱི་མེད་དུ་མི་རུང་བའི་གྲུབ་ཆ་གཙོ་བོ་ཡིན་པ་རྟོགས་ཐུབ།
       ཧྥ་རན་སིའི་ཏུན་ཧོང་ཡིག་ཆ་ཨང་རྟགས༡༠༥༧པ་ལས། “མྱི་ཞིག་གིས་མཆྀན་པ་གྲུམ་ན་གཡུ་སྙིང་གྲི་རྩེ་གསུམ་བཏག་སྟེ་འཐུངས་ན་རྩི”ཞེས་བཀོད་པ་ལས་སྔོན་ཚེ་མཆིན་པའི་ནད་ལ་གཡུའི་རིགས་བཀོལ་བའི་གསོ་བྱེད་ཀྱི་རིག་པ་ཡོད་པར་དཔྱད་ནུས་པ་དང་། གཞན་ཡང་རྒྱལ་བློན་རྣམས་ཀྱི་བཞེས་རིགས་ཀྱི་སྟེང་ལ་གསེར་དང་གཡུ་བླུག་པའི་ཚུལ་ལ་གསེར་སྐྱེམས་དང་གཡུ་སྔོན་ཞེས་འབོད་དེ། “གསེར་སྐྱེམས་གཡུ་སྔོན་ལ་སོགས་པས་མཆོད་དེ”ཅེས་གསུངས་པ་འདི་ལས་གནའ་ནས་བཟུང་གཡུ་ནི་སྨན་དུ་བེད་སྤྱད་པ་ཤེས་ཐུབ།
       ༢ གཡུ་ལུས་ལ་བཏགས་པའི་ཕན་ཡོན།
       མཁས་དབང་མཁར་རྨེའུ་བསམ་གཏན་མཆོག་གིས་བརྩམས་པའི«མདའ་དང་འཕང»ལས“བོན་གྱི་ཆོ་གའི་སྐོར་གྱི་དཔེ་ཆ་ཞིག་གི་ནང་དུ། དེ་ནས་དབུ་ལ་ལ་ཐོད་བཅིངས། །ཁ་གསེར་ཁ་གཡུ་ཞལ་དུ་མུར། །གསེར་དང་གཡུ་ཡི་སྒྲོན་མེ་བཏེགས། །མདའ་དར་ཕྱར་ལ་འདི་སྐད་དོ། །ཞེས་བྱུང་བ་ལྟ་བུའོ། ཆོ་ག་དེ་དངོས་སུ་སྤེལ་སྐབས། ཆོ་ག་སྤེལ་མཁན་དེས་ཁ་གསེར་ཞེས་གསེར་རྡོག་རྡོག་ཅིག་ཁ་ནང་གི་གཡས་ངོས་སུ་འཇོག་པ་དང་། ཁ་གཡུ་ཞེས་གཡུ་ཆུང་ཆུང་ཞིག་ཁ་ནང་གི་གཡོན་ངོས་སུ་འཇོག་པ་ཡིན། འོན་ཀྱང་། ཆོ་ག་དེ་རིགས་ཀྱི་ནང་དོན་ནི་གསང་བ་ལྐོག་གྱུར་གྱི་གནད་དོན་དུ་ཟད་དོ་”ཞེས་པ་ལྟ་བུའི་གཡུ་དང་འབྲེལ་བའི་ཆོ་གའི་རིག་གནས་དང་། གཞན་ཡང་བོད་མི་རྣམས་སྔ་མོ་ནས་གཡུ་འདོགས་པར་དགའ་བ་དང་། གཡུ་འདོགས་པའི་སྲོལ་ཡང་དུས་སྔ་མོ་ནས་དར་ཡོད་པ་ཤེས་ཐུབ།
       བོད་མི་རྣམས་རྒྱུན་པར་གསེར་དངུལ་དང་། གཡུ་བྱུར་མུ་ཏིག་སོགས་ལུས་དང་སྐེ་ལ་འདོགས་པས་ཀྱང་མཛེས་ཆོས་ཁོ་ན་ཙམ་མ་ཡིན་པར་རྟེན་འབྲེལ་གྱི་ནུས་པ་དང་། སྨོན་ལམ་གྱི་ནུས་པ། ཁ་དོག་གི་ནུས་པ། འོད་ཀྱི་ནུས་པ་སོགས་པས་ནད་གདོན་སེལ་ཞིང་། སྲུང་བའི་ནུས་པ་དང་ལྡན་པ་སོགས་ལས་ང་ཚོ་བོད་མིའི་མཛེས་རྒྱན་རིན་ཆེན་གཡུ་ཡི་ཕན་ནུས་དག་གསལ་བོར་རྟོགས་ཐུབ།
