logo

༄༅། །མཁྱེན་ལུགས་རྒྱུན་འཛིན་པ་འགའ་ཞིག་གི་མཛད་རྣམ་སྐོར་རགས་ཙམ་གླེང་བ།

རྩོམ་པ་པོ།:ལྷག་པ། ཡོང་ཁུངས།:བོད་ལྗོངས་སྒྱུ་རྩལ་ཞིབ་འཇུག དུས་ཚོད།:2023-02-06 ཀློག་གྲངས།:
ནང་དོན་གནད་བསྡུས། རྩོམ་ཡིག་འདིའི་ནང་བོད་ཀྱི་ཆོས་འབྱུང་རྣམ་ཐར་སོགས་ཚད་ལྡན་གྱི་ཡིག་ཚང་ཁག་དཔྱད་གཞིར་བཟུང་ནས། གོང་དཀར་སྒང་སྟོད་མཁྱེན་རྩེ་ཆེན་མོ་ཞེས་བོད་ཡུལ་དུ་ཉི་ཟླ་ལྟར་གྲགས་པའི་བཟོ་བོ་ཆེན་པོ་གང་དེའི་ཕྱག་བཞེས་ཀྱི་རྒྱུན་འཛིན་པའི་བཟོ་བོ་རྣམས་ཀྱི་མཛད་པའི་སྐོར་ལ་ཆེད་དུ་ཞིབ་འཇུག་མཛད་པའི་དཔྱད་འབྲས་སོགས་ཧ་ཅང་ཉུང་བར་གཞིགས་ཏེ། འདིར་མཁྱེན་ལུགས་ཀྱི་རྒྱུན་འཛིན་པའི་སྤྲུལ་པའི་བཟོ་བོ་སྦྱིན་པ་རྣམ་རྒྱལ་དང་རྣམ་རྒྱལ་རིག་པ། སྤྲུལ་སྐུ་རྡོ་རྗེ། གསང་སྔགས་མཁར་པ་ཆོས་མཛད་དང་ཚེ་འཕེལ་སོགས་པའི་སྐྱེས་བུ་ཆེན་པོ་དེ་དག་གིས་བོད་ཡུལ་གྱི་ས་ཕྱོགས་གང་སར་མཁྱེན་ལུགས་ཀྱི་མཛད་པ་བསྐྱངས་པའི་སྐོར་གྱི་མཛད་རྣམ་སྐོར་གླེང་འདུག
བརྡ་ཆད་གཙོ་བོ། མཁྱེན་ལུགས། རྒྱུན་འཛིན། བཟོ་བོ། མཛད་རྣམ།

       དེ་ཡང་རྒྱལ་མཆོག་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོས། བྱམས་མགོན་དབུས་འགྱུར་བྱོན་དང་འཇམ་དཔལ་གྱི། །རྩ་རྒྱུད་ལས་བསྟན་བྲིས་སྐུའི་བཀོད་པ་རྣམས། །སྟག་ལུང་དཔལ་མགོན་གཙོར་གྱུར་མཁྱེན་སྨན་གྱི། །ལུགས་འཛིན་རྣམ་དཔྱོད་རབ་ཡངས་ཚངས་པའི་སྤུན། །སོར་མོའི་འཕྲུལ་གྱིས་བྱེ་བ་ཕྲག་བརྒྱ་ཡི། །ཞིང་ཁམས་མངོན་སུམ་སྟོན་པའི་བྱེད་པོ་བཞིན། །[1]ཞེས་དང་། སྟག་ལུང་ཆོས་འབྱུང་ལས། ཕྱིས་ལྷོ་བྲག་སྨན་ཐང་པ་དང་། མཁྱེན་བརྩེ་ཆེན་མོ་བ་རི་མོའི་འདུ་བྱེད་རང་ངོས་ནས་བོད་ཡུལ་གྱི་བསྟན་འཛིན་ཆེན་པོ་དག་དང་བསྟན་པའི་སྦྱིན་བདག་དད་འབྱོར་ཅན་གྱི་འཕྲིན་ལས་སྒྲུབ་པར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཐུགས་རྗེས་མངོན་པར་སྤྲུལ་བའོ་ཞེས་བརྗོད་ཀྱང་མི་འགལ་བ་གཉིས་བྱུང་། དེང་སང་དེ་གཉིས་ཀྱི་རྗེས་སུ་འབྲེང་བ་ཁོ་ན་མང་།[2]ཞེས་གསུངས་པ་ལྟར། གོང་དཀར་ཁུལ་ལམ་ཡུལ་ཕྱོགས་གང་སར་མཁྱེན་རྩེ་ཆེན་མོའི་ཕྱག་སོར་གྱི་མཛད་པའི་རྒྱུན་འཛིན་པའི་བཟོ་བོ་མང་དུ་བྱོན་པར་གྲགས་ཀྱང་། དཔྱད་ཡིག་སོགས་ཤིན་ཏུ་དཀོན་པས་རྐྱེན་བྱས་ཏེ། རེ་རེ་བཞིན་རྒྱས་པར་བརྗོད་པའི་སྤོབས་པས་ཕོངས་ན་ཡང་། འདིར་གོང་དཀར་རྡོ་རྗེ་གདན་ཞེས་བྱ་བའི་ཆོས་གྲྭ་ཆེན་པོ་གང་དེར་བྱོན་པའི་སྤྲུལ་སྐུ་སྦྱིན་པ་རྣམ་རྒྱལ་དང་སྤྲུལ་སྐུ་རྣམ་རྒྱལ་རིག་པ། སྤྲུལ་སྐུ་རྡོ་རྗེ། གསང་སྔགས་མཁར་པ་ཆོས་མཛད་གཞོན་ནུ་དང་ཚེ་འཕེལ། དེ་བཞིན་སྤུས་ཁྱིམ་པ་སོགས་པའི་མཁྱེན་ལུགས་རྒྱུན་འཛིན་པ་འགའ་ཞིག་གི་མཛད་པ་མདོར་བསྡུས་ཙམ་གླེང་བ་ལ།
གཅིག སྤྲུལ་སྐུ་སྦྱིན་པ་རྣམ་རྒྱལ།
       གོང་དཀར་བ་སྤྲུལ་སྐུ་སྦྱིན་པ་རྣམ་རྒྱལ་ནི་སྤྱི་ལོའི་དུས་རབས་བཅུ་དྲུག་པའི་ནང་བྱོན་པའི་མཁྱེན་ལུགས་བྲིས་འབུར་གཉིས་ཀྱི་བཟོ་བོའི་ཕྱོགས་ལ་ཤིན་ཏུ་མཁས་པའི་སྐྱེས་བུ་ཞིག་ཡིན་ཞིང་། ཡིག་ཚང་དག་ན་ཁོང་གི་མཚན་གྱི་རྣམ་གྲངས་སུ་སྤྲུལ་སྐུ་སྦྱིན་པ་རྣམ་རྒྱལ་དང་སྤྲུལ་སྐུ་དགེ་སློང་སྦྱིན་པ་རྣམ་རྒྱལ། སྤྲུལ་སྐུ་སྦྱིན་པ། དྲུང་གནས་སྦྱིན་པ་སོགས་གསལ།
       འཇམ་མགོན་ཨ་མེས་ཞབས་ཀྱིས་མཛད་པའི་མགོན་པོའི་ཆོས་འབྱུང་ལས། སྔ་མོའི་དུས་སྤྲུལ་པའི་ལྷ་ཁང་ཆེན་པོའི་སྟེང་གི་མགོན་ཁང་ཁྱད་པར་ཅན་འདི་གསར་བཞེངས་མཛད་པའི་ཚེ། གོང་དཀར་བ་སྤྲུལ་སྐུ་སྦྱིན་པ་རྣམ་རྒྱལ་གྱིས་ལྷ་ཁང་ཆེན་མོའི་ཐིགས་ཁང་དུ་གུར་ཕུབ་ནས། མགོན་པོ་ཆེན་པོའི་རུ་ཤིང་དང་སྤེན་འཛུགས་ལ་འཇིམ་པ་ཕལ་ཆེར་གཡོགས་གྲུབ་མཚམས་གློ་བུར་དུ་རླུང་དམར་ཆེན་པོ་ལངས་ཏེ། གུར་བསྒྱེལ་ཞིང་ལས་བྱ་བྱེད་དང་བྲལ་བར་གྱུར་པའི་ཚེ། སྤྲུལ་སྐུ་ཉིད་ཀྱིས་སྔགས་འཆང་ཆོས་ཀྱི་རྒྱལ་པོ་ལ་དེའི་ཚུལ་རྣམས་ཞུས་པས་བདག་ཉིད་ཆེན་པོ་ཉིད་ཐུགས་འུར་ཉམས་དང་བཅས་འཕྲལ་དུ་ཕེབས་ཏེ། གཟིམ་ཆུང་གི་མདོའི་གཡབ་སྟེང་ནས་དཀར་གོང་ཞིག་བསྣམས་ཏེ། མགོན་པོའི་སྐྱ་བཟོ་ཕལ་ཆེར་གྲུབ་པ་དེ་ལ་བསྣུན་པ་གནང་སོང་བས། སྐུ་བཟོའི་སྐུའི་ནུ་མ་གཡས་པའི་འོག་ཙམ་དུ་ཐིམ་གྱིས་སོང་ཞིང་། དེ་མཐུན་གསུང་ལས། ང་ས་སྐྱའི་སྡེ་གོག་པོ་འདི་འཛིན་པ་དང་། གཙུག་ལག་ཁང་ཁྱད་པར་ཅན་འདི། དམ་ཉམས་ཚོའི་ལག་ཏུ་མི་འཁྱར་བའི་ཕྱིར། མགོན་ཁང་ཞིག་བཞེངས་བསམ་པ། ནག་བགྲད་ཁྱོད་གཏོར་མ་བཟའ་ཡི་སྡོད་པ་མ་གཏོགས། རླུང་པོ་འདི་ཙམ་བསྲུང་བའི་ནུས་པ་ཡང་མེད་པ་ཡང་ཨེ་ཡིན་ཞེས་གསུང་ཤུགས་ཆེན་པོ་དང་བཅས་བཀའ་བསྩལ་པ་ན། དེ་མ་ཐག་རླུང་དམར་ཐམས་ཅད་རང་ཞིར་གྱུར་ཅིང་། དུས་དེ་ནས་བཟུང་སྟེ་མགོན་ཁང་ནམ་གྲུབ་ཀྱི་བར་ལ་རྩུབ་འགྱུར་གྱི་རྣམ་པ་ཅུང་ཟད་ཙམ་ཡང་མ་བྱུང་བ་ཡིན་ཞེས་ཐོསཞེས་གསུངས་པ་དང་། ས་སྐྱའི་གདུང་རབས་ལས། དེ་འོག་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོ་ཡུམ་ཆེན་ཨེ་ཀ་ཛ་ཊཱི། འདོད་ཁམས་དབང་ཕྱུག་མ། ཞིང་སྐྱོང་ཆེན་པོ་བྲམ་གཟུགས། ལས་མཁན་ལྔ་དང་བཅས་པ་བཞུགས་པའི་མགོན་ཁང་ཁྱད་པར་དུ་འཕགས་པ་འདི་ཉིད་ཀྱང་གསར་བཞེངས་མཛད་པ་ཡིན་ལ། འདི་ཉིད་ཞལ་བཀོད་གནང་བའི་ཚེ། གོང་དཀར་བ་སྤྲུལ་སྐུ་སྦྱིན་པ་རྣམ་རྒྱལ་གྱིས་ལྷ་ཁང་ཆེན་པོའི་ཐིགས་ཁང་དུ་གུར་ཕུབ་ནས་མགོན་པོའི་སྤེན་འཛུགས་དང་རུ་ཤིང་ལ་འཇིམ་པ་ཕལ་ཆེར་གཡོག་གྲུབ་མཚམས། གློ་བུར་དུ་རླུང་དམར་ཆེན་པོ་ཞིག་ལངས་ཏེ། གུར་བསྒྱེལ་ཞིང་ལས་བྱ་བྱེད་དང་བྲལ་བར་གྱུར་པའི་ཚེ། ལྷ་བཟོ་པས་སྔགས་འཆང་ཉིད་ལ་དེའི་ཚུལ་རྣམས་ཞུས་པས་ན། བདག་ཉིད་ཆེན་པོ་ཐུགས་འུར་ཉམས་དང་བཅས་འཕྲལ་དུ་ཕེབས་ཏེ། གཟིམ་ཆུང་གི་མདོའི་གཡབ་སྟེང་ནས་དཀར་གོང་ཞིག་བསྣམས་ནས། མགོན་པོའི་སྐྱ་བཟོ་ཕལ་ཆེར་གྲུབ་པ་དེ་ལ་བསྣུན་པ་གནང་སོང་བས། སྐྱ་བཟོའི་སྐུའི་འོ་མ་གཡས་པའི་འོག་ཙམ་དུ་ཐིམ་སོང ཞེས་སོགས་གསུངས་པ་ལྟར། ས་སྐྱའི་སྔགས་འཆང་ཀུན་དགའ་རིན་ཆེན་གྱིས་སྤྱན་འདྲེན་ལྟར་སྤྲུལ་སྐུ་སྦྱིན་པ་རྣམ་རྒྱལ་གྱིས་དུས་རབས་བཅུ་དྲུག་པའི་དུས་དཀྱིལ་མཚམས་སུ། ས་སྐྱ་ལྷ་ཁང་ཆེན་མོའི་ཡང་སྟེང་དུ་དེང་དཀར་གོང་མགོན་པོར་གྲགས་པའི་མགོན་པོའི་སྐུ་བརྙན་དེ་ཉིད་གསར་བཞེངས་གནང་བ་རྟོགས་ཐུབ།
       ཡོལ་པ་མཁན་ཆེན་གཞོན་ནུ་བློ་གྲོས་ཀྱི་རྣམ་ཐར་ལས། གཙང་ཁང་གི་རྟེན་གཙོ་ཐུབ་ཆེན་གྱི་ཁྲི་རྒྱབ་ཡོལ་ཕྱག་བཟོ་ལ་གོང་དཀར་ནས་སྤྲུལ་སྐུ་དགེ་སློང་སྦྱིན་པ་རྣམ་རྒྱལ་འབྱོན།ཞེས་དང་། གོང་དཀར་རྡོ་རྗེ་གདན་དུ་སྤྲུལ་སྐུ་བ་ཕེབས་པའི་ཞབས་བསྐུལ་བྱས། དེ་འཕྲལ་དཔོན་སློབ་བཞི་ཕེབས། རྟ་ལོ(ཤིང་རྟ་༡༥༩༤ལོ)ཟླ་བ་དང་པོའི་མགོ་སྒང་ནས་བཟུང་ལྷ་ཆེན་བཟོ་འཕྲོ་ལ་ཆ་ཚད་ལུང་དང་མཐུན་པ་བཟོ་རིག་པ་མཁས་པར་གྲགས་པ་དོན་དང་ལྡན་པའི་ལག་རྒྱུན་བཟང་པོ་ཇི་ལྟ་བར་གཏན་ལ་ཕབ། བཟོ་ཁྱད་ཀྱི་རྣམ་འགྱུར་ཡང་རྒྱ་གར་དབུས་ཀྱི་ལྷ་རིས་དང་མཐུན་པར་ན་བཟའ་གོས་འཁྱུད་ཤ་མི་སྒྲིབ་ཀྱི་མཐའ་ལ་ཁ་ཆེའི་པ་ཊ་ཁོར་མོའི་འཕུལ་བྱ་རྒྱུའི་ཕྱག་བྲིས་བཏབ། ཞལ་རས་ཀྱི་ཁྱོན་གྱི་དཔེ་ལོགས་སུ་བཀར་བ་སྔ་མ་དེའི་འཁྲིས་སུ་ལྟ་བས་ཆོག་མི་ཤེས་པ་ཞིག་མཛད་པས། བལ་པོ་རྣམས་མགུ་སྟེ་དྲུང་གནས་སྦྱིན་པ་ཁྱེད་འགོ་མ་ནས་ཕེབས་ན་ལེགས་མགྱོགས་སུ་གྲུབ་རྒྱུ་ལ། ངེད་ཚོ་འཐོགས་གཞི་ཆེ་ཡང་ད་ལེགས་པོ་མ་བྱུང་དོགས་མི་དགོས་པ་འདུག་ཟེར། སྔ་གོང་ཚལ་དུར་བ་སོགས་ཀྱི་ཟངས་ཆུད་ཟོས་ལ་སོང་བ་རྣམས་བོར་གཞི་ནས་བརྡུང་དགོས་པ་བྱུང་རུང་། བལ་པོ་གསུམ་གྱིས་ཟླ་བ་ལྔའི་ཁོངས་སུ་འཕུལ་དང་བརྡར་གད་ཕལ་ཆེར་ཚར་དེ་བར་སྐབས་རེ་བལ་པོའི་སར་ཞལ་བཀོད་ལ་རེ་ཕེབས། སྤྲུལ་སྐུ་སྦྱིན་པ་རང་གི་ཕྱག་བཟོ་ཉིན་རེ་བཞིན་ཐུན་མ་ཆག་པར་ཟླ་བ་ཕྱེད་གཉིས་ཙམ་གྱི་བར་ལ་ཀླུ་ཁང་དཀར་ཕིབས་སུ་མགོན་པོ་གཙོ་འཁོར་རྣམས་ཀྱི་ཞལ་གྱི་དཀྱིལ་འཁོར་ཕྱག་གི་མཁྲིག་མ་ཕན་མགོན་འཕྲེང་གི་དོ་ཤལ་དང་བཅས་པ་གྲུབ་པར་མཛད། དེ་དུས་སྲིན་མོ་གསེར་གྱི་སྤུ་གྲིའི་ཞལ་བཟོས་ཟིན་འཕྲལ་གྱི་མཆེ་བའི་བར་དུ་རྒྱུ་མའི་གཟུགས་བརྙན་དུམ་བུ་ཞིག་གི་སྣེ་མོ་ཕུལ་བ་དང་། ཞལ་གྱི་ནང་ནས་དུ་བ་ལྟ་བུའི་ཁ་རླངས་པ་སྔོ་ཕྱུར་བ་ཞིག་ཐོན་ནས་ཐོག་མཚམས་སུ་སླེབས་པར་སོང་།ཞེས་གསུངས་པ་དང་། མགོན