logo

༄༅། །གླིང་སྒྲུང་ལས་སྲོལ་རྒྱུན་རྡོ་འགྱོག་ལུས་རྩལ་སྐོར་གྱི་འཚོལ་ཞིབ།

རྩོམ་པ་པོ།:དབང་ཆེན་ཚེ་རིང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2023-07-11 ཀློག་གྲངས།:
༄༅། །གླིང་སྒྲུང་ལས་སྲོལ་རྒྱུན་རྡོ་འགྱོག་ལུས་རྩལ་སྐོར་གྱི་འཚོལ་ཞིབ།
དབང་ཆེན་ཚེ་རིང་།

ནང་དོན་གནད་བསྡུས། རྡོ་འགྱོག་ནི་བོད་རིགས་དམངས་ཁྲོད་དུ་དར་ཁྱབ་ཆེ་བའི་ལུས་རྩལ་རྣམ་གྲངས་ཤིག་ཡིན། དེའི་འབྲེལ་ཡོད་ཀྱི་དཔྱད་གཞིའི་རྒྱུ་ཆ་མང་ཤོས་ནི་དམངས་ཁྲོད་ངག་ཐོག་ནས་སྲུང་འཛིན་བྱེད་པ་ལས་ཡིག་ཐོག་ཏུ་བཀོད་པ་ཤིན་ཏུ་ཉུང་། ཡིན་ཡང་ཀུན་འདུས་ཀྱི་གླེགས་བམ་ཆེན་མོ་ཞེས་འབོད་པའི་ལོ་རྒྱུས་སྙན་རྩོམ་རིང་མོ་གླིང་སྒྲུང་ལས་རྡོ་འགྱོག་ལུས་རྩལ་སོགས་ཀྱི་དཔྱད་ཡིག་མང་པོ་བཀོད་ཡོད་ཅིང་། དེ་ནི་རིག་གནས་སྒྱུ་རྩལ་སྣ་མང་གི་འབྱུང་ཁུངས་དང་དེ་དག་གི་སྲུང་འཛིན་ཐད་ལ་ནུས་པ་གལ་ཆེན་ཞིག་ཐོན་བཞིན་པས། རྩོམ་འདིར་གེ་སར་སྒྲུང་ལས་བྱུང་བའི་རྡོ་འགྱོག་ལུས་རྩལ་དེ་སྔོག་འདོན་བྱས་ཤིང་། འབྲེལ་ཡོད་ལོ་རྒྱུས་ཡིག་ཚང་དང་འབྲེལ་ནས་དེའི་གོ་དོན་དང་། བྱུང་བ། འགྲན་སྲོལ། རྗེས་ཤུལ་སོགས་ཀྱི་ཐད་ནས་འཚོལ་ཞིབ་བྱས་འདུག
བརྡ་ཆད་གཙོ་བོ།   གེ་སར་སྒྲུང་།   རྡོ་འགྱོག   འཚོལ་ཞིབ།

དང་པོ།  རྡོ་འགྱོག་གི་གོ་དོན་དང་བྱུང་བ།
       རྡོ་འགྱོག་ནི་རྡོ་དང་ཤིང་ལ་སོགས་ཀྱི་དངོས་པོ་ལྗིད་མོ་འདེགས་ནས་ཤེད་རྩལ་འགྲན་པ་ཞིག་ཡིན། དུང་དཀར་ཚིག་མཛོད་ལས། གནའ་བོའི་དུས་ནས་བོད་རིགས་དམངས་ཁྲོད་དུ་དར་བའི་ལུས་རྩལ་གྱི་རྣམ་གྲངས་ཤིག་ཡིན་ལ། དམངས་ཁྲོད་དུ་རྩལ་འགྲན་དང་རོལ་རྩེད་ཀྱི་རྣམ་པའི་སྒོ་ནས་རྒྱུན་འཛིན་བྱེད་བཞིན་ཡོད། བོད་ལྗོངས་གནའ་བོའི་ལུས་རྩལ་རིག་གནས་ལས་བོད་མིས་ལུས་པོའི་ཤེད་རྩལ་སྦྱངས་བའི་ཐབས་མང་པོ་གསར་གཏོད་བྱས་ཤིང་། དེ་ལས་མང་ཆེ་བ་རྡོ་འགྱོག་པ་དང་། ལྗིད་འདེགས། དངོས་པོ་དབོར་འདྲེན་བཅས་ཀྱི་ཐོག་ནས་ཤུགས་ཆེ་ཆུང་མངོན་ཏེ། སྟོབས་ཤུགས་གོང་འཕེལ་དང་གཟུགས་གཞི་སྟོབས་ཆེན་དུ་བཏང་ནས། གནའ་རབས་དམངས་ཁྲོད་ཀྱི་རྩལ་འགྲན་རང་བཞིན་གྱི་ལུས་རྩལ་ཞིག་ཏུ་རང་བཞིན་གྱིས་གྱུར་ཡོད། ཅེས་བརྗོད་འདུག