བོད་ཀྱི་དགུ་ཐུག་གླེང་བ།
རྩོམ་པ་པོ།:སྟག་རིག་རྟ་མགྲིན་རྒྱལ།
ཡོང་ཁུངས།:མཚོ་སྔོན་ཁྲིམས་ལུགས་ཚགས་པར།
དུས་ཚོད།:2023-01-20
ཀློག་གྲངས།:
རང་རེའི་འཇིག་རྟེན་ན་ལོ་གསར་རྙིང་བརྗེས་མཚམས་ཀྱི་མཚན་མོར་རྟེན་འབྲེལ་མཚོན་པའི་ཟས་སྟོན་སྣ་ཚོགས་ཤིག་དར་ཡོད་པ་མཐོང་། ཀྲུང་གོའི་རྒྱ་རིགས་ལ“除夕”ཟེར་བའི་ཟས་སྟོན་ཡོད་ལ། ཡེ་ཤུའི་ཆོས་དད་པ་རྣམས་ལ“平安夜”བྱ་བ་དང་། སྤྱི་ལོ་ལ་རོལ་མཁན་རྣམས་ལ“跨年夜”ཟེར་བའི་ཟས་སྟོན་གྲགས་ཆེ། དེ་དག་ཐམས་ཅད་ཀྱིས་ལོ་རྙིང་བའི་ཉིན་མཐའ་མ་དང་། ལོ་གསར་རྙིང་བརྗེས་པའི་མཚན་མོ་ནི་དུས་ཁྱད་པར་ཅན་དུ་བསམ་ཡོད་སྟབས། མི་རིགས་སུ་ལའང་ལོ་མཇུག་གི་མཚན་མོ་ལ་ཁྱིམ་མི་ལྷན་འཛོམས་ཀྱིས་དགོང་ཟས་སྐྱིད་པོ་མཉམ་བཞེས་བྱེད་སྲོལ་དར་བས། མཚན་ཟས་འདི་ལ་གཞིས་བྱེས་ལྷན་འཛོམས་ཀྱི་ཟས་སྟོན་ཞེས་མངོན་པར་བརྗོད་འདུག བོད་ལའང་ཁྱིམ་མི་ལྷན་འཛོམས་དང་ལོ་གསར་རྙིང་བརྗེས་པའི་དགོང་ཟས་ཡོད་དེ། དེ་ནི་དགུ་ཐུག་ཅེས་བྱ་བར་འབོད་པ་དེའོ། །བོད་ཀྱི་དགུ་ཐུག་དང་རྒྱའི“除夕”དང་སྤྱི་ལོ་བ་རྣམས་ཀྱི“跨年夜”ཟེར་བ་ཀུན་ལོ་མཇུག་གི་ཉིན་མཐའ་མའི་ཟས་ཡིན་པ་འདྲ་ན་ཡང་། དུས་ཀྱི་ངོས་འཛིན་ཅུང་མི་གཅིག་པར་གདའ། “除夕”ཟེར་བ་རྒྱ་རྩིས་ལུགས་ཀྱི་ཟླ་བ་བཅུ་གཉིས་པའི་གནམ་གང་གི་དགོང་མོའམ། གནམ་གང་མེད་ན་ཚེས་ཉེར་དགུའི་དགོང་མོའི་ཟས་སྟོན་ལ་ཟེར་བ་དང་། “跨年夜”ཟེར་བ་སྤྱི་ལོའི་ཟླ་བ་བཅུ་གཉིས་པའི་ཚེས་སོ་གཅིག་གི་དགོང་མོའི་ཟས་སྟོན་ཡིན།