་ཁང་ཆེན་པོའི་རྟེན་གཙོ་གུར་ལྷ་བརྒྱད་ཀྱི་རུས་ཤིང་བཙུགས[3]ཞེས་དང་། རྡོ་རྗེ་ནག་པོ་ཆེན་པོ་དཔལ་གུར་གྱི་མགོན་པོ་ལྷ་བརྒྱད་ཐུན་མོང་མ་ཡིན་པའི་ཕྱག་མཚན་ཆ་ལུགས་དང་བཅས་པ། སྒོ་སྐྱོང་ཁྲོ་མོ་བཞི་རུ་འདྲེན་དང་བཅས་པ་ཡེ་ཤེས་ཀྱི་ལྷ་མངོན་སུམ་ལྟ་བུ་གྲུབ་པར་མཛད་པས། སྦྱིན་བདག་ཆེན་པོ་ནས་ཀྱང་སྤྲུལ་སྐུ་སྦྱིན་པ་བ་དཔོན་སློབ་ལ་བསྙེན་བཀུར་བཟང་པོ་དང་གསོལ་ཇ་རྡུམ། སྐུ་ཆོས་སྐུ་ཤམ། རྩེ་ཞྭ། གཞན་ཡང་འབུལ་ནོད་སྤུས་གཙང་མང་པོ་བསྟབས།ཞེས་དང་། ཕྱིས་བསྐྱར་དུ་རྟེན་གཙོ་ཐུབ་ཆེན་གྱི་རུས་ཤིང་འཛུགས་པ་སོགས་ལ་ཡང་ཕེབས།ཞེས་གསུངས་པ་སོགས་ལས། ཡར་ཀླུང་བཀྲ་ཤིས་རྩེའི་ཆོས་སྡེ་གསར་བཞེངས་ཀྱི་དུས། སྤྲུལ་སྐུ་སྦྱིན་པ་རྣམ་རྒྱལ་གྱིས་མགོན་ཁང་སོགས་པའི་ནང་གི་སྐུ་རྟེན་ཁག་བཞེངས་པར་གསལ།
       འབྲུག་པ་པད་མ་དཀར་པོའི་རང་རྣམ་ལས། འབྲུག་རྒྱལ་བྱེད་ཚལ་ཕྱག་བཏབ་པའི་དུས། དབུས་ནས་སྤྲུལ་སྐུ་སྦྱིན་པ་དཔོན་སློབ་ཁྲིད། རྒྱལ་བྱེད་ཚལ་གྱི་ལོགས་བྲིས། གདོང་ཆེན་ཐུབ་པ་གནས་བཅུ། དཀར་རྒྱུད་ཕོ་བྲང་། གཞན་སངས་རྒྱས་ཀྱིས་མཛད་པ་རགས་པ་བཏབ། སྤྱན་རས་གཟིགས་ཀྱི་ལྷ་ཁང་ལ་སྤྱན་རས་གཟིགས་ཀྱི་བྲིས་དང་ཚེ་དཔག་མེད་སོགས། སྟོད་དུ་བྱམས་པའི་ལི་མ་མི་ཚད་མ་བཞུགས་པ་ལ་ལི་མས་བསྐོར་བའི་ལོགས་བྲིས་ལ། བདེ་བ་ཅན་དང་ཉེ་བའི་སྲས་བཞིའི་རྣམ་ཐར་རགས་པ་ཙམ། བླ་མ་ལྷ་ཁང་བྲིས་ལ་དབང་རྒྱུད་ཁྲིད་ཀྱི་བླ་མ་ཀུན་ཚང་བ། འབུར་སྐུ་ཁྲུ་རེ་ལྷག་པ་སྨན་འདམ་ན་བཟའ་ཚོན་སི་གསེར་གྱིས་གཟི་འོད་ཆེ་བ། བཟོ་ཁྱད་མའི་དཀར་རྒྱུད་ཕྱག་མཆོད་ཀྱི་བླ་མ་ཚང་བཞེས་གསུངས་པ་དང་། འབྲུག་པ་ཐམས་ཅད་མཁྱེན་པའི་རྣམ་ཐར་ལས། དེ་ནས་ལུམ་པར་ལྕེ་བདེ་ནས་ཞལ་ངོ་སྒེར་གཞུང་སོ་སོ་ནས་གསོལ་ཕོགས་ཕུལ། ཟླ་བ་གསུམ་དང་ཞག་བཅུ་གཉིས་བཞུགས། དེར་སྤྲུལ་སྐུ་སྦྱིན་པ་རྣམ་རྒྱལ་དཔོན་སློབ་བཅུས། དུས་འཁོར་བདེ་མཆོག་སོགས་སྔགས་སྐུ་བཅུ་གཅིག་བཞེང་བར་ཚུགས། ཆོས་སྡེ་དང་འཕྱོངས་རྒྱས་ཀྱི་བྲིས་དཔེ་བཟང་པོ་ཀུན་བསྡུས། རིག་བྱེད་པ་མཁས་པ་ཕུལ་དུ་ཕྱིན་པ་དང་། ཐམས་ཅད་མཁྱེན་པ་ཆེན་པོའི་ཞལ་བཀོད་ཀྱིས་ཁྱབ་པ་སོགས་བྲིས་སྐུ་དབུས་གཙང་ཁམས་གསུམ་ན་དོ་ཟླ་མེད་པའི་ལེགས་པ་ཞིག་གྲུབཅེས་གསུངས་པ་ལྟར། ལྕགས་ཡོས་ཏེ༡༥༩༡ལོ་ཙམ་དུ་སྡེ་པ་ལུམ་པ་ནས་ཀྱིས་ལུམ་པ་རྫོང་དུ་སྤྲུལ་སྐུ་སྦྱིན་པ་རྣམ་རྒྱལ་དཔོན་སློབ་གདན་དྲངས་ཏེ་སྐུ་བརྙན་བཞེངས་རྗེས་འབྲུག་པ་ཐམས་ཅད་མཁྱེན་པས་རབ་གནས་མཛད་པ་སོགས་ཀྱིས་སྐོར་གསལ་བཞིན་མཆིས།
       མདོར་ན་དུས་རབས་བཅུ་དྲུག་པའི་ནང་དབུས་གཙང་ཕྱོགས་འདིར་སྤྲུལ་སྐུ་སྦྱིན་པ་རྣམ་རྒྱལ་དཔོན་སློབ་ནི་བཟོ་བོའི་རིགས་ལ་ཤིན་ཏུ་བྱང་ཆུབ་ལ། གྲུབ་མཐའ་རིས་མེད་ཀྱི་མཁས་པའི་དབུས་སུ་མིང་དུ་གྲགས་པའི་མཁྱེན་ལུགས་འཛིན་པའི་སྤྲུལ་པའི་བཟོ་བོ་ཞིག་ཡིན་པ་ནི་གོང་གསལ་གྱི་མཛད་པ་དེ་དག་ལ་མཁྱེན་ཐུབ།
གཉིས། སྤྲུལ་སྐུ་རྣམ་རྒྱལ་རིག་པ།
       ཆོས་རྗེ་རྣམ་རྒྱལ་རིག་པ་ནི་སྤྱི་ལོའི་དུས་རབས་བཅུ་དྲུག་པའི་ནང་བྱོན་ཞིང་། བཞུགས་ཡུལ་གོང་དཀར་རྡོ་རྗེ་གདན་གྱི་གཟིམ་སྤྱིལ་རྣམ་མཁྱེན་གྲོང་དུ་མཛད་པས་ན། རྣམ་མཁྱེན་གྲོང་པ་རྣམ་རྒྱལ་རིག་པ་ཞེས་དང་། མཁྱེན་ལུགས་ཀྱི་བཟོ་བོའི་རིག་བྱེད་ལ་ཤིན་ཏུ་མཁས་པས་ན། མཚན་གྱི་རྣམ་གྲངས་སུ་སྤྲུལ་སྐུ་རྣམ་རྒྱལ་རིག་པའམ་ཆོས་མཛད་རྣམ་རིག་པ།ཞེས་ཀྱང་གྲགས། རྫོང་ལུགས་དང་འབྲེལ་བའི་གསན་ཡིག་དག་ལ་གཞིགས་ན། ཁོང་གིས་བླ་ཆེན་ཡེ་ཤེས་དབང་པོ་དང་ཆོས་རྗེ་དབོན་པོ་ཀུན་དགའ་ལེགས་པ་གཙོ་བོར་གྱུར་བའི་བླ་མ་རྣམས་ལས། རྗེ་བཙུན་གོང་མ་ལྔའི་བཀའ་འབུམ་གྱི་ལུང་། སོགས་པའི་ཆོས་བཀའ་མཐའ་ཡས་པ་གསན་ཏེ། དུས་ཕྱིས་ཐོད་དཀར་བ་ངག་དབང་རྣམ་རྒྱལ་སོགས་པའི་སློབ་བུའི་ཚོགས་རྣམས་བསྐྱངས།
       ཡོལ་པ་མཁན་ཆེན་གཞོན་ནུ་བློ་གྲོས་ཀྱི་རྣམ་ཐར་ལས། ལུག་ལོའི(༡༥༩༥ལོ)དབྱར་གོང་དཀར་ཆོས་སྡེ་ནས་ཆོས་མཛད་རྣམ་རིག་པ་བྱོན་ནས་གཙང་ཁང་གི་གཡས་གཡོན་སྟོད་ངོས་ལ་སངས་རྒྱས་རབས་བདུན་སོགས་ཀྱི་ལྡེབས་བྲིས་དང་མགོན་ཁང་གི་རྟེན་ལ་ཡང་ཚོན་ཕལ་ཆེར་སྒྲོན།ཞེས་དང་། རྣམ་ཐར་དེའི་ནང་ད་དུང་། ཆོས་མཛད་རྣམ་རིག་པས་གཙང་ཁང་གི་ཉན་ཐོས་བྱང་སེམས་སྒོ་སྲུངས་དང་བཅས་པ་ཡང་སྔ་ཕྱིར་གྲུབ་པར་མཛད།ཅེས་སོགས་གསུངས་པར་གཞིགས་ན། ཡོལ་པ་མཁན་ཆེན་གཞོན་ནུ་བློ་གྲོས་ཀྱིས་དུས་རབས་བཅུ་དྲུག་པའི་དུས་མཇུག་ཏུ་ཡར་ཀླུང་བཀྲ་ཤིས་རྩེའི་ཆོས་སྡེ་འདེབས་སྐབས། གཙང་ཁང་གི་ལྡེབས་བྲིས་སོགས་པའི་བཟོ་བོའི་ལས་རྣམས་ནི་སྤྲུལ་སྐུ་འདི་ཉིད་ཀྱི་ཕྱག་སོར་གྱི་འཕྲུལ་ལས་བྱུང་བ་ནི་ཡིག་ཚང་དག་ལས་གསལ་བཞིན་ལགས།
གསུམ། སྤྲུལ་སྐུ་རྡོ་རྗེ།
       སྤྲུལ་སྐུ་རྡོ་རྗེ་ནི་སྤྱི་ལོའི་དུས་རབས་བཅུ་དྲུག་པའི་ནང་བྱོན་ཞིང་། མང་ཐོས་ཀླུ་སྒྲུབ་རྒྱ་མཚོའི་རང་རྣམ་ལས། ཆུ་ཕོ་རྟའི་ལོ(༡༥༨༢ལོ)དབྱར་གྱི་ཆ་ལ་སྤྲུལ་སྐུ་རྡོ་རྗེས་གནས་བཅུ་སི་ཐང་ལུགས་མཁྱེན་རྩེའི་ཕྱག་སྲོལ་བཞིན་དང་། ཚེ་དཔག་མེད་རྒྱན་དྲུག་གིས་བསྐོར་བའི་ཞིང་ཁམས་གཉིས། མཁན་རིན་པོ་ཆེ་བློ་གྲོས་རྣམ་པར་རྒྱལ་བས་གནང་སྦྱིན་སོགས་བདག་རྐྱེན་མཛད་ནས་བཞེངས། སྒོ་མཆོར་ཤིང་རྩི་གསེར་ཤོག་དང་བཅས་པ། ཆོས་གྲྭ་ནང་གི་ཐོག་ཕུབ་སྐྱང་ནུལ་དང་བཅས་པ་གྲུབ། ཆོས་གྲྭ་ཕྱིར་རྐང་འཐུང་གསར་པའི་སྐྱེད་ཚལ་མེ་ཏོག་སྣ་ཚོགས་བཀྲ་བའི་བཀོད་པ་ཡང་བགྱིས་པ་ལགས། ཤིང་བྱ་ལོར(༡༥༨༥ལོ)ཨོ་རྒྱན་པའི་ཞིང་ཁམས་སྔོན་གྱི་ལོ་པཎ་གྱི་བསྐོར་བ་དང་། མེ་ཁྱི་ལོར(༡༥༨༦ལོ)གྲུབ་ཐོབ་བརྒྱད་ཅུའི་ཞིང་ཁམས་གསེར་ཤོག་མ་གཉིས་བཞད(འཇད)ནས་ཁང་པས་སྦྱིན་བདག་བྱས་ནས་བཞེངས། རི་མོ་མཁན་ཨྱོན་པའི་ཞིང་ཁམས་སྤྲུལ་སྐུ་རྡོ་རྗེས་མཁྱེན་ལུགས་བྲིས། ཤིང་བྱ་ལོར(༡༥༨༥ལོ)རྗེ་བླ་མ་ཕྱོགས་ལས་རྣམ་རྒྱལ་བའི་ཞིང་ཁམས་དྲུང་ཆེན་བློ་གསལ་དབང་པོས་སྦྱིན་བདག་བྱས་ནས་སྤྲུལ་སྐུ་རྡོ་རྗེས་བཟབས་བྲིས་མཁྱེན་ལུགས་སུ་ལེགས་པ་ཡོད།ཅེས་གསུངས་པ་ལྟར། དེང་གཞིས་རྩེ་ལྷ་རྩེ་རྫོང་ཁུལ་ཡོད་པའི་གཉན་ཡོད་བྱ་གཤོངས་དགོན་གྱི་སྐུ་ཐང་འགའ་ཞིག་དུས་རབས་བཅུ་དྲུག་པའི་དུས་མཇུག་ཏུ་མཁྱེན་ལུགས་པ་སྤྲུལ་སྐུ་རྡོ་རྗེས་བྲིས་པར་གསལ་བཞིན་མཆིས།
བཞི། གསང་སྔགས་མཁར་པ་ཆོས་མཛད་གཞོན་ནུ་དང་འབྲས་སྤུངས་སློབ་དཔོན་ངག་དབང་འཕྲིན་ལས་སོགས།
       གསང་སྔགས་མཁར་པ་ཆོས་མཛད་གཞོན་ནུ་ནི་སྤྱི་ལོའི་དུས་རབས་བཅུ་བདུན་པའི་མཚམས་སུ་བྱོན་ཞིང་། གོང་དཀར་ཆོས་སྡེའི་གཟིམ་སྤྱིལ་གསང་སྔགས་མཁར་དུ་བཞུགས་ཡུལ་མཛད་པས་ན་གསང་སྔགས་མཁར་པ་ཞེས་མཚན་ཟུར་དུ་ཐོགས་པར་གྲགས་པ་དང་། འབྲས་སྤུངས་སློབ་དཔོན་ངག་དབང་འཕྲིན་ལས་ཀྱང་གསང་མཁར་ཆོས་མཛད་གཞོན་ནུ་དང་དུས་མཉམ་པར་བྱོན་པའི་བཟོ་བོ་ཞིག་ཡིན་ཞིང་། གོང་དཀར་ཆོས་སྡེའི་གྲྭ་ཚང་ཆེན་པོ་བཞིའི་ཡ་གྱལ་འབྲས་སྤུངས་གྲྭ་ཚང་གི་རྡོ་རྗེ་སློབ་དཔོན་གྱི་ཐུགས་འཁུར་བཞེས་པས་ན། མཚན་ཟུར་དུ་འབྲས་སྤུངས་སློབ་དཔོན་པ་ངག་དབང་འཕྲིན་ལས་ཞེས་སུ་ཐོགས། ལྷ་ལྡན་གཙུག་ལག་ཁང་དང་ར་མོ་ཆེའི་ལྡེབས་བྲིས་སོགས་ཉམས་གསོ་གནང་སྐབས་གསང་མཁར་ཆོས་མཛད་གཞོན་ནུ་དང་འབྲས་སྤུངས་སློབ་དཔོན་ངག་འཕྲིན་གཉིས་ཀྱིས་དབུ་ཆེན་གྱི་འགན་འཁུར་བཞེས་ནས་ཡོད་པར་གསལ།
       རྒྱལ་དབང་སྐུ་ཕྲེང་ལྔ་པས། འཕྲེང་བའི་དཀྱིལ་ཐང་བཞེངས་དགོས་ཡོད་པ་སྡེ་པས་དང་དོད་ཀྱིས་ཁུར་བཞེས་ཏེ་ལས་གྲྭ་འཛུགས་པའི་སྒོ་དོད། དེའང་ཞི་བའི་རིགས་ལ་སྨན་ཐང་པ་དང་ཁྲོ་བོ་དང་དཀྱིལ་ཐང་ལ་མཁྱེན་རྩེ་བ་བྱང་ཆུབ་པས་ལུགས་གཉིས་ཀ་མ་ནུབ་པ་ཞིག་དགོས་རྒྱུར་སྡེ་པ་བསོད་ནམས་རབ་བརྟན་གྱི་དུས། མཁྱེན་རྩེ་ཕྱོགས་ཀྱི་རི་མོ་བས་གོ་མ་ལོ་བ་ལྟ་བུས་ཧ་ཅང་མང་རྒྱུ་མི་འདུག་རུང་གོང་དཀར་ཆོས་སྡེ་ནས་སློབ་དཔོན་གསང་སྔགས་མཁར་པས་ཐོག་དྲངས་མཁས་བསྒྲུགས་བོས། མ་དཔེ་ཀུན་མཁྱེན་རྡོ་རྗེ་གདན་པའི་ཐུགས་དམ་ཐང་ཁ་ལ་གཙོ་བོར་བཟུང་།ཞེས་གསུངས་པ་དང་། ར་མོ་ཆེ་གཙུག་ལག་ཁང་གི་ནང་རྟེན་དང་ལྡེབས་བྲིས་སོགས་ལ་ཚོན་གསོལ་བཞེངས་བཀོད་ཀྱི་སྐོར་གསུངས་སྐབས། བྲིས་པའི་དབུ་ཆེན་གོང་དཀར་ཆོས་སྡེ་གསང་སྔགས་མཁར་ཆོས་མཛད་གཞོན་ནུ་དང་འབྲས་སྤུངསསློབ་དཔོན་ངག་དབང་འཕྲིན་ལས། དབུ་འབྲིང་གྲ་ནང་སྤུས་ཁྱིམ་ངག་དབང་སྲི་ཆོད། ཞོ་ར་རྒྱལ་པོ། གསང་མཁར་ཚེ་འཚེལ། དབུ་ཆུང་སྤུས་ཁྱིམ་པ་ནོར་དབང་། བྱིངས་གྲས་བདེ་ཆེན་ཆོས་འཁོར་བ་ཛམྷ་ལ་དང་དོལ་བྱམས་པ་རྒྱལ་མཚན་སོགས་མི་གྲངས་ཞེ་དགུཞེས་དང་། ད་དུང་། ཤིང་འབྲུག(༡༦༦༤ལོ)ལོ། ཕྱག་མཛོད་ས་སྐྱོང་འཕྲིན་ལས་རྒྱ་མཚོས་ཁུར་ལེན་དང་། གཙུག་ལག་གཉིས་པ་ཤེས་པའི་མིག་ཡངས་སྟག་ལུང་དཔལ་མགོན་གྱིས་དབུ་མཛད་བྱས་པའི་སྨན་མཁྱེན་མཁས་པའི་ལུགས་འཛིན་རྣམས་ཀྱིས་ར་ས་འཕྲུལ་སྣང་གི་བར་སྐོར་ལྡེབས་བྲིས་ལ་ཆོ་འཕྲུལ་བཀོད་པ། སངས་རྒྱས་ཕལ་པོ་ཆེའི་ཞིང་ཁམས་རྒྱ་མཚོ། སྟོང་ཕྲག་བརྒྱ་བའི་གླེང་གཞི། བྱམས་པའི་མཛད་བཅུ། བྲིས་སྐུ་མཐོང་བ་དོན་ལྡན། བདེ་བ་ཅན་གྱི་ཞིང་བཀོད་རྣམས་བཞེངས་པའི་ནང་ཚན། ཆོ་འཕྲུལ་བཀོད་པའི་ཞལ་བྱང་ཡིད་སྲུབས་གཡུལ་ལས་རྒྱལ་བའི་རབ་སྙན་རྫ་རྔཞེས་དང་། དེ་བཞིན། རི་མོ་བའི་དབུ་ཆེན་ཆོས་མཛད་གཞོན་ནུ། གོང་དཀར་འབྲས་སྤུངས་སློབ་དཔོན་པ་ངག་དབང་འཕྲིན་ལས། དབུ་འབྲིང་སྦུས་ཁྱིམ་ངང་གྲོལ[4]ཞེས་སོགས་གསུངས་པ་ལས། ལྷ་ལྡན་གཙུག་ལག་ཁང་དང་ར་མོ་ཆེའི་གཙུག་ལག་ཁང་གི་ལྡེབས་བྲིས་སོགས་ཀྱི་ཉམས་གསོའི་སྐབས་གསང་སྔགས་མཁར་པ་ཆོས་མཛད་གཞོན་ནུ་དང་འབྲས་སྤུངས་སློབ་དཔོན་པ་ངག་དབང་འཕྲིན་ལས་སུ་འབོད་པའི་བཟོ་བོ་དེ་གཉིས་གཙོ་བོར་གྱུར་བའི་མཁྱེན་ལུགས་འཛིན་པ་དག་གིས་བཟོ་བོའི་མཛད་པ་རྣམས་བསྐྱངས་པར་ཤེས་ནུས།
ལྔ། གསང་སྔགས་མཁར་པ་ཚེ་འཕེལ་སོགས།
       གསང་སྔགས་མཁར་པ་ཚེ་འཕེལ་ཡང་དུས་རབས་བཅུ་བདུན་པའི་མཚམས་སུ་བྱོན་ཞིང་། བཞུགས་ཡུལ་གཟིམ་སྤྱིལ་གསང་སྔགས་མཁར་དུ་མཛད་པས་ནས་མཚན་ཟུར་དུ་དེ་ལྟར་ཐོགས། རྒྱལ་དབང་སྐུ་ཕྲེང་ལྔ་པའི་གསུང་འབུམ་ལས། ཕོ་བྲང་པོ་ཏ་ལ་བཞེངས་སྐབས། མཁྱེན་ལུགས་དབུ་ཆེན་གསང་སྔགས་མཁར་པ་ཚེ་འཕེལ། དབུ་ཆུང་སྤུས་ཁྱིམ་ངག་གྲོལ། བྱམས་པ་རྒྱལ་མཚན། ངག་དབང་ཡོན་ཏན། བྱིངས་བདུན་ཅུ་དོན་གསུམ། ཚོན་འདུལ་བ་བདུན[5]ཞེས་དང་། མཁྱེན་ལུགས་ཀྱི་སྤུས་ཁྱིམ། ཚེ་འཕེལ་གཉིས་ཀྱིས་གཙོས་བཅུ་དགུ[6]ཞེས་དང་། ཚོན་མདངས་གསེར་རིས་ཀྱི་ལག་གཡོར་དུ། མཁྱེན་ལུགས་དབུ་མཛད་ཚེ་འཕེལ། །དབུ་ཆུང་བྱམས་པ་རྒྱལ་མཚན། །བྱིངས་གྲས་བསོད་ནམས་མགོན་པོ། །བཀྲ་ཤིས་ཚེ་རིང་། དོ་དམ་པ་རག་ཁ་བློ་བཟང་རྣམས་ཀྱིས་བྱས་ཏེ་བཞེངས་པའི་གཙོ་ཐང”[7]ཞེས་གསུངས་པ་ལས། དུས་དེར་ལྡེབས་བྲིས་དང་སྐུ་ཐང་སོགས་བཞེངས་པའི་ལས་སུ་གསང་སྔགས་མཁར་པ་ཚེ་འཕེལ་གྱིས་ཞུགས་པར་གསལ་བ་དང་། ཕོ་བྲང་གི་ལྡེབས་བྲིས་སོགས་གྲུབ་པའི་རྗེས་གནང་སྦྱིན་སོགས་ཀྱི་སྐོར་གསུངས་སྐབས། མཁྱེན་ལུགས་དབུ་ཆེན་གསང་སྔགས་མཁར་པ་ཚེ་འཕེལ་ལ་གོན་པ་བན་ཆས་ཆ་འགྲིག་གིས་གཙོས་པའི་དགུ་ཚན་ལ་ཁ་བཏགས་དཀོན་ཅོག་རིན་ཆེན་མ་ཆེ་ལེགས། སྨན་རྙིང་ཡུག བྱང་དར་བར་རྙིང་ཚོས་ཁ་བཞི་སོ་སོ་ནས་ཡུག་རེ། མཛོད་གོས་ཡུག་རིང་། ཀ་རས་ཡུག མཇལ་དར་སློག་ལྔ་ཚན། མཁྱེན་ལུགས་དབུ་ཆུང་ངག་གྲོལ་ལ་བན་སྟོད་དང་བཅས་པའི་དགུ་ཚན་དངོས་དག་ལ་ཁ་བཏགས་རྟགས་བརྒྱད་ཉིན་བདེ་མ། སྨན་བར་ཡུག བྱང་དར་ཚོས་ཁ་བཞི་སོ་སོ་ནས་ཡུག་རེ། བཟང་གོས་ཡུག་རིང་། ཀ་རས་ཡུག བྱམས་པ་རྒྱལ་མཚན་ལ་བན་སྟོད་དང་བཅས་པའི་དགུ་ཚན་དངོས་དག་ལ་ཁ་བཏགས་རྟགས་བརྒྱད་ཉིན་བདེ་མ། སྨན་བར་ཡུག བྱང་དར་ཚོས་ཁ་བཞི་སོ་སོ་ནས་ཡུག་རེ། བཟང་གོས་ཡུག་རིང་། ཀ་རས་ཡུག ངག་དབང་བསོད་བསྟན་ལ་བན་སྟོད་དང་བཅས་པའི་དགུ་ཚན་དངོས་དག་ལ་ཁ་བཏགས་རྟགས་བརྒྱད་ཉིན་བདེ་མ། སྨན་བར་ཡུག