མངོན་མིན་རིག་གནས་ཤུལ་བཞག་གི་སྙན་ཞུ་འབྲི་སྟངས་དང་འཆར་འགོད་སྐོར་གླེང་བ།
རྩོམ་པ་པོ།:སྙེ་གཞུང་ནོར་བཟང་།
ཡོང་ཁུངས།:བོད་ལྗོངས་སྒྱུ་རྩལ་ཞིབ་འཇུག»
དུས་ཚོད།:2023-01-31
ཀློག་གྲངས།:
མངོན་མིན་རིག་གནས་ཤུལ་བཞག་གི་སྙན་ཞུ་འབྲི་སྟངས་དང་འཆར་འགོད་སྐོར་གླེང་བ།
སྙེ་གཞུང་ནོར་བཟང་།
ནང་དོན་གནད་བསྡུས། རྩོམ་འདིའི་ནང་སྙན་ཞུ་ནི་མངོན་མིན་རིག་གནས་ཤུལ་བཞག་ཡིན་མིན་གཏན་འཁེལ་བྱེད་པའི་དཔྱད་བཤེར་གྱི་གཞི་འཛིན་ས་གཙོ་བོ་དང་། རིག་གནས་ཤུལ་བཞག་ཐོ་གཞུང་ནང་ཚུད་རྗེས་དེ་འབྲེལ་གྱི་གཞི་རྩའི་ལོ་རྒྱུས་ཡིག་ཚགས་ཡིན་པར་བརྟེན་སྙན་ཞུ་འབྲི་སྟངས་ཤེས་པ་བྱེད་དགོས་པ་མ་ཟད་སྙན་ཞུའི་ནང་དོན་བདེན་པ་དང་གནད་ལ་ཁེལ་པོ། དོན་བསྡུས་པོ། ཆ་ཚང་པོ་ཡོང་བ་བྱས་ནས་སྙན་ཞུའི་སྤུས་ཚད་ལེགས་པོ་ཡོང་རྒྱུར་ཤུགས་སྣོན་རྒྱག་དགོས་པའི་སྐོར་བསྟན་འདུག
བརྡ་ཆད་གཙོ་བོ། མངོན་མིན་རིག་གནས་ཤུལ་བཞག སྙན་ཞུ། འབྲི་སྟངས། འཆར་འགོད།
མངོན་མིན་རིག་གནས་ཤུལ་བཞག་གི་སྙན་ཞུ་ནི་རིག་གནས་ཤུལ་བཞག་གི་ཐུན་མོང་མ་ཡིན་པའི་ལོ་རྒྱུས་དང་ནང་དོན། ཁྱད་ཆོས། རིན་ཐང་། ཤུལ་བཞག་མངོན་མཚོན་བྱེད་སྟངས། དེ་འབྲེལ་རིག་གནས་བར་མཐོངས(文化空间)སོགས་ཇི་མ་ཇི་བཞིན་ངོ་སྤྲོད་བྱེད་པ་དང་དུས་མཚུངས་མིག་སྔར་ཤུལ་བཞག་གང་དེའི་སྐྱེ་སྟོབས་ཉམས་ཞན་གནས་སུ་ལྷུང་བའི་གནས་ཚུལ་གསལ་བཤད་བྱེད་པའི་སྙན་ཞུའི་རྩོམ་གྱི་རིགས་སུ་བརྩི་ཆོག སྙན་ཞུའི་ཡི་གེ་ནི་མངོན་མིན་རིག་གནས་ཤུལ་བཞག་ཡིན་མིན་གཏན་འཁེལ་བྱེད་པའི་དཔྱད་བཤེར་གྱི་གཞི་འཛིན་ས་གཙོ་བོ་ཡིན་ལ། སྙན་ཞུའི་མ་ཡིག་དེ་རིག་གནས་ཤུལ་བཞག་ཐོ་གཞུང་ནང་ཚུད་རྗེས་དེའི་ལོ་རྒྱུས་ཡིག་ཚགས་ཀྱང་ཆགས་ཀྱི་ཡོད། རང་ལྗོངས་སུ་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལས་གཞི་ཚུགས་ཚུན་གང་དེའི་སྲུང་སྐྱོབ་ལས་དོན་ཐད་ལ་དོ་སྣང་བྱེད་མཁན་ལོ་རེར་མང་དུ་འགྲོ་བཞིན་པའི་རྣམ་པ་བཟང་པོ་ཐོན་ནའང་མི་མང་པོས་སྙན་ཞུའི་དམིགས་ཡུལ་མགོ་མ་འཚོས་པ་དང་སྙན་ཞུ་འབྲི་སྟངས་མ་ཤེས་པ། ཡང་ན་སྙན་ཞུ་འགོད་སྐབས་རུ་ངར་ཞིབ་ཚགས་མེད་པས་རྒྱུན་པར་སྙན་ཞུའི་སྤུས་ཚད་ཨ་ལ་པ་ལ་ཆགས་པའི་གནས་ཚུལ་ཐོན་མུས་སུ་མཆིས། དེ་དོན་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལས་དོན་ཁྲོད་དུ་ཡིན་གཅིག་དོ་སྣང་བྱ་ཡུལ་ཡིན་ལ། སྙན་ཞུའི་སྤུས་ཚད་ལེགས་སུ་གཏོང་དགོས་རྒྱུ་དེ་ཁ་ཚ་དགོས་གཏུག་གི་གནད་དོན་ཞིག་ཏུ་གྱུར་ཡོད། རང་ཉིད་མངོན་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལས་ཐོག་པ་ཞིག་ཡིན་པའི་ཆ་ནས་དེ་ལྟའི་གནས་ཚུལ་མཐོང་སྐབས་སེམས་ཀྱིས་མི་བཟོད་པར་ཨབ་རས་ཐེག་ཚོད་སྤེན་མའི་མདའ་ཟེར་བའི་དཔེ་བཞིན་ད་རེས༢༠༢༠ལོའི་རྒྱལ་ཁབ་རིམ་པའི་ཁག་ལྔ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་སྙན་ཞུའི་རེའུ་མིག་དཔེ་གཞིར་བཟུང་ཐོག་མངོན་མིན་རིག་གནས་ཤུལ་བཞག་སྙན་ཞུའི་དམིགས་ཡུལ་དང་སྤང་བླང་། འབྲི་སྟངས། འཆར་འགོད་སྐོར་ཅུང་ཟད་གླེང་བར་བྱའོ། །
དང་པོ། སྙན་ཞུའི་དམིགས་ཡུལ།
མངོན་མིན་རིག་གནས་ཤུལ་བཞག་སྙན་ཞུ་བྱེད་དོན་ནི་འགྲོ་བ་མིའི་རྒྱུད་ལ་མངའ་བའི་རིག་གནས་ཤུལ་བཞག་ལ་ཐུན་མོང་མ་ཡིན་པའི་རིན་ཐང་གི་ཆ་ཤས་དུ་མ་ལྡན་ནའང་མིག་སྔར་ཤུལ་བཞག་གི་རྒྱུན་མཐུད་ནུས་པ་ཉམས་ཞན་དུ་གྱུར་བའི་དབང་གིས་མངོན་མིན་རིག་གནས་ཤུལ་བཞག་གི་ཐོ་གཞུང(མིང་གཞུང)ནང་འཛུལ་རྒྱུའི་ཞུ་ཡིག་ཕུལ་རྗེས་སྲུང་སྐྱོབ་ཐོབ་རེའི་དོན་དུ་ངེས། དེ་ནི་མངོན་མིན་རིག་གནས་ཤུལ་བཞག་སྙན་ཞུ་བྱེད་པའི་དམིགས་ཡུལ་གཙོ་བོར་འཛིན་དགོས། མངོན་མིན་རིག་གནས་ཤུལ་བཞག་དེ་ཉིད་སྲོལ་རྒྱུན་རིག་གནས་ཤུལ་བཞག་གི་ཐེ་ཁོངས་ཡིན་ནའང་སྲོལ་རྒྱུན་རིག་གནས་ཤུལ་བཞག་ཡོད་ཚད་མངོན་མིན་རིག་གནས་ཤུལ་བཞག་ཡིན་པའི་ཁྱབ་པ་མེད་པས་ང་ཚོས་སྲོལ་རྒྱུན་རིག་གནས་ཤུལ་བཞག་གི་ཁྲོད་ནས་མངོན་མིན་རིག་གནས་ཤུལ་བཞག་ཡིན་མིན་དབྱེ་འབྱེད་བྱེད་པའི་ཚད་གཞི་ལྟར་མངོན་མིན་རིག་གནས་ཤུལ་བཞག་ངོས་བཟུང་གཏན་འཁེལ་བྱེད་དགོས། ཡིག་ཐོག་སྙན་ཞུ་ནི་རིགས་གཅིག་མཁས་དབང་གིས་ཤུལ་བཞག་ལ་དཔྱད་དཔོག་གཏོང་བའི་གཞི་འཛིན་ས་གཙོ་བ་དེ་ཡིན་པ་དང་། སྐབས་དེར་སྙན་ཞུ་ཁོ་ནས་ཁ་གྲག་སྟེ་ཤུལ་བཞག་གང་དེ་མངོན་མིན་རིག་གནས་ཤུལ་བཞག་ཡིན་ལུགས་གསལ་བཤད་བྱེད་པར་མཁོ། གལ་ཏེ། ཡིག་ལམ་ནས་གསལ་བཤད་ཁུངས་བཙན་དང་གནད་ལ་ཁེལ་པོ། ཁ་གསལ་པོ་མ་བྱུང་ཚེ་སྙན་ཞུས་གོ་ཆོད་མི་ཐུབ། ཐ་ན་སྙན་ཞུ་བྱེད་པའི་ཤུལ་བཞག་དེ་མངོན་མིན་རིག་གནས་ཤུལ་བཞག་ལྷད་མེད་གཅིག་ཡིན་པའི་དབང་དུ་བཏང་ནའང་ངོས་བཟུང་མ་ཐུབ་པར་ལུས་ཉེན་ཆེ། ངོས་བཟུང་མ་ཐུབ་ཚེ། མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་ཚུད་མི་སྲིད། དེ་ནི་སྙན་ཞུ་འབུལ་དགོས་པ་ཙམ་མ་ཟད། སྙན་ཞུ་འབྲི་སྐབས་དེའི་ནང་དོན་བདེན་པ་དང་གནད་ཁེལ་པོ། དོན་བསྡུས་པོ། ཆ་ཚང་པོ་དགོས་པའི་དགོས་མཁོ་ཡང་རེད། སྙན་ཞུའི་ཡིག་ཆ་དེ་བཞིན་དེའི་གཞོགས་འདེགས་སུ་ད་དུང་དུས་ཚོད་སྐར་མ༥ནས༧བར་ཡིན་པའི་བརྙན་ཐུང་བཟོ་སྒྲིག་བྱེད་དགོས། བརྙན་ཐུང་དེ་ཡིག་ཐོག་སྙན་ཞུའི་ནང་དོན་གྱི་རྨང་གཞིའི་ཐོག་ཏུ་པར་ལེན་དགོས་པ་མ་ཟད། བརྙན་གཞིའི་ངོས་སུ་སྒྲ་སྦྱོར་དང་ཡིག་ལམ་ནས་གསལ་བཤད་བྱེད་དགོས། ཐོག་མའི་སྙན་ཞུ་ཡག་པོ་འབྲི་མ་ཐུབ་ཚེ། བརྙན་གཞི་ཡག་པོ་ཡོང་ཐབས་མེད། དེའང་སྙན་ཞུའི་དགོས་པ་གཞན་ཞིག་ཏེད། དེང་སྐབས་སྙན་ཞུ་འབུལ་མཁན་ལ་ལས་མི་གཞན་ལ་ཕར་རེ་ཚུར་རེ་བྱས་ནས་ཡིག་ཐོག་སྙན་ཞུ་ཁུངས་འཁྱོལ་ཙམ་ཡོང་གི་ཡོད་རུང་བརྙན་གཞི་ཡག་པོ་ཡོང་གི་མེད། ཁོང་ཚོས་སྐབས་རེ་ལག་ཐོགས་ཁ་པར་ནང་ཡོད་པའི་བརྙན་ཐུང་ཕར་མཐུད་ཚུར་མཐུད་བྱེད་པ། སྐབས་རེ་གསར་འགྱུར་ཚན་པས་དྲིལ་བསྒྲགས་བྱས་མྱོང་བའི་གསར་འགྱུར་བརྙན་གཞི(ཕལ་ཆེ་བ་དབུལ་སྐྱོར་དང་ལས་ཞུགས། ཡོང་འབབ་སྐོར)ཆ་བསྡུ་ཡ་བསྡུ་བྱེད་པ། ལ་ལས་དངུལ་བཏང་སྟེ་ཆེད་མངགས་བརྙན་གཞི་བཟོ་སྒྲིག་བྱས་ནའང་ཡུལ་སྐོར་ལྗོངས་རྒྱུའི་དྲིལ་བསྒྲགས་པར་གཞི་ནང་བཞིན་བཟོས་ཡོང་གི་འདུག དེ་ཚོས་སྙན་ཞུར་གཞོགས་འདེགས་གསལ་བཤད་ནུས་པ་ཐོན་གྱི་མེད།
གཞན་ཡང་སྙན་ཞུའི་ཡི་གེ་ནི་ཤུལ་བཞག་གང་ཞིག་མངོན་མིན་རིག་གནས་ཤུལ་བཞག་གི་ཐོ་གཞུང་ནང་ཚུད་རྗེས་དེའི་ཡིག་ཚགས་བཟོ་བ། ཞིབ་འཇུག ཉར་ཚགས། དྲིལ་བསྒྲགས། དར་སྤེལ། རྒྱུན་འཛིན། སྦྱོང་བརྡར་སོགས་སྲུང་སྐྱོབ་ལས་དོན་དང་འབྲེལ་བའི་གཞུང་ཡིག་ཁྲོད་དུ་བེད་སྤྱོད་རྒྱ་ཁྱབ་གཏོང་སྲོལ་ཡོད། གལ་སྲིད་ཐོག་མའི་སྙན་ཞུའི་ནང་དོན་ཡག་པོ་མ་བྱུང་ཚེ་རིག་གནས་ཤུལ་བཞག་གི་གནས་ཚུལ་འཁྱོག་བཤད་ཆགས་སྲིད། དེ་ལྟར་བྱས་ཚེ་སྔོ་ལོ་ལངས་ནས་ཕྱར་ཉེན་ཆེབས་གོང་གླེང་སྙན་ཞུའི་དམིགས་ཡུལ་ཁག་ཡིད་ལ་གསལ་པོར་ངེས་དགོས་གལ་ཆེའོ། །
གཉིས་པ། སྙན་ཞུའི་སྤང་བླང་།
སྙན་ཞུ་ནི་གཤམ་འོག་ཚན་པའམ་མི་སྒེར་ནས་གོང་རིམ་པར་གནས་ཚུལ་སྙན་སེང་ཞུ་བའི་ཡིག་རིགས་ཡིན་པས་གནས་ཚུལ་ངོ་མ་དང་གནད་ཁེལ་བ། ཚིག་ཉུང་ཞིང་དོན་གསལ་བ། ཆ་ཚང་བ་བཅས་ཀྱི་སྒོ་ནས་ངོ་སྤྲོད་ཁ་གསལ་བྱེད་དགོས་རྒྱུ་དེ་སྤྱིའི་བླང་བྱ་ཡིན་པ་ལྟར་མངོན་མིན་རིག་གནས་ཤུལ་བཞག་གི་སྙན་ཞུའང་དེ་ལས་མ་འདས། ཁྱད་པར་དུ་མངོན་མིན་རིག་གནས་ཤུལ་བཞག་གི་སྙན་ཞུ་ནི་སྙན་ཞུ་གཞན་དང་མི་འདྲ་བར་རིག་གནས་ཤུལ་བཞག་གི་ཕྱོགས་གང་དག་གནས་ཚུལ་གསལ་བཤད་བྱེད་དགོས་པ་རེ་རེ་བཞིན་རེའུ་མིག་ནང་མཛུབ་མོ་རི་སྟོན་ཚུལ་དུ་བསྟན་ཡོད་པས་དེ་བསྟུན་ངོ་སྤྲོད་བྱེད་ཐབས་བདེ། སྙན་ཞུ་འབྲི་སྐབས་ཤུལ་བཞག་གི་གཞི་རྩའི་གནས་ཚུལ་དང་སྲུང་སྐྱོབ་ཚན་པ་འོས་སྦྱོར་བྱེད་པ། ཤུལ་བཞག་སྲུང་སྐྱོབ་འཆར་གཞི་བཅས་དོན་དངོས་དང་མཐུན་པའི་སྒོ་ནས་ངོ་སྤྲོད་ཁ་གསལ་དགོས། ཉེ་བའི་ལོའི་ནང་གི་སྙན་ཞུ་མང་པོ་ཞིག་ལ་ཡོངས་ཁྱབ་ཀྱི་སྐྱོན་འགའ་ཞིག་གནས་པ་མཐོང་སྟེ། གཅིག་ཤུལ་བཞག་ལ་ལའི་གཞི་རྩའི་ཆ་འཕྲིན་ཁུངས་བཙན་པོ་མེད་པ། དཔེར་ན། རེའུ་མིག་ཐོག་གི་ཤུལ་བཞག་གི་མིང་གཅིག་གྱུར་མེད་པ་རང་འདོད་ལྟར་འབྲི་བ། དངོས་པོའི་རིག་གནས་ཤུལ་བཞག་དང་དངོས་པོ་མ་ཡིན་པའི་ཤུལ་བཞག་དབར་གྱི་དབྱེ་བ་མི་ཤེས་པར་སྲོལ་རྒྱུན་ལག་ཤེས་ཁོངས་ཀྱི་རིག་གནས་ཤུལ་བཞག་ལ་དངོས་པོའི་མིང་འབྲི་མང་བ། གཉིས། ཤུལ་བཞག་གི་ལོ་རྒྱུས་འབྱུང་ཁུངས་མང་པོ་ཞིག་བཤད་སྲོལ་དང་སྒྲུང་གཏམ་ཁོ་ནའི་སྟེང་ལུས་ཡོད་པ་ལས་ཡིག་ཚང་དང་རིག་དངོས་ཀྱི་གཞི་འཛིན་ས་མེད་པ། དེ་དང་འདྲ་བར་རྒྱུད་འཛིན་མི་རབས་ཁུངས་མི་གསལ་བ། གསུམ། ཤུལ་བཞག་གི་གཞི་རྩའི་གནས་ཚུལ་ངོ་སྤྲོད་བྱ་རྒྱུ་གཙོ་བོར་བཟུང་མི་ཐུབ་པར་འབྲེལ་མེད་ཡིག་རྙོག་ཕུང་གསོག་བྱེད་པ། དཔེར་ན། ཀུང་སི་ག་དུས་བཙུགས་པ། ལས་མི་ག་ཚོད་ཡོད་མིན། དབང་སྐྱོན་དང་དབུལ་ཕོངས་ལ་འཚམས་འདྲི་ག་ཚོད་བྱས་ཡོད་མིན་སོགས་བརྒྱ་བཤད་སྟོང་བཤད་བྱེད་པ། བཞི། ཤུལ་བཞག་གི་རྒྱུན་མཐུད་གནས་སྟངས་སྐོར་བརྗོད་དུས་སླར་ཡང་ཀུང་སི་དང་མཉམ་ལས་ཁང་གི་འཁོར་སྐྱོད་གནས་ཚུལ་བཤད་མང་བས་ཤུལ་བཞག་གི་མིག་སྔའི་གནས་སྟངས་སྐོར་མཚོན་མི་ཐུབ་པ། ལྔ། ཤུལ་བཞག་སྲུང་སྐྱོབ་འཆར་གཞི་ཞིབ་ཚགས་པོ་དང་གོང་འོག་འབྲེལ་ཆགས་པོ་མེད་པ། དེ་མིན་སྙན་ཞུའི་ནང་དོན་ཕན་ཚུན་རྐུ་བཤུས་བྱེད་སྙན་ཞུའི་ནང་དོན་ཆ་མི་ཚང་བ། ནང་དོན་འགའ་རེའི་སར་སྟོང་ཆ་འཇོག་པའང་འདུག