བོད་ཀྱི་དགུ་ཐུག་ནི་རྒྱ་རྩིས་བོད་རྩིས་ལུགས་གང་གིས་གནམ་ལོ་སར་བ་ཡིན་ཡང་། ཟླ་བཅུ་གཉིས་པའི་ཚེས་ཉེར་དགུའི་དགོང་མོའི་ཟས་སྟོན་དེ་ལ་དགུ་ཐུག་ཏུ་འབོད་པ་ལས། གནམ་གང་གི་ཟས་ལ་དགུ་ཐུག་ཏུ་མི་འབོད་ཅིང་།གནམ་གང་གི་དགོང་མོར་བོད་ཀྱིས་དེ་འདྲ་གཙིགས་འཛིན་བྱ་སྲོལ་ཡང་མེད་པ་འདྲ། དེའི་ཕྱིར། དགུ་ཐུག་ཅེས་པའི་མིང་ནི་ཚེས་ཉེར་དགུ་དང་ཟས་སྣ་དགུ་འཛོམས་པའི་ཡོན་ཏན་གཉིས་ལྡན་པ་སྟེ། ཚེས་གྲངས་དང་ཟས་སྣ་གཉིས་ཆ་ནས་བཏགས་པ་ཞིག་ཡིན་པའང་ཤེས་པར་བྱའོ། །དེ་ལྟར་བོད་ཀྱི་དགུ་ཐུག་ནི་རྒྱའི“除夕”དང་སྤྱི་ལོ་བའི“跨年夜”སོགས་དང་གཏན་ནས་མི་འདྲ་བར་བོད་རང་གི་ཁྱད་ཆོས་ལྡན་པའི་དུས་ཆེན་ཞིག་ཏུ་གྱུར་ཡོད། ཅི་ལྟར་ཚེས་ཉེར་དགུའི་མཚན་ཟས་གྱི་བཞེས་བྱ་ལ་བོད་འདིར་དེ་འདྲ་གཅིག་གྱུར་བྱུང་མེད་ན་ཡང་། ཟས་སྣ་དགུ་འཛོམས་པའི་ཟས་སྟོན་ལ་རོལ་བ་ཀུན་གྱི་ཐུན་མོང་བ་ཡིན་པས། དགུ་ཐུག་ནི་མདོ་དབུས་ཁམས་གསུམ་གྱི་བོད་ཁུལ་མང་ཆེ་བའི་ལོ་མཇུག་གི་ཟས་མིང་དུ་གྱུར་ཡོད་ལ། བོད་ཀྱི་དུས་ཆེན་ཐམས་ཅད་ཀྱི་ནང་ནས་རང་ལ་ཟས་མིང་ཡོད་པའང་དགུ་ཐུག་རེད་ཅེས་བཤད་ཆོག དེ་ཡང་བོད་ཀྱིས་ལོ་མཇུག་ཟླ་བའི་ཚེས་ཉེར་དགུ་ནི་ལོ་རྙིང་བ་མཇུག་སྒྲིལ་བའི་དུས་ལ་བརྩི་བས། ཉིན་དེ་ནི་ཧ་ཅང་གཙིགས་ཆེན་ཞིག་ཏུ་བྱེད་ཅིང་། ཉིན་དེའི་བྱ་བ་གལ་ཆེན་ལ་དགུ་ཐུག་བསྐོལ་བ་ལས་གཞན། སྔ་སོར་གཞུང་གིས་རྩེ་དགུ་གཏོར་དང་ཆོས་སྡེ་སོ་སོས་དགུ་ཟློག་བསྒྲུབས་ནས་འཇིག་རྟེན་ཞི་བདེ་ཡོང་བར་བརྩོན་པ་དང་། མང་ཚོགས་རྣམས་ལོ་གསར་བར་རྐྱེན་ངན་བར་ཆད་མི་འབྱུང་བའི་ཆེད་དགུ་ཟློག་ལ་མཇལ་དུ་འགྲོ་ཞིང་། ཁྱིམ་ཚང་གིས་ཉིན་དེར་བསྐང་གསོ་དང་སྲུང་འདོགས་སོགས་ཆོས་ཀྱི་ཆོ་ག་གཏོང་སྲོལ་ཡོད་ལ། དབུས་གཙང་ཕྱོགས་སུ་སྲོད་ལ་ལོ་རྙིང་བའི་མི་གཙང་བ་ཐམས་ཅད་ཁྱིམ་ནས་ཕྱི་ལ་བསྐྲོད་པའི་གླུད་རྫོང་བྱེད་པ་དང་། ཨ་མདོའི་ས་ཆར་རང་གི་དྲིན་ཆེ་བའི་མི་ལ་དགུ་ཐུག་གི་ཟས་སྐལ་སྟེར་ལུགས་ཡོད་པ་སོགས་ལོ་མཇུག་གི་ཚེས་ཉེར་དགུ་ནི་རིག་གནས་ཀྱི་རྫོང་མཐུག་པའི་བོད་པ་ཚང་གི་ཐུན་མོང་མ་ཡིན་པའི་ཉིན་མོ་ཞིག་ཡིན།