བྱང་དར་ཚོས་ཁ་བཞི་སོ་སོ་ནས་ཡུག་རེ། བཟང་གོས་ཡུག་རིང་། ཀ་རས་ཡུག6ཅེས་དང་། ལྔ་པ་ཆེན་པོའི་གསུང་ལས། ད་དུང་། འབྲས་སྤུངས་འདུ་ཁང་གསར་བསྐྱེད་ཀྱི་ཞིག་གསོས་མཛད་པའི་སྟེང་ཤོད་རྣམས་ཀྱི་ཤིང་རྩི་བཟབས་རྒྱས། འདུ་ཁང་ཀ་བ་བརྒྱ་དང་བརྒྱད་ཀྱིས་ལྡེབས་བྲིས་ལ། རྟེན་གཙོ་ཐུབ་དབང་ཉན་ཆོས་རྣམ་གཉིས་དགའ་ལྡན་ཕོ་བྲང་གི་རབ་གསལ་རྙིང་པར་ཤིང་རྩི། ཇོ་བོའི་ལམ་ཡིག་བཀོད་པར་སྨན་ཐང་པའི་དབུ་ཆེན་སྟག་ལུང་དཔལ་མགོན་དང་མཁྱེན་རྩེ་བའི་དབུ་མཛད་གོང་དཀར་གསང་སྔགས་མཁར་བ། ཞོ་ར་དགོས་དགོས་ཀྱིས་གཙོས་སྨན་མཁྱེན་སྡོམ་པ་དྲུག་ཅུ་རེ་བརྒྱད་ཀྱིས་ཟླ་བ་དྲུག་ལ་གྲུབ་པའི་དོ་དམ་སྟག་རུ་བ་ནོར་བུ་དང་རོང་དཔལ་གླིང་པས་བྱས[8]ཞེས་གསལ་བ་དང་། སྡེ་སྲིད་སངས་རྒྱས་རྒྱས་རྒྱ་མཚོས་མཆོད་སྡོང་འཛམ་གླིང་རྒྱན་གཅིག་བཞེངས་སྐབས། མཁྱེན་ལུགས་དབུ་ཆེན་གསང་སྔགས་མཁར་ཚེ་འཕེལ། དབུ་འབྲིང་སྤུས་ཁྱིམ་ངག་གྲོལ། དབུ་ཆུང་ངག་དབང་བསོད་བསྟན། བྱམས་པ་རྒྱལ་མཚན། བྱིངས་གྲས་བསོད་ནམས་ཆོས་འཛིན། ས་ལྟེ་འཇམ་དབྱངས། བཀྲ་ཤིས་ཚེ་རིང་། ཆོས་རྒྱལ། རབ་བརྟན། རྟ་མགྲིན། བསོད་ནམས་ཆོས་གྲགས། ཨོ་རྒྱན་འབྲུག བསྟན་པ་ནོར་བུ། གསུང་གླིང་བྱམས་མགོན། ངག་དབང་ཚུལ་ཁྲིམས། རྣམ་རབ་ཀུན་དགའ་རབ་འཕེལ། གོང་ཆོས་ཀུན་དགའ་རྡོ་རྗེ། ཀུན་དགའ་དབང་ཕྱུག ཚེར་ཤིང་སྤུས་ཁྱིམ་པ། བསྟན་འཛིན། བྱམས་པ་དོན་རྒྱལ། ངག་དབང་ཆོས་མཆོག ངེས་དོན་སྙིང་པོ། བདེ་ཆོས་ངག་དབང་ཆོས་འཕེལ། བློ་གྲོས་ལྷུན་གྲུབ། འཇམ་དབྱངས་བསྟན་འཛིན། དགེ་སློང་བློ་བཟང་ཚེ་འཕེལ། ནོར་བུ་རྒྱལ་མཚན། ངག་དབང་བློ་གྲོས། ཞོ་ར་ངག་དབང་། གྲོ་ལྷུག ནོར་བུ་འཕྲིན་ལས། ཨོ་རྒྱན་ཚེ་དབང་། ཀརྨ་ལྷས་བྱིན། བྱང་ཆུབ། བསྟན་འཛིན། ལྷས་བྱིན་དངོས་གྲུབ། གྲྭ་ཨ་བྱིན། འགྱུར་མེད། བསོད་ནམས་ནོར་བུ། ནོར་བུ་ཚེ་རིང་། ཀུན་དགའ་དོན་གྲུབ། ཀུན་དགའ་ཡོན་ཏན། ཀུན་དགའ་བྱིན་པ། མགོན་པོ། བསོད་ནམས་བསྟན་འཛིན། བྱམས་པ་མཐུ་སྟོབས། འཇམ་དབྱངས་རྒྱ་མཚོ། རྒྱལ་གླིང་མཁས་མཆོག བསོད་ནམས་བརྟན་པ། ཤེས་རབ། བྱམས་པ་ཚུལ་ཁྲིམས། འགྲུབ་སྦྱོར། ཡུལ་ཆོས་བཀྲས་རྒྱམ་པ། གྲྭ་ཨོ་རྒྱན། ལྷུན་གྲུབ་ཚེ་རིང་། བྱིན་པ་རྒྱ་མཚོ། རྫ་རོང་སངས་རྒྱས་འཕེལ། གླིང་བསྟན་འཛིན། བྲག་རམ་པ་པདྨ་དར་རྒྱས། སྤུས་བདེ་ཀུན་བཟང་། མཉེས་ཐང་དགེ་འདུན་རྒྱལ་མཚན། བཀྲས་ཆོས་བཀྲ་ཤིས་ཕུན་ཚོགས། ཧོར་བཀྲས། སྙེ་མོ་དངོས་གྲུབ་ཚེ་རིང་། བཀྲས་རྩེ་ཆོས་སྡེ་སངས་རྒྱས་དོན་གྲུབ། ཀུན་དགའ་རྒྱ་མཚོ། དཀྱུས་གྲས། ཀུན་དགའ་བདེ་ལེགས། བསོད་ནམས་མཐར་ཕྱིན། ཚུལ་ཁྲིམས་རྒྱ་མཚོ། སྐྱིད་གཤོངས་བསོད་ནམས་བསྟན་འཕེལ། གོང་ཆོས་ངག་དབང་བསོད་ནམསཞེས་དང་། མཆོད་སྡོང་ལེགས་པར་གྲུབ་པའི་རྗེས། མཁྱེན་ལུགས་དབུ་ཆེན་གསང་སྔགས་མཁར་ཚེ་འཕེལ་ལ། གོན་པ་པ་བན་ཆས་ཆ་འགྲིག་གིས་གཙོས་པའི་དགུ་ཚན་ལ་ཁ་བཏགས་དཀོན་ཅོག་རིན་ཆེན་མ་ཆེ་ལེགས། སྨན་རྙིང་བྱང་དར་བར་རྙིང་ཚོས་ཁ་བཞི་སོ་སོ་ནས་ཡུག་རེ། མཛོད་གོས་ཡུག་རིང་། ཀ་རས་ཡུག མཇལ་དར་སློག་ལྔ་ཚན། མཁྱེན་ལུགས་དབུ་ཆུང་ངག་གྲོལ་ལ་བན་སྟོད་དང་བཅས་པའི་དགུ་ཚན་དངོས་དག་ལ་ཁ་བཏགས་རྟགས་བརྒྱད་ཉིན་བདེ་མ། སྨན་བར་ཡུག བྱང་དར་ཚོས་ཁ་བཞི་སོ་སོ་ནས་ཡུག་རེ། བཟང་གོས་ཡུག་རིང་། ཀ་རས་ཡུག བྱམས་པ་རྒྱལ་མཚན་ལ་བན་སྟོད་དང་བཅས་པའི་དགུ་ཚན་དངོས་དག་ལ་ཁ་བཏགས་རྟགས་བརྒྱད་ཉིན་བདེ་མ། སྨན་བར་ཡུག བྱང་དར་ཚོས་ཁ་བཞི་སོ་སོ་ནས་ཡུག་རེ། བཟང་གོས་ཡུག་རིང་། ཀ་རས་ཡུག ངག་དབང་བསོད་བསྟན་ལ་བན་སྟོད་དང་བཅས་པའི་དགུ་ཚན་དངོས་དག་ལ་ཁ་བཏགས་རྟགས་བརྒྱད་ཉིན་བདེ་མ། སྨན་བར་ཡུག བྱང་དར་ཚོས་ཁ་བཞི་སོ་སོ་ནས་ཡུག་རེ། བཟང་གོས་ཡུག་རིང་། ཀ་རས་ཡུག བྲིས་པ་སྨན་མཁྱེན་འདྲེས་པ་བྱིངས་སྤྱིར་གསེར་སྲང་དོ། དངུལ་གྱི་མདོང་མོ། ཐ་ཕག སྦུབ་སིལ། གོ་དཀར་ལྡེམ། སོག་བོད་ཀྱི་འཁོར་གསུམ། མེ་མདའ་བཅའ་འགྲིག བྱུར་ཤལ། མུ་ཏིག་གི་ཕྲེང་བ། སྤོས་ཤེལ། མུ་ཆབ། ཧུ་ཇ་འཁོར་དྲུག ཏཱ་ཚང་ཀོ་དྲ་སོགས་ཀྱིས་གཙོས་ཁ་བཏགས་དཀོན་མཆོག་རིན་ཆེན་མ། སྨན་བར་རྙིང་ཡུག། བྱང་དར་བར་རྙིང་ཚོས། ཁག་བཞི་སོ་སོ་ནས་ཡུག་རེ། བཟང་གོས་ཡུག་རིང་། ཀ་རས་ཡུག་རྣམས་ཡོད་པའི་དགུ་ཚན་དངོས་དག་བཅོ་ལྔ། སྨན་མཁྱེན་འདྲེས་པའི་དབུ་བྱིངས་སྤྱིར་མཇལ་དར་སློག་དགུ་ཚན་གཉིས།ཞེས་གསལ་བཞིན་མཆིས།