གོང་དུ་གླེང་བ་ནི་རྒྱུན་མཐོང་གི་སྐྱོན་ཆ་ཡིན་པ་དང་། སྐྱོན་དེ་དག་བགོ་རྐྱེན་གཙོ་བོ་ནི་སྙན་ཞུ་མ་བྲིས་སྔོན་དུ་ཤུལ་བཞག་གནས་ཡུལ་དངོས་སུ་ངོ་བསྐྱོད་བརྟག་དཔྱད་མ་བྱས་པར་ཐད་ཀར་སྙན་ཞུ་འབྲི་རྐྱང་བྱེད་པ་དང་། སྙན་ཞུ་འབྲི་སྐབས་གསལ་བཤད་རྩོམ་ཡིག་གི་ལམ་ནས་ཚིག་ཉུང་ཞིང་དོན་ཚང་པོ་ཡོང་རྒྱུར་དང་དོད་མི་བྱེད་པར་ཚིག་རྙོག་གི་ལོ་མ་སྤུང་གསོག་བྱེད་པར་དགའ་བ་དེ་ཡིན།
གསུམ་པ། སྙན་ཞུའི་གྲུབ་ཆ།
མངོན་མིན་རིག་གནས་ཤུལ་བཞག་གི་སྙན་ཞུ་ནི་རྒྱལ་ཁབ་རིག་གནས་པུའུ་ནས་རིག་གནས་ཤུལ་བཞག་དེའི་གཞི་རྩའི་ཁྱད་ཆོས་གཞིར་བཟུང་གཅིག་གྱུར་གཏན་འཁེལ་བཟོས་པའི་རེའུ་མིག་གི་རྣམ་པ་ཡིན་ཞིང་། ད་ལྟའི་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར། རྫོང་བཅས་ལ་རིམ་པ་སོ་སོའི་སྙན་ཞུའི་རེའུ་མིག་གྲུབ་ཡོད་ནའང་དེ་དག་ཚང་མ༢༠༠༦ལོའི་ཁག་དང་པོའི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་སྙན་ཞུའི་རྨང་གཞིའི་ཐོག་གྲུབ་པ་ཤ་སྟག་ཡིན་གཤིས་སྤྱིའི་ནང་དོན་མི་འདྲ་བ་མ་མཆིས། སྤྱིར་སྙན་ཞུའི་གྲུབ་ཆ་ཁག་ལྔ་རུ་བསྡུ་ཆོག་སྟེ། སྙན་ཞུའི་ཁ་ཤོག་འགོད་སྟངས་དང་རིག་གནས་ཤུལ་བཞག་གི་གཞི་རྩའི་གནས་ཚུལ་སྐོར་དང་སྲུང་སྐྱོབ་ཚན་པ་འོས་སྦྱོར་སྐོར། སྲུང་སྐྱོབ་འཆར་གཞིའི་སྐོར། རིགས་གཅིག་མཁས་པའི་དཔྱད་བཤེར་ཨུ་ཡོན་ལྷན་ཚོགས་ཀྱི་དཔྱད་བཤེར་མཇུག་སྡོམ་བཅས་སོ། དེ་དག་ལས་སྙན་ཞུའི་ནང་དོན་ལ་འཛིན་པའི་རིགས་གཅིག་མཁས་པའི་དཔྱད་བཤེར་ཨུ་ཡོན་ལྷན་ཚོགས་ཀྱི་བསམ་འཆར་དང་རིག་གནས་ཚན་པའི་བསམ་འཆར་སྐོར་དེ་སྲིད་འཛིན་རིག་གནས་ཚན་པས་འབྲེལ་ཡོད་མི་སྣ་སྒྲིག་འཛུགས་དོན་གཉེར་བྱེད་དགོས་པས་ད་རེས་ཞིབ་པར་མི་གླེང་།
བཞི་པ། སྙན་ཞུ་འབྲི་སྟངས།
(1) ཁ་ཤོག་འབྲི་སྟངས།(封面填写)
མངོན་མིན་རིག་གནས་ཤུལ་བཞག་གི་སྙན་ཞུའི་ཁ་ཤོག་ཐོག་འབྲི་བྱའི་ནང་དོན་ཁག་བཞི་ཡོད་དེ། རྣམ་གྲངས་ཀྱི་ཚབ་ཨང་དང་དབྱེ་བ། མིང་། འོས་སྦྱོར་ཚན་པ་བཅས་སོ། །དེའི་ནང་ནས་རྣམ་གྲངས་ཀྱི་ཚབ་ཨང་དང་དབྱེ་བ་ནི་རང་རྒྱལ་གྱི་མངོན་མིན་རིག་གནས་ཤུལ་བཞག་རིགས་བཅུར་ཕྱེས་ཟིན་པ་དང་དེ་འབྲེལ་རོ་མའི་ཨང་ཀིས་ཚབ་ཨང་གཏན་འཁེལ་གནང་ཡོད་པ་བཞིན་སྙན་ཞུའི་ནང་ཤོག་ཏུ་ཞར་བྱུང་དོན་གནད་བཀོད་ཡོད་པར་གཞིགས་ཏེ་རང་གི་ཤུལ་བཞག་དང་འཚམ་པའི་ཚབ་ཨང་དང་དབྱེ་བ་འདྲ་བཤུས་བྱ་ཆོག རྣམ་གྲངས་ཀྱི་དབྱེ་བ་དང་ཚབ་ཨང་ནི། དམངས་ཁྲོད་རྩིག་རིག(Ⅰ) སྲོལ་རྒྱུན་རོལ་མོ།(Ⅱ) སྲོལ་རྒྱུན་ཞབས་བྲོ།(Ⅲ) སྲོལ་རྒྱུན་ཟློས་གར།(Ⅳ) གཞས་མ་གཏམ།(Ⅴ) སྲོལ་རྒྱུན་ལུས་རྩལ། རོལ་རྩེད་དང་རྩལ་རྩེད།(Ⅵ) སྲོལ་རྒྱུན་མཛེས་རྩལ།(Ⅶ) སྲོལ་རྒྱུན་ལག་རྩལ།(Ⅷ) སྲོལ་རྒྱུན་གསོ་རིག(Ⅸ) དམངས་སྲོལ།(Ⅹ)བཅས་ཡིན། གལ་ཏེ་དེ་སྔ་མི་དམངས་སྲིད་གཞུང་གི་ཐོ་གཞུང་ནང་རྣམ་གྲངས་ཀྱི་ཚབ་ཨང་དང་དབྱེ་བ་ཡང་དག་ཕྱེས་ཡོད་ཚེ་དེ་རང་བཤུས་ན་འགྲིག མི་ལ་ལས་རྣམ་གྲངས་ཀྱི་ཚབ་ཨང་དང་དབྱེ་བ་འབྲི་སའི་ཁུལ་སྟོང་ཆར་འཇོག་གི་འདུག་པ་ནི་གཏན་ནས་མི་འགྲིག རྣམ་གྲངས་ཀྱི་མིང་འགོད་སྐབས་གལ་ཏེ་དེ་སྔ་མི་དམངས་སྲིད་གཞུང་གི་ཐོ་གཞུང་ནང་ཚུད་སྐབས་ཚད་ལྡན་མིང་ཡོད་ཚེ་དེ་གཅིག་འགྱུར་ཐོག་སྤྱོད་དགོས། དེ་མེད་ཚེ་མངོན་མིན་རིག་རིག་གནས་ཤུལ་བཞག་གི་འགུལ་འགྱུར་ཁྱད་ཆོས་མཚོན་པའི་མིང་འདོགས་དགོས། ནམ་རྒྱུན་ལ་ལས་མངོན་མིན་རིག་གནས་ཤུལ་བཞག་ལ་དངོས་པོའི་ཁྱད་ཆོས་མཚོན་པའི་མིང་འདོགས་པ་དང་། ལ་ལས་སོ་སོའི་མཉམ་ལས་ཁང་དང་ཀུང་སིའི་མིང་འདོགས་མཁན་ཡང་འདུག དེ་འགྲིག་གི་མ་རེད། དེ་ནི་མངོན་མིན་རིག་གནས་ཤུལ་བཞག་ལ་ངོས་འཛིན་གསལ་པོ་མེད་པའི་རྟགས་རེད། དེའི་གཤམ་འོག་ཏུ་འཁོད་པའི་འོས་སྦྱོར་ཚན་པ་ནི་ས་གནས་དེ་གའི་རིག་གནས་ཚན་པར་གོ་དགོས། ཚན་པའི་མིང་རེའུ་མིག་ཐོག་འབྲི་སྐབས་རིག་གནས་ཚན་པའི་མིང་ཡང་དག་ཆ་ཚང་བར་འབྲི་དགོས་པ་ལས་བསྡུས་མིང་འབྲི་མི་རུང་། ནམ་རྒྱུན་མི་མང་ཆེ་བ་བསྡུས་མིང་འབྲི་རྒྱུར་དགའ་ཐག་ཆོད་རེད། དེ་འགྲིག་ཐབས་མེད།
(2) གཞི་རྩའི་ཆ་འཕྲིན་འབྲི་སྟངས།(基本信息填写)