ལོ་མཇུག་གི་མཚན་ཟས་ལ་ལྷན་འཛོམས་ཅི་ཐབས་བྱེད་པ་ནི་རིག་གནས་ལོ་རྒྱུས་ཡུན་རིང་བའི་མི་རིགས་ཤིག་གི་སྒེར་ཆོས་སུ་མཐོང་། ནུབ་གླིང་པ་རྣམས་ཡེ་ཤེས་འཁྲུངས་སྐར་སྔོན་གྱི“བདེ་འཇགས་མཚན་མོ”ལ་གཞིས་བྱེས་ལྷན་དུ་མི་འཛོམས་པ་ཆེ་ཐན་ལྟས་སུ་ལྟ་བས། འདུག་ཁོམ་མེད་པར་ཕྱི་ཉིན་ཕྱིར་ཕེབས་དགོས་པ་བྱུང་ཡང་། ཞག་དེའི་ལྷན་འཛོམས་ཟས་སྟོན་ལ་ལམ་རིང་ཐུང་གང་རུང་ནས་དུས་ལྟར་ངེས་པར་ཕེབས་སྲོལ་ཡོད་པ་མཐོང་། རྒྱ་མི་རིགས་ཀྱང“རྙིང་དོར་མཚན་མོ”ལ་ལྷན་འཛོམས་བྱེད་པ་དེ་ལས་མི་ལྷག་ན་མི་དམན་པའི་ཚུལ་ནི། ལོ་སར་འགྲུལ་བཞུད་ཅེས་གྲགས་ཆེ་བའི་ལྷན་འཛོམས་ཆེན་མོའི་ཕྱིར་ལོག་གི་སྐབས་སུ། གནམ་ལ་འཕུར་དགུས་མི་འདང་བ་དང་། ས་ལ་རྒྱུགས་དགུར་མ་ཆུད་པར་ཐོག་ཉལ་འོག་ཉལ་བྱས་ཏེ་རང་ཡུལ་དུ་ལོ་སར་ལྷན་འཛོམས་བྱེད་པར་འགྲོ་བས་ཤེས་ཐུབ།
བོད་ཀྱི་དགུ་ཐུག་གི་ཁྱད་ཆོས་དེ་ཡང་ཟས་སྣ་དགུ་ཙམ་གྱི་ཟས་སྟོན་ལ་རོལ་རྒྱུ་ཙམ་མ་ཡིན་པར། གནས་དུས་གང་དུ་ཡོད་ཀྱང་རང་ཁྱིམ་དུ་ཕྱིར་ལོག་ཐབས་ཀྱིས། ཁྱིམ་མི་དང་མཉམ་འཛོམས་ཀྱིས་ལོ་མཇུག་གི་མཚན་ཟས་བཞེས་རྒྱུ་དེ་ནི་དགུ་ཐུག་གི་དོན་སྙིང་དུ་ངེས་པ་ཡིན་ཏེ། དགུ་ཐུག་གི་སྐབས་ལའང་ཁྱིམ་མིའི་ལྷན་འཛོམས་ལ་མ་སླེབས་ན། མི་དེ་ནི་འཇོག་མེད་མགོ་སྟོང་དུ་བརྩི་ས་སྟེ་མི་ཁ་འཁོར་བ་ལྟར་རོ། །དགུ་ཐུག་གི་ཁྱད་ཆོས་ཅིག་ཤོས་དེ་ནི་དགོང་ཟས་ལ་ཕྱེ་ཐུག་བསྐོལ་བ་དེ་ཡིན་ཞིང་། ཕྱེ་ཐུག་ལ་