       ཨོ་རྒྱན་གཏེར་བདག་གླིང་པས།སྨིན་གྲོལ་གླིང་དུ་ལམ་འབྲས་བླ་བརྒྱུད་ཀྱི་གཙོ་ཐང་བཞེངས་པའི་རྡོ་རྗེ་གདན་པའི་སྐུ་ཐང་གི་རྒྱབ་ཡིག་ཏུ། ཀུན་མཁྱེན་བདེ་ཆེན་དགའ་བཞིའི་ཡེ་ཤེས་ཀྱིས། །སྲིད་ཞིར་རྒྱས་འདེབས་བདུད་ལས་རྣམ་པར་རྒྱལ། །མཐུ་ཆེན་འཇིགས་མེད་གྲུབ་པ་དཔའ་བོའི་སྡེ། །ཀུན་དགའ་རྣམ་པར་རྒྱལ་བ་དེ་ལ་འདུད། །ཅེས་དང་། སྐུ་ཐང་དེ་དག་གི་བྲིས་པ་པོ་ནི། །གང་གི་འདུ་བྱེད་དཔལ་ལྡན་མཁྱེན་བརྩེ་ཡི། །ལུགས་འཛིན་རྣམ་དཔྱོད་ཡངས་པའི་དཔུང་མཐོ་བ། །ཚངས་ཆེན་བསྙེམས་པ་འཕྲོག་བྱེད་གོང་དཀར་བ། །ཚེ་འཕེལ་སློབ་མར་བཅས་པའི་ངོ་མཚར་ཕུལ། །ཅེས་གསུངས་པ་སོགས་ལས། དུས་རབས་བཅུ་བདུན་པའི་དུས་མཇུག་ཏུ་གསང་སྔགས་མཁར་པ་ཚེ་འཕེལ་ཞེས་འབོད་པའི་མཁྱེན་ལུགས་འཛིན་པའི་རིག་བྱེད་མཁན་དེ་གཙོ་བོར་གྱུར་བའི་གོང་དཀར་བའི་བཟོ་བོ་དག་གི་ཕྱག་སོར་ལས་སྐུ་རྟེན་མང་དུ་བྱུང་བར་མཁྱེན་ཐུབ།དེ་བཞིན་དུས་དེ་མཚམས་སུ། རྒྱལ་དབང་སྐུ་ཕྲེང་ལྔ་པའི་གསུང་འབུམ་ལས། གསང་སྔགས་དགའ་ཚལ་དུ་མཁྱེན་ལུགས་མཁས་བསྒྲུགས་ཀྱིས་གསང་སྔགས་གསར་རྙིང་གི་བླ་མ་ཡི་དམ་ཆོས་སྲུང་གི་ལྡེབས་བྲིས་དངོས་གཙང་དེ་མཚུངས་བཀའ་འགྱུར་ལྷ་ཁང་དུ་ལམ་རིམ་བརྒྱུད་པ་འདྲི་རྩིས་ལ་མ་དཔེ་བྱིའུའི་རི་མོ་ཞིག་གཏད་པའི་དེ་ལུགས་བྲིས་སྣང་འདུག་པ་སྤྲུལ་སྐུ་བ་རྣམས་མ་གོམས་པའི་སྐྱོན་གྱིས་ལུགས་གཉིས་གང་དུ་ཡང་མི་གཏོགས་པའི་བྲིས་གསར་རང་བྱོན་དུ་བྱུངཞེས་དང་། གོང་དཀར་ཆོས་སྡེ་ནས་རི་མོ་བ་མཁས་པ་ཁ་ཤས་ཀྱིས་བྲག་སྒོ་ཀཀྣིའི་གནམ་རྒྱན་ལ་ངལ་སོང་བྱུང་རྒྱུད་ཀྱིས་དཀྱིལ་འཁོར་བཅུ་གཉིས་དང་དབུས་སུ་ཚེ་དཔག་མེད་ལྷ་སྐུའི་དཀྱིལ་འཁོར་རྣམས་བྲིསཞེས་སོགས་གསུངས་པ་ལས། དགའ་ལྡན་ཕོ་བྲང་གི་སྔ་ཆའི་དུས་སུ་གསང་སྔགས་མཁར་པ་ཚེ་འཕེལ་སོགས་པའི་མཁྱེན་ལུགས་འཛིན་པ་དེ་དག་གིས་མཆོད་སྡོང་འཛམ་གླིང་རྒྱན་གཅིག་དང་འབྲས་སྤུངས། བྲག་སྒོ་ཀཀྣི། ཨོ་རྒྱན་སྨིན་གླིང་སོགས་པའི་གནས་སུ་སྐུ་གསུང་ཐུགས་རྟེན་བཞེངས་པའི་བཟོ་བོའི་ལས་ལ་མཛད་པ་བསྐྱངས་པ་ལམ་ཙམ་མཁྱེན་ཐུབ།
       གཞན་ཡང་། འཇིགས་མེད་དབང་པོས་མཛད་པའི«ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྣམ་ཆོས་སྡེའི་གཟིམ་སྤྱིལ་གསང་སྔགས་མཁར་དུ་ཡིན་པ་ལས་མཚན་ཟུར་དུ་གསང་སྔགས་མཁར་ཞེས་ཐོགས་པར་གསལ་བཞིན་ལགས་ཀྱང་། «དུང་དཀར་ཚིག་མཛོད་ཆེན་མོ»སོགས་པའི་ནང་གསང་སྔགས་མཁར་པ་འདི་ཉིད་ལ་བདེ་ཆེན་གསང་སྔགས་མཁར་པ་ཚེ་འཕེལ་ཞེས། ལྷ་ས་གྲོང་ཁྱེར་སྟག་རྩེ་རྫོང་ཁུལ་བདེ་ཆེན་གསང་སྔགས་མཁར་དགོན་པའི་རི་མོ་བ་ཞིག་ཡིན་པ་ལྟར། བདེ་ཆེན་ཞེས་པའི་མིང་གཅིག་གསར་སྣོན་མཛད་པའི་ལུང་ཁུངས་དང་རྒྱུ་མཚན་གང་ཡིན་མ་ཤེས།
དྲུག ཞོ་ར་བ།
       གོང་དུ་བརྗོད་པའི་བཟོ་བོ་དེ་རྣམས་ནི་གོང་དཀར་ཆོས་སྡེའི་གྲྭ་ཁོངས་སུ་གནས་པའི་དགེ་འདུན་པ་ཡིན་པ་ཡིག་ཚང་ཁག་ལས་དངོས་ཤུགས་ཅི་རིགས་སུ་གསལ་བཞིན་ལགས་ཀྱང་། གཤམ་དུ་ཅུང་ཟད་གླེང་བྱར་འགྱུར་བའི་ཞོ་ར་བ་དང་སྤུས་ཁྱིམ་པ་གཉིས་ནི་ཡུལ་མིང་ཐད་ཀར་མཚན་ཟུར་དུ་བྱས་པ་ཞིག་ཡིན་པས། དེས་ན་གོང་དཀར་ཆོས་སྡེའི་དགེ་འདུན་པའི་གྲས་སུ་གཏོགས་པའི་ངེས་པ་མ་བརྙེད་ཀྱང་། མཁྱེན་ལུགས་རྒྱུན་འཛིན་པ་ཞིག་ཡིན་པ་ནི་ཡིག་ཚང་ཁག་ལས་གསལ་བཞིན་ལགས། དེར་བརྟེན་བཟོ་བོ་དེ་དག་གི་མཛད་པའི་ཆ་ཙམ་འཆད་པ་ལ།
       དུས་རྒྱུན་ཡིག་ཚང་ཁག་ནང་ཞོ་ར་དགོས་དགོས་དང་ཞོ་ར་ངག་དབངཞེས་གྲའི་ཡུལ་ཞོ་རར་སྐུ་འཁྲུངས་ཏེ། ཡུལ་མིང་མཚན་ཟུར་དུ་ཐོགས་པའི་སྐྱེས་བུ་ཐ་དད་པ་གཉིས་བྱུང་ཡང་། འདིར་སྔ་མའི་སྐོར་རགས་ཙམ་བརྗོད་པ་ལ། དེ་ཡང་ཞོ་ར་དགོས་དགོས་ནི་སྤྱི་ལོའི་དུས་རབས་བཅུ་བདུན་པའི་ནང་བྱོན་པའི་བཟོ་བོ་ཞིག་ཡིན་ཞིང་། སྨིན་གླིང་གཏེར་ཆེན་གྱི་གསུང་འབུམ་ལས། གངས་ཅན་པིར་ཐོགས་དབང་པོ་མཁྱེན་བརྩེ་ཡི། རྣམ་དཔྱོད་གཞལ་བྱའི་དཔེར་འོས་ཞོ་ར་བསཞེས་གསུངས་པ་དང་། རྒྱལ་དབང་ལྔ་པས། མཁྱེན་རྩེ་བའི་དབུ་མཛད་གོང་དཀར་གསང་སྔགས་མཁར་བ། ཞོ་ར་དགོས་དགོས་ཀྱིས་གཙོས་སྨན་མཁྱེན་སྡོམ་པ་དྲུག་ཅུ་རེ་བརྒྱད་ཀྱིས་ཟླ་བ་དྲུག་ལ་གྲུབ་པའི་དོ་དམ་སྟག་རུ་བ་ནོར་བུ་དང་རོང་དཔལ་གླིང་པས་བྱས།ཞེས་དང་། ཡང་སྨིན་གླིང་གཏེར་ཆེན་གྱི་གསུང་འབུམ་ལས། སྐལ་བཟང་རིག་འཛིན་འདུས་སྡེའི་དམིགས་རྟེན་དུ། །རིག་བྱེད་མཁས་པའི་རྩེར་སོན་ཞོ་ར་བས། །དཔྱོད་ལྡན་མིག་ལ་ཀུན་དགའི་དགའ་སྟོན་སྤེལ། །ཞེས་གསལ་བ་ལྟར། རིག་བྱེད་པ་ཞོ་ར་བས་སྨིན་གྲོལ་གླིང་འདུས་སྡེའི་སྤྱན་རྟེན་སྔགས་ཐང་རྣམས་བཞེངས་པ་དང་། ཞོ་ར་བས་རང་གི་ཡབ་ཡུམ་གཉིས་ཀྱི་སླད་དུ་གནས་བཅུའི་བྲིས་ཐང་བཞེངསཔར་མཛད་པ་དང་། ཞོ་ར་བས་ད་དུང་རྣམ་སྲས་ཐང་སྐུ་བཞེངས་པར་གསལ། སྨིན་གླིང་གཏེར་ཆེན་གསུང་ལས། མེ་ཏོག་འདབ་ཕྲེང་བཞད་པ་དཔལ་གྱི་འཛུམ། །ལག་པའི་མཚོ་ལས་སྤྲོ་མཁས་ཞོ་ར་བའི། །རྣམ་དཔྱོད་ལང་ཚོ་མ་སྨད་ཡི་གེར་འོང་།།ཞེས་གསལ་བ་ལྟར། དུས་དེར་ཡར་འབྲོག་ཁྲི་དཔོན་ཀུན་བཟང་ལྷའི་དབང་པོས་སྐུལ་ཏེ་ཞོ་ར་བས་ཐུབ་དབང་གནས་བརྟན་བཅུ་དྲུག་ཞབས་རིམ་རྒྱལ་ཆེན་དང་བཅས་པའི་སྐུ་བརྙན་བྲིས་ཐང་གསར་བཞེངས་གནང་བར་གྲགས།
བདུན། སྤུས་ཁྱིམ་ངག་གྲོལ་སོགས།
       སྤུས་ཁྱིམ་ངག་དབང་སྲི་ཆོདསྤུས་ཁྱིམ་པ་ནོར་དབང[9]སྤུས་ཁྱིམ་ངག་གྲོལ་སོགས་སྤུས་ཁྱིམ་ཞེས་མཚན་ཟུར་དུ་བྱས་པའི་བཟོ་བོ་འགའ་ཞིག་བྱོན་པར་གསལ་ཡང་། འདིར་ཕྱི་མ་སྤུས་ཁྱིམ་ངག་གྲོལ་ཞེས་པ་ནི་དུས་རབས་བཅུ་བདུན་པའི་ནང་བྱོན་པའི་བཟོ་བོ་ཞིག་ཡིན་ཞིང་། སྤུས་ཁྱིམ་ཞེས་པའི་ཡུལ་དུ་འཁྲུངས་པས་ན་སྤུས་ཁྱིམ་པའམ་སྤུས་ཁྱིམ་ངག་གྲོལ་སོགས་པ་མཚན་གྱི་རྣམ་གྲངས་སུ་མཆིས། ཁོང་གིས་དགའ་ལྡན་ཕོ་བྲང་པའི་དུས་སུ་རིམ་བཞིན་བཟོ་བོ་དབུ་ཆུང་དང་དབུ་འབྲིང་། དབུ་ཆེན་བཅས་ཀྱི་ལས་རིམ་ཁག་གི་འགན་བཞེས་གནང་བ་ཡིག་ཚང་ཁག་ནང་གསལ་ཞིང་། རྒྱལ་དབང་ལྔ་པའི་གསུང་ལས། མཁྱེན་ལུགས་དབུ་ཆེན་གསང་སྔགས་མཁར་པ་ཚེ་འཕེལ། དབུ་ཆུང་སྤུས་ཁྱིམ་ངག་གྲོལ། བྱམས་པ་རྒྱལ་མཚན། ངག་དབང་ཡོན་ཏན། བྱིངས་བདུན་ཅུ་དོན་གསུམ། ཚོན་འདུལ་བ་བདུནཞེས་དང་། མཁྱེན་ལུགས་དབུ་ཆེན་གསང་སྔགས་མཁར་པ་ཚེ་འཕེལ་ལ་གོན་པ་བན་ཆས་ཆ་འགྲིག་གིས་གཙོས་པའི་དགུ་ཚན་ལ་ཁ་བཏགས་དཀོན་ཅོག་རིན་ཆེན་མ་ཆེ་ལེགས། སྨན་རྙིང་ཡུག བྱང་དར་བར་རྙིང་ཚོས་ཁ་བཞི་སོ་སོ་ནས་ཡུག་རེ། མཛོད་གོས་ཡུག་རིང་། ཀ་རས་ཡུག མཇལ་དར་སློག་ལྔ་ཚན། མཁྱེན་ལུགས་དབུ་ཆུང་ངག་གྲོལ་ལ་བན་སྟོད་དང་བཅས་པའི་དགུ་ཚན་དངོས་དག་ལ་ཁ་བཏགས་རྟགས་བརྒྱད་ཉིན་བདེ་མ། སྨན་བར་ཡུག བྱང་དར་ཚོས་ཁ་བཞི་སོ་སོ་ནས་ཡུག་རེ། བཟང་གོས་ཡུག་རིང་། ཀ་རས་ཡུག[10]ཅེས་དང་། མཁྱེན་ལུགས་ཀྱི་སྤུས་ཁྱིམ། ཚེ་འཕེལ་གཉིས་ཀྱིས་གཙོས་བཅུ་དགུ[11]ཞེས་དང་། མཁྱེན་ལུགས་དབུ་ཆེན་གསང་སྔགས་མཁར་ཚེ་འཕེལ། དབུ་འབྲིང་སྤུས་ཁྱིམ་ངག་གྲོལ། དབུ་ཆུང་ངག་དབང་བསོད་བསྟན། བྱམས་པ་རྒྱལ་མཚན། བྱིངས་གྲས་བསོད་ནམས་ཆོས་འཛིན། ས་ལྟེ་འཇམ་དབྱངས། བཀྲ་ཤིས་ཚེ་རིང་། ཆོས་རྒྱལ། རབ་བརྟན། རྟ་མགྲིན། བསོད་ནམས་ཆོས་གྲགས། ཨོ་རྒྱན་འབྲུག བསྟན་པ་ནོར་བུ། གསུང་གླིང་བྱམས་མགོན། ངག་དབང་ཚུལ་ཁྲིམས། རྣམ་རབ་ཀུན་དགའ་རབ་འཕེལ། གོང་ཆོས་ཀུན་དགའ་རྡོ་རྗེ། ཀུན་དགའ་དབང་ཕྱུག ཚེར་ཤིང་སྤུས་ཁྱིམ་པ། བསྟན་འཛིནཞེས་སོགས་གསུངས་པ་ལས། སྤུས་ཁྱིམ་ངག་གྲོལ་ཞུ་བའི་བཟོ་བོ་གང་དེ་གཙོ་བོར་གྱུར་བའི་དུས་དེའི་མཁྱེན་ལུགས་པ་དག་གི་མཛད་པ་རྟོགས་ཐུབ།
       མདོར་ན། མཁྱེན་ལུགས་ཞེས་པའི་བཟོ་བོའི་ལུགས་གང་དེ་ནི་སྤྱི་ལོའི་དུས་རབས་བཅོ་ལྔ་པའི་ནང་མཁྱེན་རྩེ་ཆེན་མོ་གང་དེས་གསར་གཏོད་གནང་བ་ནས་བཟུང་། དུས་རབས་བཅུ་དྲུག་པ་དང་བཅུ་བདུན་པ་ནི་ལུགས་གང་དེ་བོད་ཡུལ་དབུས་གཙང་གཉིས་སུ་དར་འཕེལ་ཤུགས་ཆེར་བྱུང་བའི་དུས་ཤིག་ཡིན་པ་ལྟར། དུས་དེ་མཚམས་སུ་གོང་དཀར་ཆོས་སྡེ་གཙོ་བོར་གྱུར་བའི་ས་ཕྱོགས་སུ་མཁྱེན་ལུགས་རྒྱུན་འཛིན་པ་མང་དུ་བྱོན་ཞིང་། རྩོམ་ཡིག་འདིར་དེ་དག་གི་ཡ་གྱལ་དུ་གྱུར་བའི་སྤྲུལ་སྐུ་སྦྱིན་པ་རྣམ་རྒྱལ་དང་རྣམ་རྒྱལ་རིག་པ་སོགས་པའི་བཟོ་བོ་རྣམས་ཀྱི་ཕྱག་སོར་ལས་དབུས་གཙང་ཁུལ་དུ་སྐུ་གསུང་ཐུགས་རྟེན་ཇི་ལྟར་བཞེངས་པའི་མཛད་པའི་ཆ་ཤས་ཙམ་གླེང་ཁུལ་བགྱིས། དེ་ལས་ང་ཚོས་མཁྱེན་རྩེ་ཆེན་མོ་གང་དེའི་བཟོ་བོའི་ཕྱག་རྒྱུན་དག་བོད་ཡུལ་ས་ཕྱོགས་གང་སར་རིམ་བཞིན་ཁྱབ་སྤེལ་བྱུང་བའི་སྐོར་ཡང་གསལ་བར་རྟོགས་ཐུབ་བོ། །
འབྲེལ་ཡོད་འོས་སྦྱོར།