       མདོར་བསྡུས་ན། རིན་ཆེན་གཡུ་ནི་བོད་ཀྱི་གནའ་བོའི་ལོ་རྒྱུས་སུ་ཆབ་སྲིད་དང་། དཔལ་འབྱོར། ཆོས་ལུགས། དམག་འཐབ་སོགས་སུ་མེད་དུ་མི་རུང་བའི་དངོས་པོ་རྩ་ཆེན་ཞིག་ཡིན་ལ། བོད་མིའི་སེམས་ཁོང་དུ་རིན་ཆེན་གཡུ་ནི་ངོ་མཚར་ཆེ་ཞིང་བཀྲ་ཤིས་རླུང་རྟ་འཕེལ་བ། འཚེ་བར་བྱེད་པའི་གདོན་འགེགས་ཐམས་ཅད་འགོག་ཅིང་རང་སྲོག་སྲུང་བའི་དངོས་པོ་རྩ་ཆེན་ཞིག་ལ་ངོས་འཛིན་བྱེད། དམངས་ཁྲོད་ཁ་དཔེར་ཡང“ཕོ་དགྲ་ལྷ་ཅན་ལ་གཡུ་དུད་འཁོར”ཞེས་པའི་བཤད་སྲོལ་ཡོད་པ་ལྟ་བུ། རིན་ཆེན་གཡུ་ནི་གདོན་དགེ་མཛེས་གསུམ་གྱི་མཚོན་རྟགས་ལྟ་བུར་གྱུར་ཡོད་པ་མ་ཟད། རྩ་ཤིན་ཏུ་ཆེ་བའི་རྡོའི་རིགས་ཀྱི་སྙིང་པོ་དང་རྒྱན་ཆའི་རིགས་ཤིག་ཡིན་ལ། དེ་ནི་མི་མངོན་པའི་ནོར་ལོངས་སྤྱོད་ཀྱི་བདག་ཉིད་ཅན་ཞིག་ཀྱང་ཡིན་པར་ངོས་འཛིན་བྱེད།

དཔྱད་གཞིའི་ཡིག་ཆ།
༡ «མདའ་དང་འཕང་།» མཁར་རྨེའུ་བསམ་གཏན།
༢ «རིན་པོ་ཆེ་བརྟགས་ཐབ་མདོར་བསྡུས་ཉུང་གསལ།» ཀློང་རྡོལ་ངག་དབང་བློ་བཟང་།
༣ «ཤེལ་གོང་ཤེལ་ཕྲེང་།» དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས།
༤ «དུང་དཀར་ཚིག་མཛོད་ཆེན་མོ།» དུང་དཀར་བློ་བཟང་འཕྲིན་ལས།
༥ «ཐང་ཡིག་གསར་རྙིང་ལས་བྱུང་བའི་བོད་ཆེན་པོའི་སྲིད་ལུགས།» དོན་གྲུབ་རྒྱལ་དང་ཁྲིན་ཆིན་དབྱིན་གཉིས་ཀྱིས་བསྒྱུར།
༦ «ཞང་བོད་ལོ་རྒྱུས་ཏི་སེའི་འོད།» ནམ་མཁའི་ནོར་བུ། 
༧ «ཆོས་འབྱུང་མཁས་པའི་དགའ་སྟོན།» དཔའ་བོ་གཙུག་ལག་ཕྲེང་བ།
༨ «བོད་གཡུའི་རིག་གནས།» བསོད་ནམས་བཀྲ་ཤིས།
༩ «རྒྱ་བོད་ཡིག་ཚང་ཆེན་མོ།» དཔལ་འབྱོར་བཟང་པོ།
༡༠ «རང་རྣམ་དུ་ཀཱུ་ལའི་གོས་བཟང་།» ལྔ་པ་ཆེན་མོ་བློ་བཟང་རྒྱ་མཚོ།
༡༡ «བོད་ཀྱི་གཡུ་བཤད་པ།» ཨ་སྐྱབས་རྒྱལ་སྲས་ནམ་མཁའ་ཀློང་ཡངས།
༡༢ གེ་སེར་སྒྲུང་ལས་གྲུ་གུ་གོ་རྫོང་། ༡༤ གེ་སར་སྒྲུང་ལས་ཁ་ཆེ་གཡུ་རྫོང་།
འབྲེལ་ཡོད་འོས་སྦྱོར།