ཟས་སུ་བཀྲ་ཤིས་རྟགས་བརྒྱད་ཀྱི་གཟུགས་དབྱིབས་བཟོ་བའི་ཡོན་ཏན་ལྡན་པ་དང་། ད་དུང་ཕྱེ་བག་གི་ཁུག་ལ་རྟགས་རྟེན་འབྲེལ་མཚོན་པའི་དངོས་པོ་སྣ་ཚོགས་གཅུད་དེ། གཞིས་ཁྱིམ་དྲོན་མོར་བཟའ་མི་ལྷན་དུ་འཛོམས་པའི་དབུས་སུ། དེ་དག་སུའི་དཀར་ཡོལ་དུ་ཐོན་པའི་ཐོབ་འབྲས་ལ་བརྟགས་ཏེ། ཕན་ཚུན་བར་ཀུ་རེ་རྩེད་མཚར་དང་ཁ་གཡང་བཀྲ་ཤིས་བརྗོད་པའི་སྒོ་ནས། ཁྱིམ་མིའི་ཁྲོམ་པ་ལ་དགོད་ཁ་བསླངས་ཏེ་བཟའ་མི་རྣམས་དགའ་ཞིང་སྐྱིད་པ་དང་། ཁྱིམ་ཚང་བདེ་ཞིང་དགོད་སྒྲས་ཁེངས་ཏེ་ལོ་གསར་བ་དགའ་བས་བསུ་སྲོལ་ཡོད་པ་དེའོ། །
ད་ལྟ་སྣོད་བཅུད་གོ་ལ་ཅན་དུ་འགྲོ་བའི་གནས་སྣང་འོག སྟོབས་ལྡན་མི་རིགས་ཀྱི་དུས་ཆེན་རིག་གནས་རྣམས་རི་གཟར་རྦབ་ཆུ་བཞིན་ཟློག་མེད་དུ་འབབ་པའི་མདུན་དུ། མདོ་མེད་རྣམས་གཞན་གྱི་རིག་གནས་ལ་འགྲམ་ཆུ་ལྡང་ཞིང་། རང་གི་རིག་གནས་ལ་ཡིད་ཆེས་ཤོར་བར་གདའ་ལ། སྤྱིར་གཞན་གྱི་ཡ་རབས་རིག་གནས་ནང་འདྲེན་བྱེད་པ་ནི་རང་ཉིད་ཕུན་སུམ་ཚོགས་པའི་རྒྱུ་ཡིན་ཡང་། ས་ཡི་རྡོ་བླངས་ཏེ་རུམ་གྱི་བྲོ་ལྷུང་བར་བྱེད་པ་ནི་རང་ཉིད་ཕུང་བྱེད་ཡིན་པ་ཀུན་ལ་མཐུན་སྣང་དུ་གྲུབ་པ་བཞིན། ལོ་མཇུག་གི་ཟས་སྟོན་ཏེ་བོད་ཀྱི་དགུ་ཐུག་ཀྱང་ངང་ཚུལ་དེ་དང་འདྲ་བར་བོད་རིགས་མང་པོ་ཞིག་གིས་བརྗེད་པར་གྱུར་ཡོད་པ་མཐོང་སྟེ། དགུ་ཐུག་དམིགས་ཀྱིས་གླེང་བའི་གཏམ་འདི་འདྲ་སྤེལ་བའི་དགེ་བས། བོད་རིགས་རྣམས་ཀྱིས་རང་གི་དགུ་ཐུག་ལེགས་པོ་ཞིག་རོལ་བར་ཤོག་ཅིག་ཅེས་ཞུ་བ་དང་ཆབས་ཅིག ཀུན་ལ་ཆུ་ཡོས་ལོའི་ལོ་སར་བཀྲ་ཤིས་བདེ་ལེགས་ཡོང་བའི་འཚམས་འདྲི་སྔ་མོ་ནས་ཞུས་པའོ། །
སྤྱི་ལོ2023ལོའི་ཟླ1པོའི་ཚེས16ཉིན་བྲིས།
འབྲེལ་ཡོད་འོས་སྦྱོར།