ད་ལོའི་རྒྱ་ནག་གླང་རྩིས་དང་ས་ཞིང་རྨོ་འདེབས་སྐོར་གྱི་དུས་ཚིགས།
རྩོམ་པ་པོ།:
ཡོང་ཁུངས།:གངས་ལྗོངས་ཉི་གཞོན།
དུས་ཚོད།:2023-03-23
ཀློག་གྲངས།:
རྒྱ་ནག་གླང་རྩིས།
རྒྱ་ནག་གླང་རྩིས་ཀྱི་གླང་གི་རྟེན་འབྲེལ་བརྟག་ཐབས་འདི་ལྷ་སའི་བོད་སྨན་རྩིས་ཁང་གིས་༢༠༢༣ལོའི་ལོ་ཐོ་ལྟར་བོད་འབྲེལ་ས་ཁུལ་ཡོངས་ཀྱི་མང་ཚོགས་རྣམས་ལ་མི་ཕྱུགས་དར་རྩུབ་དང་ཆར་ཞོད་ཐན་ཞོད་སད་སེར་ཐོག་འབེབས་སོགས་ཡུལ་ལུང་སོ་སོའི་རོང་འབྲོག་ས་ཁུལ་གྱི་ས་བབ་དང་བསྟུན་ཏེ་འགོག་བསྲུང་དོ་སྣང་བྱ་དགོས་པའི་བླང་བྱ་སྟོན་པར་་འདི་ལྟར་གསུངས་ཏེ། སྤྱིར་ན་གླང་མདོག་ལྗང་ཁུ་ཡིན། །རྩི་ཤིང་ལོ་མ་ལྗང་རིགས་རྒྱས། །རླུང་བུ་ཆེ་ཞིང་མི་ཕྱུག་ལ། །རླུང་ནད་ལྡང་བའི་མཚན་མ་མངོན། །ལུས་ཀྱི་བར་ཞེས་ཕོ་བ་དཀར། །བར་སད་འོང་བའི་བལྟས་སུ་བཤད། །བྱེ་བྲག་ར་རྣ་མཇུག་གསུམ་དང་། །གླང་གི་མགོ་བཅས་སྔོ་བ་ཡིས། །ས་སྟོད་བྱང་གི་ཕྱོགས་སུ་ནི། །ཅུང་ཟད་དོགས་ཤིང་དཔྱིད་སོས་དང་། །ར་བ་བཞི་ལ་ཞོད་པའི་ངོ་། །སུག་བཞི་དམར་པོའི་རོང་ཆེན་དང་། །ལུང་མདར་དགུན་གསུམ་ཐ་བཞི་ལ། །མེ་སྐྱོན་ཐན་ངོ་འབྱུང་བའི་ལྟས། །ཁ་མཚུལ་སྔོ་བས་དགེ་ཞན་འབྲིང་། །གླང་གི་ཁ་བཙུམ་མཇུག་གཡས་གཡབ། །ཕྱུགས་རྩུབ་གཞོན་ཕྲུག་ཉེས་པ་དང་། །མི་ལ་དགེ་བའི་མཚན་མ་ཡིས། །གླང་རྫི་རྒན་པོས་རྒན་པོ་བདེ། །གཞོན་རྩུབ་བྱིས་པ་ཤིན་ཏུ་དོགས། །ལྟག་སྐྲ་གཡས་པ་རྣ་བའི་རྒྱབ། །གཡོན་པ་རྣ་བའི་སྔོན་ནས་འཕྱང་། །རྒྱལ་ཁམས་དགེ་ཞན་འབྲིང་དུ་བརྗོད། །གླང་རྫིའི་ལྷམ་ཟུང་གྱོན་པ་ཡིས། །སྐྱེ་དགུ་བྲེལ་ཞིང་ཆར་ཆུ་ཆེ། །རྫི་བོའི་མདོག་དམར་གོས་སྔོན་གྱོན། །སྐ་རགས་སེར་པོས་བཅིངས་པ་ཡིས། །ཡུལ་བདེ་ཟོང་དང་འབྱོར་པ་ལེགས། །གླང་རྫི་གླང་རྗེས་དལ་བུར་འགྲོ། །ཕྱུགས་ལ་ཅུང་རྩུབ་སོས་འཕར་ཕྱི། །ལྕག་འབྲས་སོ་མ་གནམ་ལ་ཕྱར། །སྤྱི་ལ་དོགས་པའི་མཚན་མ་མངོན། །ས་ལ་ཁྱུ་མཆོག་སོར་མོས་༡༠རྒྱན། །ས་བཅུད་འཕེལ་ཞིང་སོས་འཕར་སྔ། །སྟོན་མཇུག་རིང་ལ་འབྱོར་པ་ལེགས། །མཁའ་ལ་གཡུ་འབྲུག་གཟུགས་ཀྱིས་༡རྒྱན། །ཆར་ཆུ་ཅུང་ཟད་འབྲིང་བའི་ངོ་། །ཚེས་གཅིག་ལྕགས་ཕོ་འབྲུག་གི་ཉིན། །ས་སྟོད་འབུ་ལྡང་སྲན་མ་ཉེས། །ལྔ་པ་དྲུག་པ་ཆར་པ་ཆེ། །ཁུར་པོ་རི་༧དང་མི་གྲངས་རྩེ༣། །འབྲུ་ཡི་སྙིང་པོ་ཐབས་ཤེས་༢ཆགས། །ཐོའུ་ཚུགས་ནས་སྟོན་དབུགས་བར། །མཁའ་མེ་ཞག་ལ་བསེ་རུ་༡ཆད། །སོས་བུས་སྨིན་དཔྱད་བཟང་ཡང་ཟེར། །
ས་ཞིང་རྨོ་འདེབས་སྐོར་གྱི་དུས་ཚིགས།
དེ་ཡང་མཛེས་བྱེད་ཆུ་ཡོས་ལོར། །ལོ་ཏོག་ལེགས་ཤིང་སྐྱེ་འགྲོ་བདེ། །ཕྱུགས་སོགས་རྐང་འགྲོས་འཚོ་སླ་ཞིང་། །མི་རྣམས་གོས་དང་རྒྱན་ལ་དགའ། །སྤྱི་ལ་སོ་ནམ་ཕྱི་འདེབས་བཟང་། །སྔ་འདེབས་འབྲིང་ལ་བར་འདེབས་ཞན། །ཞེས་གསུངས་ཏེ། བོད་ཟླ་དང་པོའི་ཚེས་༡༢སྐོར་ནས་སྔ་འདེབས་དང་། བོད་ཟླ་གཉིས་པའི་ཚེས་༡༢སྐོར་ནས་བར་འདེབས། །བོད་ཟླ་གསུམ་པའི་ཚེས་༥སྐོར་ནས་ཕྱི་འདེབས་ཟིན་པ་བཅས་གཤོངས་ཞིང་ས་བོན་ལྕི་ཡང་སྙོམས་པའི་དབང་དུ་བཤད་པ་ཞིག་ཡིན་པས་དེ་ལུགས་ཡུལ་ལུང་སོ་སོའི་ཕུ་མདའི་ས་བབ་དང་བསྟུན་ཏེ་ཞིང་འབྲོག་རྒན་རབས་མྱོང་བ་ཅན་རྣམས་ཀྱི་ངག་རྒྱུན་དང་། སྔར་གྱི་ཉི་ཐིག་སྐར་རྟགས་སོགས་ལས་སྔ་ཕྱིའི་འདེབས་ཚོད་རན་པ་ཤེས་པར་བྱ་རྒྱུ་གལ་ཤིན་ཏུ་ཆེའོ། །སྤྱིར་ན་དགུང་འདིར་ལོ་བཟང་ཕོ་མོ་ཁྱད་མེདལྕགས་སྦྲུལ་རང་ལོ་༢༣དང་། ས་སྦྲུལ་རང་ལོ་༣༥ བུ་ཤིང་ཕག་རང་ལོ་༢༩ ཆུ་སྤྲེལ་རང་ལོ་༣༢སོན་པ་ཕ་མ་གཉིས་འཛོམས་ཤིང་། དབང་པོ་སྐྱོན་མེད་པ། མིང་པྲ་ལེགས་པ་གང་རུང་ཞིག་གིས་ས་བོན་འདེབས་པ་དང་། །སྐྱེ་ཤིང་འཛུགས་པ། མཁར་ལས་སྣེ་འཛིན་སོགས་ལོ་གང་གི་བྱ་བ་ཆེ་ཕྲའི་ལས་སྣེ་གཏོད་པའི་གནམ་ལོའི་ཕྱོགས་གཙང་ཤར་ལྷོའི་མཚམས་སུ་གཟིགས་པ་འཚལ། །
དབང་ཆེན་གྱིས་བསྒྲིགས།
འབྲེལ་ཡོད་འོས་སྦྱོར།