གཞི་རྩའི་ཆ་འཕྲིན་འབྲི་སའི་ཁུལ་ནི་ཤུལ་བཞག་གི་གནས་ཚུལ་ཕལ་ཆེ་བ་ངོ་སྤྲོད་བྱ་ཡུལ་ཡིན་པ་དང་དེར་ནང་དོན་ཁག་བཅོ་ལྔ་འདུས། དེའི་ནང་གི ༡ རྣམ་གྲངས་ཀྱི་མིང་ནི་གོང་ཞུས་སྙན་ཞུའི་ཁ་ཤོག་ཐོག་གི་མིང་དང་གཅིག་འགྱུར་འབྲི་དགོས། ༢ སྙན་འབུལ་ས་གནས་སམ་ཚན་པ་ནི་ཤུལ་བཞག་གནས་སའི་ཞིང་ཆེན་དང་གྲོང་ཁྱེར། རྫོང་གང་ཡིན་པ་དེ་འབྲི་དགོས། ༣ ས་གནས་ཀྱི་ཐོ་གཞུང་གནས་ཚུལ་ནི་དེ་སྔ་མི་དམངས་སྲིད་གཞུང་གིས་ཁྱབ་བསྒྲགས་བྱས་པའི་ཐོ་གཞུང་ལ་ཁུངས་གཏུག་སྟེ་ཤུལ་བཞག་གི་མིང་དང་དབྱེ་བ། ཐོ་གཞུང་དུ་ཚུད་པའི་དུས་ཚོད་བཅས་ཇི་མ་ཇི་བཞིན་འབྲི་དགོས་པ་ལས་ཚོད་དཔག་གཡུག་སྟེ་བྲིས་ཚེ་ནང་དོན་སྔ་རྗེས་རྒྱབ་འགལ་ཆགས་སྲིད། ༤ འབྲེལ་ཡོད་མི་རིགས་ཞེས་པའི་ནང་རྣམ་གྲངས་དེ་མི་རིགས་གཞན་དང་མཉམ་སྤྱོད་ཡིན་མིན་སྐོར་གསལ་བཤད་བྱེད་དགོས། གལ་ཏེ་མི་རིགས་མང་པོས་མཉམ་སྤྱོད་བྱེད་པའི་ཤུལ་བཞག་ཡིན་ཚེ་དར་སོ་ཆེ་ཆུང་ལ་ལྟོས་ནས་མི་རིགས་སོ་སོའི་མིང་སྔ་རྗེས་བཞིན་འབྲི་དགོས། གྲོང་ཁྱེར་དང་རྫོང་རིམ་པའི་ཤུལ་བཞག་ལ་མཚོན་ཚེ། གྲོང་ཁྱེར་དང་རྫོང་། ཤང་བཅས་ཕན་ཚུན་མཉམ་སྤྱོད་བྱེད་པའི་རྣམ་གྲངས་ཡོངས་ཁྱབ་ཆེ་བས་འབྲེལ་ཡོད་མི་རིགས་ཞེས་པའི་ནང་དོན་དེ་སྐབས་བསྟུན་འབྲེལ་ཡོད་ལུང་པ་ཞེས་བཟོས་ནའང་ཡག་པོ་འདུག་སྙམ། ༦ གཞི་རྩའི་ནང་དོན་ཞེས་པའི་ནང་དུ་སྙན་འབུལ་བྱེད་པའི་ཤུལ་བཞག་དེའི་གོ་དོན་གསལ་བཤད་དང་ཤུལ་བཞག་དེ་མངོན་མིན་རིག་གནས་ཤུལ་བཞག་རིགས་བཅུར་ཕྱེས་བའི་ནང་གི་རིགས་གང་གི་ཁོངས་སུ་གཏོགས་པ། ནམ་རྒྱུན་གྱི་འཚོ་བའི་ནང་མངོན་མཚོན་བྱེད་པའི་དུས་ཚོད། དེའི་བརྒྱུད་རིམ། ད་ལྟའི་ཆར་རྒྱུད་འཛིན་གང་འདྲ་བྱེད་ཚུལ། ཤུལ་བཞག་དེའི་ཕན་ནུས་སོགས་གསལ་པོར་འབྲི་དགོས། ༧ ས་ཁོངས་ཁྱབ་ཚུལ་ཞེས་པ་དེའི་ནང་ཤུལ་བཞག་དེ་ད་ལྟའི་དུས་ལག་ལེན་དང་དར་སོ་བྱེད་སའི་ཡུལ་ལུང་འབྲི་དགོས། དར་སོ་ཆེ་ཆུང་ལ་གཞིགས་ཏེ་ལྗོངས་དང་གྲོང་ཁྱེར། རྫོང་། ཡང་ན་ཤང་གྲོང་གཙོ་བོ་གང་ཡིན་པ་དང་ཕལ་པ་གང་ཡིན་པ་རིམ་པ་ལྟར་འབྱེད་དགོས། ༨ ཤུལ་བཞག་གནས་ཡུལ་དང་ས་ཁམས་ཁོར་ཡུག ཅེས་པའི་ནང་དུ་ཤུལ་བཞག་གནས་སའི་ཡུལ་ལུང(ལྗོངས། གྲོང་ཁྱེར། རྫོང་། ཤང་གྲོང)དེའི་གནས་སྟངས་དང་མི་གྲངས། ཐོན་སྐྱེད། རིག་གནས་ཤུལ་བཞག་གི་སྐོར། དུས་རྒྱུན་འཚོ་བའི་སྐོར། འགྲིམ་འགྲུལ། ཡུལ་ལུང་དེའི་རང་བྱུང་ས་བབ་མཐོ་ཚད་དང་ས་ཁྱོན། མཁའ་རླུང་། སྐྱེ་དངོས་སྲོག་ཆགས་སོགས་ཤུལ་བཞག་དང་འབྲེལ་བ་ལྡན་པའི་རང་བྱུང་ཁོར་ཡུག་སྐོར་འབྲི་དགོས། མི་མང་པོས་ཤུལ་བཞག་གནས་ཡུལ་དང་ས་ཁམས་ཁོར་ཡུག་སྐོར་དྲ་ཐོག་ནས་ཕབ་སྟེ་ཐད་ཀར་རེའུ་མིག་ནང་སྦྱར་བཞིན་འདུག མ་གཞི་དེ་སྟབས་བདེ་པོ་རེད། ཡིན་ནའང་དྲ་ཐོག་གི་དཔྱད་གཞིར་དོན་དངོས་དང་མ་མཐུན་པའི་ཆ་མང་། དེར་བརྟེན་ཤུལ་བཞག་གནས་ཡུལ་དང་ས་ཁམས་ཁོར་ཡུག་སྐོར་འབྲི་སྐབས་ཤང་གྲོང་ཨུ་ཡོན་ལྷན་ཁང་དང་ས་གནས་ལོ་རྒྱུས་རྩོམ་སྒྲིག་ཁང་ལ་འབྲེལ་གཏུག་ཞུས་པའི་དཔྱད་གཞི་ཐོབ་ཚེ་ཁུངས་བཙན། འགའ་ཞིག་གིས་ཤུལ་བཞག་གནས་ཡུལ་དངོས་ཤང་གྲོང་ཡིན་ནའང་དེའི་ས་ཁམས་ཁོར་ཡུག་གི་གནས་ཚུལ་དག་ཨ་ན་ཨུ་ཚུགས་ངང་གྲོང་ཁྱེར་དང་རྫོང་གི་ཁོར་ཡུག་ལ་སྦྱར་ནས་བཤད་ཀྱི་འདུག དེ་ནི་བཤད་ས་བཤད་ཡུལ་ཁ་ཕྱོགས་འཛོལ་བའི་སྐྱོན། ༩ ལོ་རྒྱུས་འབྱུང་ཁུངས་སྐོར། དེའི་ནང་ཡིག་ཚང་དང་རིག་དངོས་ཤུལ་བཞག་གི་རྒྱབ་བརྟེན་ལུང་དང་སྦྲགས་ནས་ཤུལ་བཞག་གང་དེར་དུས་ཡུན་རིང་བའི་ལོ་རྒྱུས་ལྡན་པ་ངོ་སྤྲོད་དགོས། དེའི་སྐབས་རྒྱུད་འཛིན་པའི་གདན་རབས་མི་ཐོག་གསུམ་ཡན་ཆད་བཙལ་འཚོལ་ཁུངས་བཙན་བྱས་ནའང་འགྲིག དེའི་ཐད་ནམ་ཞར་མཐོང་ཆོས་སུ་གྱུར་བའི་སྐྱོན་ཆེ་ཤོས་ནི་ལོ་རྒྱུས་ཡིག་ཚང་ཁུངས་བཙན་པོ་མེད་པ། མི་མང་པོས་ཧ་ལམ་དང་ཕལ་ཆེར་ཁོ་ནར་གྲོགས་པོ་སྒྲིག་སྟེ་འོལ་ཚོད་བྱེད་པ། དེ་མིན་ན་བཤད་སྲོལ་དང་སྒྲུང་ཁོ་ནར་སྦྱར་ནས་ལོ་ངོ་སྟོང་གི་ལོ་རྒྱུས་ཡོད་པར་བརྗོད་པའི་གནས་ཚུལ་མང་། ང་ཚོས་ལོ་རྒྱུས་འབྱུང་ཁུངས་འབྲི་སྐབས་ལོ་རྒྱུས་ཡིག་ཚང་ལྟ་ཀློག་བྱས་ནས་ཤུལ་བཞག་གི་ལོ་རྒྱུས་དཔང་པོ་འཕེར་བའི་ལུང་འཚོལ་དགོས། དཔེར་ན། བོད་ཀྱི་ལོ་རྒྱུས་དེབ་ཐེར་དང་ས་གནས་ལོ་རྒྱུས་དཔེ་དེབ། རྡོ་བརྐོས་ཡི་གེ། བྲག་བརྐོས་ཡི་གེ། མཁས་དབང་གི་ཞིབ་འཇུག་དཔྱད་རྩོམ། ལོ་རྒྱུས་མི་སྣའི་ཟིན་ཐོ་སོགས་ལ་དཔྱད་གཞི་བྱས་ན་འགྲིག གཞན་ཤུལ་བཞག་དེ་ཡུལ་ལུང་དེ་གར་བྱུང་བའམ་ཡང་ན། ལུང་པ་གཞན་ནས་ཁྱབ་ཡོང་བ་གང་ཡིན་རུང་དེའི་འབྱུང་དུས་དང་བར་གྱི་འཕེལ་རིམ། དུས་རིམ་སོ་སོའི་ནང་གི་དཔེ་མཚོན་རྒྱུད་འཛིན་མི་སྣ། རྒྱུད་འཛིན་པའི་མི་རབས་སོ་སོའི་དུས་ཚོད་སོགས་ཞིབ་པར་འབྲི་ནའང་ཆོག ལོ་རྒྱུས་འབྱུང་ཁུངས་སྐོར་དེ་དཔྱད་བཤེར་ཚོགས་འདུའི་ཐོག་རིགས་གཅིག་མཁས་དབང་ཚོའི་མིག་བལྟ་ས་དང་དོ་སྣང་བྱེད་ས་གཙོ་གྲས་ཤིག་ཡིན་པས་དེ་བས་དོ་ནན་བྱེད་དགོས། ༡༠ རྒྱུད་འཛིན་པ་གཙོ་བོ་དང་རྒྱུད་འཛིན་ཁྱུ་ཚོགས་ཞེས་པའི་རེའུ་མིག་དེའི་ནང་གི་རྒྱུད་འཛིན་པ་གཙོ་བོ་ནི་ད་ལྟའི་སྐབས་སུ་གཞུང་ཕྱོགས་ནས་ངོས་བཟུང་བྱས་པའི་དཔེ་མཚོན་རྒྱུད་འཛིན་པར་གོ་དགོས། གལ་ཏེ་གསར་དུ་སྙན་ཞུ་བྱེད་པའི་ཤུལ་བཞག་ཡིན་ཚེ་ས་ཁུལ་གང་དེའི་ནང་སྤྱོད་ཡོན་གཉིས་ལྡན་ཡིན་ཁར་གྲུབ་འབྲས་རྡོག་ཏུ་ཐོན་པ། སྐད་གྲགས་གང་འཚམ་ཡོད་པའི་རྒྱུད་འཛིན་པར་གོ་ན་ཆོག དེའི་སྐབས་དཔེ་མཚོན་རྒྱུད་འཛིན་པའི་སྐོར་འབྲི་དགོས་ཏེ། མི་དེའི་སྐྱེས་ལོ་ཟླ་ཚེས་ནས་འགོ་བཙུགས་པའི་ངོ་སྤྲོད་དང་དགེ་ཕྲུག་གསོ་སྐྱོང་སྐོར། ཤུལ་བཞག་དེའི་ཤེས་བྱ་དང་ནུས་རྩལ་གཙོ་བོ་ཁོང་དུ་ཆུད་ཚད་དང་དེ་འབྲེལ་གྲུབ་འབྲས་ག་རེ་ཐོབ་ཡོད་མིན་སྐོར། མི་དེས་ཤུལ་བཞག་དེའི་དོན་དུ་ལེགས་སྐྱེས་གང་ཕུལ་ཡོད་མེད་སྐོར་སོགས་ཞིབ་ཏུ་འབྲི་དགོས། དེའང་དཔེ་མཚོན་རྒྱུད་འཛིན་པར་ངོས་བཟུང་བྱས་ཟིན་པའི་རྒྱུད་འཛིན་པ་ཡིན་ན་མི་དེའི་དེ་སྔའི་སྙན་ཞུར་གཞི་བཅོལ་ཏེ་འབྲི་ན་བཟང་། རྒྱུད་འཛིན་ཁྱུ་ཚོགས་ཟེར་བ་དེ་རྒྱུད་འཛིན་པ་མི་གཉིས་གསུམ་ལྡན་པའི་ཤུལ་བཞག་ལ་གོ་དགོས་ཏེ། མི་དེ་ཚོས་ཤུལ་བཞག་གི་ཆ་ཤས་སོ་སོའི་ནུས་རྩལ་ཁོང་དུ་ཆུད་ཡོད་ཅིང་ཁོང་ཚོའི་ཐུན་མོང་གི་ནུས་རྩལ་མེད་ན་ཤུལ་བཞག་མངོན་མཚོན་བྱེད་ཐབས་མེད་པར་གྱུར་བ་ལྟ་བུ། དེར་རྒྱུད་འཛིན་པ་ཁྱུ་ཚོགས་ཀྱི་ཁོངས་མི་དང་། ཁྱུ་ཚོགས་གྲུབ་པའི་དུས་ཚོད། བར་གྱི་བརྒྱུད་རིམ། ཁོང་ཚོའི་གྲུབ་འབྲས་ལ་སོགས་པ་འབྲི་དགོས། ང་ཚོའི་འགྲམ་གྱི་མི་ལ་ལས་རྒྱུད་འཛིན་པ་གཙོ་བོ་དང་རྒྱུད་འཛིན་ཁྱུ་ཚོགས་རེའུ་མིག་ནང་རྒྱུད་འཛིན་པ་ཁ་ཤས་མིང་འདོན་བྱས་ནས་འཇོག་སྲོལ་འདུག དེ་ནི་སྟབས་བདེ་དྲགས་པའི་སྐྱོན་དུ་འགྲོ། ༡༡ ཁྱད་ཆོས་གཙོ་བོ་ཞེས་པའི་ནང་སྙན་འབུལ་ཤུལ་བཞག་དེའི་ཁྱད་ཆོས་རྡོག་རྡོག་ངོ་སྤྲོད་བྱེད་དགོས། དཔེར་ན། ཤུལ་བཞག་གཞན་དང་མ་གཅིག་པའི་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་ཁྱད་ཆོས། ཐུན་མོང་མ་ཡིན་པའི་བཟོ་རྩལ་ཁྱད་ཆོས། ཐུན་མོང་མ་ཡིན་པའི་རིག་གནས་ཁྱད་ཆོས་སོགས་འབྲི་དགོས། ད་ཕན་སྙན་ཞུ་མང་པོའི་ནང་ཤུལ་བཞག་གི་ཁྱད་ཆོས་རང་ངོ་རང་གིས་མ་ཆོད་པའི་སྐྱོན་མང་བས་རིག་གནས་ཤུལ་བཞག་གི་ཁྱད་ཆོས་གསལ་པོར་སྟོན་མི་ཐུབ། ༡༢ རིན་ཐང་གཙོ་བོ་ཞེས་པའི་ནང་རང་རྒྱལ་གྱི་མངོན་མིན་རིག་གནས་ཤུལ་བཞག་བཅའ་ཁྲིམས་ནང་ལོ་རྒྱུས་རིན་ཐང་དང་རྩོམ་རིག་རིན་ཐང་། སྒྱུ་རྩལ་རིན་ཐང་། ཚན་རིག་རིན་ཐང་ཞེས་རིན་ཐང་གལ་ཆེ་ཁག་བཞི་འཁོད་པར་བསྟུན་ནས་གང་ལ་གང་འཚམ་འབྲི་ན་ལེགས། ཤུལ་བཞག་དེའི་དེང་དུས་རིག་གནས་དོན་སྙིང་དང་སྤྱི་ཚོགས་ནུས་པ་མཉམ་དུ་གླེང་ནའང་ཆོག དུས་རྒྱུན་མཐོང་བའི་རེའུ་མིག་འགའ་རེའི་ནང་རིན་ཐང་གཙོ་བོའི་ཁུལ་དེར་མཉམ་ལས་ཁང་དང་ཀུང་སི་ཁེ་ལས་ཁང་གིས་དབང་པོ་སྐྱོན་ཅན་དང་དབུལ་པོའི་དུད་ཚང་། རྒན་གསོ་ཁང་ལ་དབུལ་སྐྱོར་བྱེད་ཚུལ་དང་འཚམ་འདྲི་ཞུས་པའི་སྐོར་བྲིས་པ་མང་། དེའང་མི་འགྲིག་པ་ཡིན། ༡༣ རྒྱུན་མཐུད་གནས་སྟངས། དེ་ལ་དེ་སྔོན་ཉེན་ཁར་བཅར་བའི་གནས་ཚུལ(濒危状况)ཟེར་བ་རེད། ཕྱིས་སུ་མིང་བཟོ་བཅོས་བྱུང་ནས་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་མཐུད་གནས་སྟངས(存续状况)ཞེས་འབོད། དེའང་སྙན་ཞུའི་ནང་གི་གནད་འགག་ཆེ་ས་གཅིག་རེད། དེའི་ནང་ཤུལ་བཞག་དེའི་མིག་སྔའི་རྒྱུད་འཛིན་གནས་ཚུལ། རྒྱུད་འཛིན་པ་ག་ཚོད་ཙམ་ཡོད་མེད། ཤུལ་བཞག་དེ་སྤྱི་ཚོགས་འཚོ་བའི་ནང་བེད་སྤྱོད་གང་འདྲ་ཡོད་མིན། ལོ་རེར་རྒྱུན་འཛིན་བྱེད་སྒོ་ཡོད་མེད། ད་ལྟའི་རྒྱུད་འཛིན་པར་སྦྱོང་སྤེལ་ཧུར་སེམས་གང་འདྲ་ཡོད་མེད། ཤུལ་བཞག་དེར་མང་ཚོགས་ཁྲོད་དུ་དགའ་བསུ་ཐོབ་མིན་སོགས་ཀྱི་གནས་ཚུལ་དངོས་དངོས་རྗེན་རྗེན་དུ་བྲིས་ནས་ཤུལ་བཞག་དེ་མིག་སྔར་སྐྱེ་སྟོབས་རྒྱས་བཞིན་ཡོད་དམ། ཡང་ན་ཉམས་རྒུད་དུ་འགྲོ་བཞིན་ཡོད། ཡང་ན་སྟོངས་ལ་ཉེ་བའི་གནས་སུ་ལྷུང་བཞིན་ཡོད་པའི་གནད་དོན་ཁ་གསལ་པོར་སྟོན་ཐུབ་པ་དགོས། འདི་གར་དྲན་སྐུལ་ཞུ་དགོས་དོན་ནི། མངོན་མིན་རིག་གནས་ཤུལ་བཞག་ལ་ཡོངས་ཁྱབ་ཏུ་འདྲ་བའི་ཁྱད་ཆོས་གཅིག་རང་ཡོད་པ་ནི་གང་དེར་ཉམས་ཞན་རང་བཞིན་ལྡན་པ་དེ་ཡིན། དེ་སྔའི་སྙན་ཞུ་མང་པོའི་ནང་ཉམས་རྒུད་འགྲོ་བཞིན་པའི་གནས་ཚུལ་ཧ་ལམ་མཐོང་དཀོན། ངས་བལྟས་ན་ཤུལ་བཞག་གང་རུང་སྐྱེ་སྟོབས་རྒྱས་ཤིང་དར་སོ་ཆེ་སྒང་ཡིན་ཚེ། སྙན་ཞུ་འབུལ་བའི་དགོས་པ་མེད། སྙན་ཞུ་འབུལ་དོན་ནི་ཤུལ་བཞག་ལ་སྲུང་སྐྱོབ་ཡོང་བའི་ལྟོགས་སླ་ཡིན་པས་ཉམས་རྒུད་དང་སྟོངས་ལ་ཉེ་བའི་གནས་ཚུལ་དངོས་ཐོག་བདེན་འཚོལ་སྒོ་ནས་འབྲི་དགོས་ཀྱི་རེད་སྙམ། ༡༤ འབྲེལ་ཡོད་དངོས་རྫས་དང་རིག་གནས་སྤེལ་གནས། ཚང་མས་མཁྱེན་གསལ་བཞིན་མངོན་མིན་རིག་གནས་ཤུལ་བཞག་ནི་རིག་གནས་མངོན་མཚོན་བྱེད་སྟངས་ཡིན། མ་གཞི་ཤུལ་བཞག་འདི་ཉིད་གཟུགས་ལྡན་དངོས་རྫས་མ་ཡིན་ནའང་དངོས་རྫས་ཀྱི་གཞི་རྟེན་དང་ཁ་བྲལ་དུ་མེད། དེར་བརྟེན་མངོན་མིན་རིག་གནས་ཤུལ་བཞག་དང་འབྲེལ་བ་ཆགས་པའི་དངོས་རྫས་དང་བྱེད་སྒོ་སྤེལ་གནས་དག་དངོས་མིན་རིག་གནས་ཤུལ་བཞག་གི་གྲུབ་ཆར་གཏོགས། འབྲེལ་ཡོད་དངོས་རྫས་ཁོངས་སུ་ཤུལ་བཞག་རིགས་མི་འདྲ་བ་སོ་སོ་མངོན་མཚོན་བྱེད་པར་མེད་ན་མེད་ཐབས་མེད་པའི་རྒྱུད་འཛིན་གྱི་ལག་ཆ་དང་འཁྲབ་ཆས། དེ་དག་གི་བྱེད་ནུས། དམིགས་བསལ་རྒྱུ་ཆ་གང་དག་དགོས་མིན་དང་དེ་དག་གི་ནུས་པ། འཆར་ཅན་དུས་ཚོད། དཔེ་མཚོན་འོས་པའི་བརྩམས་ཆོས། ལོ་རྒྱུས་རིག་གནས་ཤུལ་རྫས་ལ་སོགས་པ་མ་ལུས་པར་འབྲི་འོས། རིག་གནས་སྤེལ་གནས་ཟེར་བའི་ཁོངས་སུ་ཤུལ་བཞག་གང་དེ་འཛིན་སྐྱོང་སྤེལ་གསུམ་བྱ་སའི་བཟོ་ཁང་དང་འཁྲབ་ར། འགྲེམས་སྟོན་ཁང་། སྦྱོང་སྤེལ་ཁང་། ཤུལ་བཞག་དང་འབྲེལ་བ་ཡོད་པའི་གནའ་བོའི་འཛུགས་བསྐྲུན་ཤུལ་རྗེས་ལ་སོགས་པའི་རིག་གནས་བར་མཐོངས་དག་འབྲི་རུང་། དུས་རྒྱུན་མི་མང་པོས་ཤུལ་བཞག་དང་འབྲེལ་བ་ཡོད་པའི་བར་མཐོངས་རིག་གནས་སྐོར་འགོད་རྒྱུ་ལུས་འགྲོ་བ་མང་། ༡༥ ཤུལ་བཞག་གི་སྤྱིའི་ནང་དོན་གནད་བསྡུས་ཞེས་པ་ནི་སྙན་འབུལ་ཤུལ་བཞག་གི་གཞི་རྩའི་ནང་དོན་ཐམས་ཅད་ཕྱོགས་གཅིག་ཏུ་ཟླ་བསྒྲིལ་དགོས་པའི་དོན། དེ་ནི་གོང་འཁོད་རེའུ་མིག་སོ་སོར་བྲིས་པའི་ཤུལ་བཞག་གི་མིང་། ས་ཁམས་གནས་ཡུལ། ཁྱད་ཆོས། ནུས་པ་སོགས་པའི་ནང་དོན་ཁག་སྙིང་བསྡུས་བྱས་ན་འགྲིག་པ་ལས་སྐྱར་དུ་འབྲི་བའི་དགོས་པ་གང་ཡང་མ་མཆིས།
(3) སྲུང་སྐྱོབ་ཚན་པ་འོས་སྦྱོར།(建议保护单位)
དེ་ནི་རིག་གནས་ཤུལ་བཞག་ལ་སྲུང་སྐྱོབ་བྱེད་ནུས་ལྡན་པའི་ཚན་པ་ངོ་སྤྲོད་བྱེད་ཁུལ་ཡིན། སྤྱིར་འོས་སྦྱོར་བྱ་ཡུལ་ཚན་པ་དེ་ཁྲིམས་བཀོད་འཐུས་མི་ལྡན་པའི་སྤྱི་ཚོགས་ཚན་པ(བྱ་གཞག་ཚན་པ། སྤྱི་ཚོགས་ཚོགས་སྤྱི)ཡིན་དགོས་པ་གང་ཞིག་ཚན་པ་དེ་ལ་སྙན་འབུལ་རིག་གནས་ཤུལ་བཞག་དེའི་དཔེ་མཚོན་རྒྱུད་འཛིན་པ་དང་ཡིག་ཚགས་ཆ་ཚང་། ཤུལ་བཞག་སྲུང་སྐྱོབ་ལས་གཞིའི་ལག་བསྟར་ནུས་པ་ལྡན་པའི་ཁར་ཤུལ་བཞག་སྦྱོང་སྤེལ་དང་འགྲེམས་སྟོན་བྱ་ཡུལ། ཉེར་མཁོའི་སྒྲིག་ཆས་ཐད་ཀྱི་ཆ་རྐྱེན་འཛོམས་དགོས། སྲུང་སྐྱོབ་ཚན་པ་ནི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཀྱི་ཞིབ་ཕྲའི་ལས་ཀ་བསྒྲུབ་མཁན་ཡིན་པས་རིག་གནས་ཤུལ་བཞག་འཛིན་སྐྱོང་སྤེལ་བའི་ལས་ཀའི་ནང་མེད་ན་མེད་ཐབས་སུ་འགྱུར་ནའང་གོང་འཁོད་ཆ་རྐྱེན་མ་འཛོམས་ཚེ་ཤུལ་བཞག་སྲུང་སྐྱོབ་ལས་འགན་བསྒྲུབ་མི་ཐུབ། དེར་བརྟེན་ང་ཚོས་སྲུང་སྐྱོབ་ཚན་པ་འོས་སྦྱོར་བྱེད་སྐབས་འོས་སྦྱོར་བྱ་ཡུལ་ཚན་པ་དེའི་ཁྲིམས་བཀོད་འཐུས་མི་དང་རྩ་འཛུགས་སྒྲིག་གཞིའི་ཚབ་ཨང་ལག་ཁྱེར་གྱི་དཔང་ཡིག་དང་དེ་བསྟུན་ཚན་པ་དེར་རྒྱུད་འཛིན་པ་ག་ཚོད་ཡོད་མིན། ཤུལ་བཞག་དང་འབྲེལ་བའི་ཡིག་ཆ་ག་ཚོད་ཡོད་མེད། ཤུལ་བཞག་སྦྱོང་སྤེལ་དང་འགྲེམས་སྟོན་བྱ་ཡུལ་གྱི་ཁང་པའི་རྒྱ་ཁྱོན། དགོས་ངེས་སྒྲིག་ཆས་སོགས་ཇི་མ་ཇི་བཞིན་འབྲི་བར་མཁོ། དེ་ནས་ཚན་པ་དེས་རང་ཉིད་རིག་གནས་ཤུལ་བཞག་གི་སྲུང་སྐྱོབ་ཚན་པར་རེ་ཞུ་བྱེད་རྒྱུ་དང་རང་འགུལ་ཐོག་ཤུལ་བཞག་སྲུང་སྐྱོབ་འགན་འཁྲི་བསྒྲུབ་རྒྱུ་མ་ཟད། ད་དུང་རིག་གནས་ཚན་པའི་ལྟ་སྐུལ་དང་ལེན་བྱེད་རྒྱུའི་ཁས་ལེན་ཡི་གེ་འབྲི་དགོས། དེ་ཚོ་སྙན་ཞུའི་འགྲོ་སྟངས་ཡིན།
(4) སྲུང་སྐྱོབ་འཆར་འགོད་ཀྱི་ནང་དོན།(保护计划内容)
གོང་གླེང་སྙན་ཞུའི་གཞི་རྩའི་ནང་དོན་དུ་རང་གི་རིག་གནས་ཤུལ་བཞག་ལ་ལོ་རྒྱུས་དང་ཁྱད་ཆོས། རིན་ཐང་ལྡན་པ་སོགས་ངོ་སྤྲོད་བྱེད་པ་དང་དུས་མཚུངས་རིག་གནས་ཤུལ་བཞག་དེ་ཉམས་རྒུད་སྟོངས་ཉེའི་གནས་སུ་གྱར་བའི་སྐོར་གསལ་བཤད་བྱུང་ཡོད། རིག་གནས་ཤུལ་བཞག་སྙན་ཞུ་འབུལ་བ་ནི་ལས་ཀའི་བརྒྱུད་རིམ་ཞིག་ཡིན་པ་ལས་དེའི་མཐར་ཐུག་གི་དམིགས་ཡུལ་ནི་ཤུལ་བཞག་དེ་ཉིད་ལ་སྲུང་སྐྱོབ་བྱ་རྒྱུ་ཁོ་ན་ཡིན་གཤིས་སྲུང་སྐྱོབ་འཆར་གཞི་འདིང་གལ་ཆེ། རེའུ་མིག་དེའི་ཆ་ཤས་སུ་ཕྱོགས་གསུམ་གྱི་ནང་དོན་འབྲི་དགོས། ༡ སྲུང་སྐྱོབ་བྱེད་ཐབས་གང་དག་སྤྱད་པ་དང་དེ་བསྟུན་གྲུབ་འབྲས་གང་ཐོབ་ཡོད་མེད་སྐོར་ལ་རིག་གནས་ཤུལ་བཞག་དེ་རིམ་པ་གང་ཞིག་གི་ཐོ་གཞུང་ནང་ཚུད་རྗེས་སྲུང་སྐྱོབ་ཚན་པས་དེའི་སྲུང་སྐྱོབ་དང་རྒྱུད་འཛིན་དོན་དུ་བྱེད་ཐབས་གང་དག་སྤྱད་པ། སྲུང་སྐྱོབ་མ་དངུལ་ག་ཚོད་བཏང་བ། ཤུལ་བཞག་དེ་རྒྱུད་འཛིན་དར་སྤེལ་གང་འདྲ་བྱུང་ཡོད་མེད་ཐད་ཀྱི་སྔར་སོང་གྲུབ་འབྲས་རེ་རེ་བཞིན་བྲིས་ན་ཆོག་མོད་དེ་དག་རྒྱས་བཤད་བྱེད་དོན་ཅང་མ་མཆིས། ༢ དེ་ནས་ལོ་ལྔའི་འཆར་གཞིའི་ནང་དོན་གཙོ་བོ་འབྲི་ཁུལ་དུ་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱེད་ཐབས་ལ་བསྟུན་ནས་ཕྱིས་འབྱུང་དོན་ཐོག་ཏུ་སྐྱེལ་ཐུབ་པའི་འཆར་གཞི་བསྐོར་དགོས། སྲུང་སྐྱོབ་བྱེད་ཐབས་གྲས་སུ་ཤུལ་བཞག་གི་རྒྱུན་མཐུད་ནུས་པ(存续力)སྐྱོང་བའི་ཡིག་ཚགས་བཟོ་བ་དང་ཞིབ་འཇུག། ཉར་ཚགས། སྲུང་སྐྱོང་། དྲིལ་བསྒྲགས། ཁྱབ་སྤེལ། རྒྱུད་འཛིན། དར་སྤེལ་གཏོང་བ་སོགས་ཚུད། ང་ཚོས་རང་གི་ཤུལ་བཞག་གི་སྲུང་སྐྱོབ་དགོས་མཁོ་བཞིན་དེ་བསྟུན་བྱེད་ཐབས་སྤྱོད་པ་དགའ། འཆར་གཞིའི་ནང་དོན་ཁག་ཁ་གསལ་པོ། དོན་ཐོག་ཏུ་བསྐྱལ་བདེ་བ། གནས་ལུགས་རྒྱུ་མཚན་དང་མཐུན་པ་དགོས། ཕྲན་གྱིས་ལྷ་སའི་ཁུལ་གྱི་མངོན་མིན་རིག་གནས་ཤུལ་བཞག་དཔྱད་འདེམས་ཚོགས་འདུ་འགའ་ཞིག་གི་ཐོག་ཏུ་རིགས་གཅིག་མཁས་པ་མང་པོ་ཞིག་གིས་ཤུལ་བཞག་དཔྱད་འདེམས་སྐབས་སུ་དེའི་སྲུང་སྐྱོབ་འཆར་གཞིར་ཞིབ་ཕྲའི་དོ་སྣང་མི་བྱེད་པའི་སྣང་བ་བྱུང་། དེའང་རིགས་གཅིག་མཁས་པའི་སྐྱོན་ཆེན་པོ་ཞིག་ཏུ་མཐོང་། གལ་ཏེ། མངོན་མིན་རིག་གནས་ཤུལ་བཞག་ལ་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་ནའང་སྙན་ཞུའི་ནང་གི་སྲུང་སྐྱོབ་འཆར་གཞི་ཡག་པོ་མེད་ཚེ་སྙན་ཞུ་འབུལ་མཁན་གྱིས་སྙན་ཞུ་ཕུལ་ཏེ་ཞིབ་ཕྲའི་སྲུང་སྐྱོབ་ལས་ཀ་གང་དག་བྱེད་དགོས་མིན་མ་ཤེས་པའི་རྟགས་རེད། དེའང་ཕྱིས་སུ་དོ་སྣང་བྱ་ཡུལ་ཞིག་རེད་འདུག ༣ དེ་ནས་ལོ་ལྔའི་འཆར་གཞིའི་སྔོན་རྩིས་རྒྱག་དགོས། དེའི་ནང་དུ་གོང་གསལ་ལོ་ལྔའི་འཆར་གཞིའི་ནང་དོན་གཙོ་བོ་གཏན་འཁེལ་ཟིན་པ་ལྟར་རེའུ་མིག་ནང་ལོ་རེ་རེར་བསྒྲུབ་རྒྱུའི་ལས་ཀ་ཁག་ཁ་འཕྲལ་ཏེ་འབྲི་དགོས། དེ་དང་བསྟུན་ནས་འགྲོ་གྲོན་སྔོན་རྩིས་རྒྱག་དགོས། རེའུ་མིག་དེར་ནང་གསེས་ཁག་ལྔ་ཡོད། དང་པོ་སྲུང་སྐྱོབ་ལས་ཀའི་ནང་དོན་གང་ཡིན་པ་དེའི་མིང་འབྲི་བ། དེ་ནས་ལས་ཀ་དེར་མ་དངུལ་ག་ཚོད་གཏོང་དགོས་མིན། དེ་ནས་གཞི་འཛིན་གསལ་བཤད་ཅེས་པ་དེའི་ནང་སྲུང་སྐྱོབ་ལས་ཀ་གང་སྤེལ་རྩིས་ཡིན་པ་དེ་བསྟུན་གོང་ཞུས་ནང་དོན་ཟུར་འཇུག་བྱེད་དགོས། དེ་ནས་དམིགས་ཚད་སྔོན་དཔག་ཅེས་པ་དེའི་ནང་སྲུང་སྐྱོབ་ལས་ཀ་དེ་བསྒྲུབ་རྗེས་གྲུབ་འབྲས་ག་རེ་འཐོབ་མིན་སྐོར་སྔོན་དཔག་བྱེད་དགོས། མ་དངུལ་ཡོང་ཁུངས་ཞེས་པའི་ནང་མ་དངུལ་ཡོང་ཁུངས་ཁག་གཉིས་ཡོད། གཅིག་སྲུང་སྐྱོབ་ཚན་པ་རང་ངོས་ནས་མ་དངུལ་ག་ཚོད་གྲབས་གསོག་ཡོད་མེད། གཉིས་ས་གནས་ཚན་པ་ནས་ག་ཚོད་གཏོང་དགོས་མིན་དེ་ཡིན། ང་ཚོའི་སྙན་ཞུ་ལ་ལའི་སྔོན་རྩིས་ནང་མ་དངུལ་ཚང་མ་གཞུང་ལ་ལྟོགས་སླ་བྱེད་པ་ལས་སྲུང་སྐྱོབ་ཚན་པ་རང་ངོས་ནས་མོག་ཙེ་གཅིག་གཏོང་རྩིས་མིན་འདུག དེ་ལུགས་མཐུན་མ་རེད། རེའུ་མིག་ལྟ་མཁན་ཡང་བགད་མོ་ཤོར་སྲིད། དེ་ནས་འགན་སྲུང་བྱེད་ཐབས་ཞེས་པ་ནི་གོང་ཞུས་འཆར་གཞི་ལེགས་གྲུབ་ཡོང་བའི་འགན་ལེན་ཡིན་པས་ལྷ་ཡིད་ཆེས་པ་དང་འདྲེ་ཁོ་ཐག་ཆོད་པ་ཟེར་བའི་དཔེ་ལྟར་འགན་སྲུང་བྱེད་ཐབས་ཞིབ་པར་གླེང་དགོས། དེའང་སྲིད་ཇུས་དང་རྩ་འཛུགས། མི་སྣ། མ་དངུལ་སོགས་ཀྱི་ཐད་ནས་ལམ་སྲོལ་བཟོས་ཏེ་འཆར་གཞི་ལེགས་གྲུང་ཡོང་བའི་འགན་ལེན་བྱེད་དགོས། དཔེར་ན། འགོ་ཁྲིད་ཚོགས་ཆུང་བཙུགས་ནས་ས་གནས་སྲིད་གཞུང་དང་རིག་གནས་ཚན་པའི་མཛུབ་སྟོན་ལྟ་སྐུལ་འོག་ཏུ་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་བཅའ་ཁྲིམས་གཞིར་བཟུང་ཤུལ་བཞག་རྒྱུད་འཛིན་ལ་ཕན་པའི་སྲིད་ཇུས་འདོན་རྒྱུའི་སྐོར། ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་ཏེ་སྲུང་སྐྱོབ་ལས་དོན་ཏན་ཏིག་བསྒྲུབ་རྒྱུའི་སྐོར། སྦྱོང་བརྡར་ལམ་ལུགས་བཟོས་ནས་རྒྱུད་འཛིན་མི་སྣ་གསོ་སྐྱོང་བྱ་རྒྱུའི་སྐོར། སྤྱི་ཚོགས་མ་དངུལ་དང་ནོར་སྲིད་མ་དངུལ་བརྩོན་ལེན་ཞུས་ནས་སྲུང་སྐྱོབ་ལས་དོན་གྱི་འགྲོ་གྲོན་འགན་ལེན་ཞུ་རྒྱུའི་སྐོར་སོགས་འབྲི་ན་འཚམ།
གཞན་ཡང་སྙན་ཞུའི་སྐབས་སུ་རིག་གནས་ཤུལ་བཞག་གི་པར་རིས་བཅུ་མཁོ་འདོན་བྱེད་དགོས། པར་རིས་དེ་དག་ཡིན་གཅིག་ཤུལ་བཞག་གང་དེ་འཚོ་བའི་ནང་ལག་ལེན་བྱེད་པའི་རྒྱུད་རིམ་དང་དེའི་དམིགས་བསལ་ལྡན་པའི་རིག་གནས་བར་མཐོངས་ཀྱི་ཆ་ཤས་དངོས་མཚོན་ཐུབ་པའི་དཔེ་མཚོན་པར་རིས་ཡིན་དགོས། དམངས་ཁྲོད་རྩོམ་རིག་ལ་མཚོན་ན། དེ་ངག་ཐོག་ནས་རྒྱུད་འཛིན་བྱེད་པའི་གནས་སྐབས་གནས་ཚུལ་དང་དེའི་དམིགས་བསལ་གྱི་རིག་གནས་སྤེལ་ཡུལ། རྒྱུད་འཛིན་པའི་དམིགས་བསལ་ཆ་ལུགས། གསན་པ་པོའི་གནས་ཚུལ་སོགས་པར་དུ་ལེན་དགོས། སྲོལ་རྒྱུན་རོལ་མོར་ཆ་བཞག་ན། གླུ་གཏོང་བ་དང་རོལ་ཆ་དཀྲོལ་གཏོང་བྱེད་པའི་རྒྱུད་རིམ་དང་དམིགས་བསལ་ལྡན་པའི་རོལ་ཆ། གཞས་ཚིག་གཞས་གདངས་མཚོན་པའི་བརྩམས་ཆོས་སོགས་དང་སྲོལ་རྒྱུན་ཞབས་བྲོར་མཚོན་ན། འཚོ་བ་དངོས་ནང་ཞབས་བྲོ་འཁྲབ་པའི་བརྒྱུད་རིམ་དང་དམིགས་བསལ་ཁྱད་ཆོས་མཚོན་པའི་རྐང་སྟབས་ལག་སྟབས། ཞབས་བྲོའི་རུ་བསྟར། དམིགས་བསལ་ཁྱད་ཆོས་ལྡན་པའི་འཁྲབ་ཆས། འཁྲབ་ཡུལ། དེ་བཞིན་གཟིགས་མོ་བས་གཟིགས་མོ་གཟིགས་བཞིན་པའི་རྣམ་པ་སོགས་པར་ལེན་ན་ཆོག སྲོལ་རྒྱུན་ཟློས་གར། དེ་ནི་གོང་ཞུས་སྲོལ་རྒྱུན་ཞབས་བྲོའི་པར་ལེན་སྟངས་དང་འདྲ་བ་ཡིན། དེའི་ནང་འཚོ་བའི་ཁྲོད་འཁྲབ་སྟོན་བྱེད་པའི་བརྒྱུད་རིམ་དང་གཞུང་འཁྲབ་སྟོན་བྱེད་ཚུལ། འཁྲབ་དཔེ། དམིགས་བསལ་ལྡན་པའི་འཁྲབ་ཆས། རོལ་ཆ། དོ་ར་སོགས་པར་དུ་ལེན་དགོས། གཞས་མ་གཏམ། དེའི་ནང་གཞས་མ་གཏམ་གྱི་རྩ་བའི་ཁྱད་ཆོས་བཟུང་ནས་ཁ་བཤད་རྒྱག་པ་དང་ལད་མོ་བྱེད། བགད་མོ་སློང་བ། གླུ་གཏོང་བའི་ཚུལ་དང་པར་ལེན་དགོས། སྲོལ་རྒྱུན་ལུས་རྩལ། རོལ་རྩེད་དང་རྩལ་རྩེད། དེའི་ནང་ལག་ལེན་བྱེད་པའི་བརྒྱུད་རིམ་དང་དམིགས་བསལ་ལྡན་པའི་རྩལ། བྱེད་སྒོ་སྤེལ་ཡུལ་སོགས་བྱུང་ན་འགྲིག སྲོལ་རྒྱུན་མཛེས་རྩལ། དེའི་ནང་བརྒྱུད་རིམ་དང་འབྲེལ་ཡོད་ལག་ཆ། འབྲེལ་ཡོད་རྒྱུ་ཆ། གནད་འགག་ཆེ་སའི་ལག་རྩལ། དཔེ་མཚོན་བརྩམས་ཆོས་ཀྱི་པར་བྱུང་ན་འཐུས། སྲོལ་རྒྱུན་ལག་རྩལ། ལག་རྩལ་གྱི་བརྒྱུད་རིམ་དང་དམིགས་བསལ་རྒྱུ་ཆ། དམིགས་བསལ་ལག་ཆ་སོགས་བྱུང་ན་ཆོག སྲོལ་རྒྱུན་གསོ་རིག་སྨན་བཅོས་བྱེད་པའི་རྒྱུད་རིམ་དང་སྨན་རྒྱུ། སྨན་གཞུང་། སྨན་ཆས་སོགས་བྱུང་ན་འཐུས། དམངས་སྲོལ། བྱེད་སྒོའི་བརྒྱུད་རིམ་དང་བྱེད་སྒོའི་དད་རྟེན་ཞུ་ཡུལ། ཁྱད་ཆོད་ལྡན་པའི་བྱེད་སྒོ་སྤེལ་གནས་སོགས་མཚོན་པའི་པར་བྱུང་ན་འཐུས། པར་རིས་ནི་རིག་གནས་ཤུལ་བཞག་གི་རྣམ་པ་ཐད་ཚོར་ཐུབ་པའི་གཞོགས་འདེགས་དཔྱད་གཞི་ཡིན་པས་ཡིན་གཅིག་ཁ་གསལ་པོ་དང་གནད་ལ་ཁེལ་པོ་དགོས། དུས་རྒྱུན་མི་མང་པོ་ཞིག་གིས་པར་རིས་རབ་རིབ་དང་ཛ་རེ་ཛོ་རེ་ཆེ་བ། ལག་ལེན་གྱི་བརྒྱུད་རིམ་ཁག་ལ་འགུལ་འགྱུར་གྱི་རྣམ་པ་མི་མངོན་པའི་རིགས་མང་བས་དེ་དག་སྤོང་བར་བྱ།
མཇུག་གཏམ།
ལྕང་རྩ་མ་བརྟན་ན། སྡོང་པོ་ག་ལ་བརྟན། མངོན་མིན་རིག་གནས་ཤུལ་བཞག་གི་སྙན་ཞུ་ནི་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལས་དོན་གྱི་རྨང་གཞིའི་ལས་ཀ་ཡིན་པ་དང་། གལ་ཏེ་སྙན་ཞུའི་དམིགས་ཡུལ་གསལ་པོ་མ་རྟོགས་པ་དང་། སྙན་ཞུ་འབྲི་རྩོམ་དང་འཆར་འགོད་ཡག་པོ་མ་བྱུང་ཚེ། ཤུལ་བཞག་སྲུང་སྐྱོབ་ལས་ཀའི་ཕྱིས་འབྱུང་ཡག་པོ་ཡོང་མི་སྲིད། མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལས་ཐོག་པ་ཚོས་ངེས་པར་དུ་དོན་དེར་དོ་སྣང་བྱེད་རན། མིག་སྔར་སྲུང་སྐྱོབ་ལས་དོན་པ་མི་ཉུང་བ་ཞིག་གིས་རང་སོ་སོས་ལག་པ་འགུལ་ནས་སྙན་ཞུ་འབྲི་མྱོང་ཨེ་ཡོད་ན། དེའི་ཐད་ལ་དོགས་པ་ཡོད། དྲང་པོ་ཞུས་ན་སྙན་ཞུ་འབྲི་བ་ནི་དངོས་མིན་རིག་གནས་ཤུལ་བཞག་ལ་རྒྱུས་མངའ་བྱེད་པའི་གོ་སྐབས་ཡག་ཤོས་ཤིག་ཡིན་ཏེ། སྙན་ཞུ་འབྲི་རིང་ཡང་སྙིང་བྱ་དངོས་གང་ཞིག་མངོན་མིན་རིག་གནས་ཤུལ་བཞག་ཡིན་མིན་དང་དེར་སྲུང་སྐྱོབ་བྱེད་དགོས་དོན་གང་ཡིན་པ། སྲུང་སྐྱོབ་བྱ་སའི་གནད་གཙོ་བོ་དེ་གང་ཡིན་པ་སོགས་དོན་དག་མང་པོ་འགོ་འཚོས་ཐུབ། གལ་སྲིད་ལོ་མང་མངོན་མིན་རིག་གནས་ཤུལ་བཞག་གི་ལས་གནས་སུ་བསྡད་དེ་སྙན་ཞུ་གཅིག་གཉིས་ཙམ་ཡང་འབྲི་མ་མྱོང་ཚེ། མི་ཚེ་རི་ལ་བསྐྱལ་རུང་རི་དྭགས་ངོ་མ་ཤེས་པའི་དཔེ་འགྱུར་སྲིད། ང་ཚོའི་ལས་དོན་པས་ཡིན་གཅིག་ལག་པ་འགུལ་ནས་ནམ་རྒྱུན་སྙན་ཞུ་རེ་གཉིས་འབྲི་ཐུབ་པ་བྱེད་དགོས། ལྷག་པར་དུ་སྤྱི་པའི་ཁེ་ཕན་དང་འབྲེལ་བ་ཆེ་བའི་རིག་གནས་ཤུལ་བཞག་མང་པོ་ཞིག་ལ་སྙན་ཞུ་འབྲི་མཁན་མེད་པར་ལུས་ཡོད་པས་དེའི་ཐད་དོ་སྣང་མང་ཙམ་བྱེད་དགོས་ཀྱི་འདུག རང་ལྗོངས་སུ་མངོན་མིན་རིག་གནས་ཤུལ་བཞག་གི་སྙན་ཞུ་འབྲི་བར་ཐོག་མར་ཤང་གྲོང་དུ་སོང་སྟེ་བོད་སྐད་ལམ་ནས་བཅར་འདྲི་བརྟག་དཔྱད་བྱེད་པ་དང་། སྙན་ཞུ་དངོས་སུ་འབྲི་སྐབས་རྒྱ་ཡིག་ལམ་ནས་འབྲི་དགོས་རྐྱེན་ལས་དོན་པར་རྒྱ་བོད་ཡིག་རིགས་གཉིས་ཀའི་ཆ་རྐྱེན་ཚང་དགོས། དེང་དུས་ལས་དོན་པ་ཕལ་ཆེ་བ་རྒྱ་བོད་གཉིས་ཀ་སྦྱངས་མྱོང་བ་ཤ་སྟག་ཡིན་པ་དང་། ནང་སའི་སློབ་ཆེན་ཁག་ནས་ཐོན་པའི་ལས་དོན་པའི་རྒྱ་ཡིག་གི་ཆུ་ཚད་མཐོ་པོ་འདུག་པས་སྙན་ཞུ་འབྲི་བར་དཀའ་ལས་ཅང་མ་མཆིས། གལ་ཏེ། ང་ཚོ་རང་གིས་འབད་བརྩོན་བྱས་ཏེ་སྤུས་ཚད་ལྡན་པའི་སྙན་ཞུ་རེ་ཟུང་འབྲི་ཐུབ་ཚེ། སྙན་ཞུའི་དཔེ་མཚོན་མང་དག་ཡོང་རྒྱུར་ཕན་པ་ཆེ། མཚམས་འདི་ནས་མངོན་མིན་རིག་གནས་ཤུལ་བཞག་གི་སྙན་ཞུ་འབྲི་སྟངས་དང་འཆར་འགོད་སྐོར་རེ་ཞིག་མཇུག་རྫོགས་སོང་། གལ་ཏེ་རྩོམ་ཐུང་འདིས་རང་ལྗོངས་ཀྱི་གྲོང་ཁྱེར་དང་ས་ཁུལ། རྫོང་ཁག་གི་སྙན་ཞུའི་སྤུས་ཚད་མཐོར་འདེགས་བྱ་རྒྱུའི་ཐད་ལ་ཕན་པ་ཅུང་ཟད་ཐོན་ཐུབ་ཚེ། རྩོམ་འདིའི་ངལ་བ་འབྲས་མེད་མ་ཡིན། །
༢༠༢༢ལོའི«བོད་ལྗོངས་སྒྱུ་རྩལ་ཞིབ་འཇུག»དུས་དེབ་གསུམ་པ་ནས་དྲངས།
འབྲེལ་ཡོད་འོས་སྦྱོར།