ང་ཚོས་དེའི་བྱེད་ནུས་ལ་གཞིགས་ནས་དཔྱད་ན། མི་རྣམས་ཀྱིས་དུས་ཡུན་རིང་པོའི་ཐོན་སྐྱེད་ངལ་རྩོལ་ཁྲོད་ནས་རིམ་པར་རྒྱུན་འཛིན་དང་། འཕེལ་རྒྱས། འགྱུར་ལྡོག་བཅས་བྱུང་བའི་ལུས་རྩལ་འགྲན་སྡུར་ཞིག་ཏུ་གྲུབ་ཡོད་པ་ཤེས་ཐུབ། རྡོ་འགྱོག་གི་ཤེད་རྩལ་འགྲན་པའི་ལུས་རྩལ་འདིའི་ཆེས་ཐོག་མའི་བྱུང་བ་དང་འབྱུང་ཁུངས་ལ་ཕྱིར་ལྟ་ཞིག་བྱས་ན། ཕྱུགས་ལས་དང་རྔོན་ལས་ཀྱི་ཐོན་སྐྱེད་ཁྲོད་དུ་ཕྱུགས་རིགས་འདེགས་འགྱོག་དང་ཁྱེར་སྒུལ་བྱེད་པ་དང་། ཡང་ན་ཞིང་ལས་དང་ནགས་ལས་སོགས་ཀྱི་ཁྲོད་དུ་རྡོ་དང་ཤིང་སྡོང་སོགས་འདེགས་འགྱོག་ཁྱེར་སྒུལ་བྱེད་པ་དེ་ནི་རྡོ་འགྱོག་ལུས་རྩལ་གྱི་ཆེས་གདོད་མའི་རྣམ་པ་ཡིན་པར་གོར་མ་ཆག རོང་འབྲོག་ཁུལ་གཉིས་ལས་འབྲོག་ཁུལ་ན་རྒྱུན་འཛིན་དང་དར་སྤེལ་བྱེད་པ་ཅུང་མང་། འབྲོག་ཁུལ་དུ་དགའ་སྟོན་གང་རུང་གི་སྐབས་སུ་ཤེད་སྟོབས་ངོམ་པ་དང་རྩེད་མོའི་རྣམ་པའི་སྒོ་ནས་རྒྱུན་འཛིན་བྱས་ཡོད། བོད་ཀྱི་ལོ་རྒྱུས་སྟེང་ནའང་རྩལ་བོ་ཆེ་མི་བདུན་བྱུང་ཡོད་པ་དེའི་ནང་གསེས། རྔོག་རིང་ལ་ནག་པོས་གླང་པོ་ཆེ་ཐེག་ཅེས་པ་དང་། རྔོག་གླིང་ཁམས་ཀྱིས་གཡག་བྲུས་པོ་ཆེ་ཐེག་ཅེས་པ། ཅོག་རོ་འབྲོང་གཤོར་གྱིས་འབྲོང་ཐུར་དུ་རྒྱུག་པ་གྱེད་དུ་འཐེན་ནུས། གནོན་ཁྲི་བདུན་གཡུ་བྱིན་གྱིས་རྟ་བཟང་པོ་གཡང་ལ་མཆོང་བ་གྱེན་ལ་འདྲེན་ནུས[1]ཞེས་གྲགས་པའི་མི་དེ་དག་ནི་ཤུགས་རྩལ་ལ་འགྲན་ཟླ་མེད་པ་རེད། བཙན་པོའི་དུས་སྐབས་སུ་མཐའ་བཞིའི་རྒྱལ་ཕྲན་རྣམས་དང་རྡོ་འགྱོག་གི་ཤེད་རྩལ་སོགས་ལུས་རྩལ་གྱི་འགྲན་སྡུར་སྤེལ་བཞིན་ཡོད་དེ། ལུས་རྩལ་རིག་གནས་ཀྱི་ཞིབ་འཇུག་པས་འདུས་སྲོང་མང་པོ་རྗེའི་དུས་སྐབས་ནི་བོད་ཀྱི་ལོ་རྒྱུས་སྟེང་གི་སྲོལ་རྒྱུན་ལུས་རྩལ་ཆེས་ཆེར་དར་བའི་དུས་སྐབས་ཤིག་ཡིན་པར་བཞེད། རྡོ་འགྱོག་གི་རྩེད་རྩལ་འདི་དམག་དོན་སྐབས་སུ་དར་བ་ལས་གཞན་དམངས་ཁྲོད་དུའང་ཁྱབ་གདལ་དུ་སོང་ཡོད་པའི་ལུས་རྩལ་གྱི་རྣམ་གྲངས་ཤིག་རེད། ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་དཔྱད་རྩོམ་ཕྱོགས་བསྒྲིགས་ལས། དེང་རབས་རྒྱལ་སྤྱིའི་ལུས་རྩལ་འགྲན་ཚོགས་ནང་རིམ་པ་མང་བའི་ལྗིད་འདེགས་འགྲན་བསྡུར་ཐོན་པ་འདིའི་རིགས་ཀྱི་ཐོག་མའི་འབྱུང་རྩའམ་ས་བོན་ལྟ་བུ་ཡིན་པ་གསལ་པོར་མཐོང་ཐུབ[2]ཅེས་བསྟན་ཡོད། ཞང་ཞུང་མུ་ཏིག་རྫོང་ལས། སྟོབས་ལ་གླང་ཆེན་སྨྱོན་པ་འདྲ། །དཔའ་རྩལ་སེང་གེའི་རྩལ་ཡ་རེད། །ཤེད་ལ་རི་བོ་དཔུང་ཁུར་ཡིན། །བྱང་གི་གྱད་པ་བསམ་གྲུབ་གཅིག །ཧོར་གྱི་རི་བོ་དཔུང་སྐོར་གཉིས། །རྒྱ་ནག་གྱད་ཆེན་བསམ་གྲུབ་གསུམ། །ང་རང་ཆོས་སྐྱོང་བེར་ནག་བཞི། །འཛམ་གླིང་ཤེད་ཆེན་མི་བཞི་ཡིན། །[3]ཞེས་པ་དང་། ཧོར་གླིང་གཡུལ་འགྱེད་ལས། མཁར་དཀར་མོ་རྩིབས་སྟོང་ནང་བཅུད་ལ། །སྟོབས་ཆེ་བ་གླང་པོ་ཁྲ་འབར་ཡིན། །གྲི་ཕུད་ན་སྡིག་གཅོད་ཤན་པ་ཡིན། །མདའ་རྫོང་ན་ཐང་རྩེ་གཡུ་འབྲུག་ཡིན། །རྩལ་ཆེ་བ་ནམ་མཁའ་སྦར་ཟིན་ཡིན། །ཤེད་ཆེན་པོ་རི་བོ་པང་འཁོར་ཡིན། །མགྱོགས་འགྲན་མེད་རླུང་ནག་རྗེས་གཅོད་ཡིན། །[4]ཞེས་ཧོར་གྱི་མི་འགྱུར་གནམ་ལྷ་དཀར་པོའི་སྲས་ཆེ་བ་ཁྲི་བཙུན་རིག་ཡག་གིས་བླངས་པའི་གླུ་འདི་ལས་ཧོར་གྱི་ཡུལ་དུ་མདའ་མདུང་གྲི་གསུམ་ལ་མཁས་པའི་མི་མང་པོ་ཡོད་པར་མ་ཟད། སྟོབས་རྩལ་ཆེ་བ་དང་ཤེད་ཆེ་བའི་འཐུས་ཚབ་ཀྱི་མི་སྣའང་ཡོད་པར་བརྗོད། ཤེད་ཆེན་དཔུང་ལ་འགྲན་པས་ན། །རྨ་ཀ་ལའི་ཕ་བོང་གུར་འདྲ་དེ། །ཉིན་ལ་ཡོད་པ་སྲིབ་ལ་བཞག །སྲིབ་ཀྱི་གྱང་མཁར་ཁ་ལ་བཞག །[5]ཅེས་འབྲུ་སྒ་བདེ་ཆོས་སྐྱོང་བེར་ནག་གི་བླངས་པའི་གླུ་ལས་ཁོང་ནི་ཤེད་ཆེན་གྲས་ཀྱི་རྩེ་མོ་ཡིན་ཞིང་རྡོ་འགྱོག་གི་རྩེད་ལ་མཁས་པ་བསྟན་ཡོད་པ་དང། བསམ་ཡས་གཙུག་ལག་ཁང་སོགས་ཀྱི་ལྡེབས་རིས་ངོས་སུ་བཀོད་པའི་རྡོ་འགྱོག་དེ་དག་ལ་ཞིབ་མོས་གཟིགས་ན་ང་ཚོས་ཤེས་ཐུབ་པ་ཞིག་ནི་མེས་པོ་གོང་མ་རྣམས་ཀྱིས་ལུས་རྩལ་རྣམ་གྲངས་དེ་རིགས་རྒྱུན་པར་འགྲན་སྡུར་བྱས་ཏེ་མཐོང་ཆེན་བྱེད་པ་མཚོན་ཡོད།
གཉིས་པ། རྡོ་འགྱོག་གི་འགྲན་སྲོལ།
       རྡོ་འགྱོག་གི་འགྲན་སྲོལ་ལ་དུང་དཀར་ཚིག་མཛོད་ཆེན་མོ་རུ། ལྗིད་ཚད་སྤྱི་རྒྱ་བརྒྱ་ལྷག་ཙམ་ཡོད་པའི་རྡོ་དབྱིབས་རིལ་པོ་འཇམ་ཤ་དོད་ཅིང་། ད་དུང་རྡོའི་ཕྱི་ངོས་ལ་མར་དང་ཞག་བྱུགས་ཏེ་ལྕི་ལ་འཇམ་འདྲེད་ཤོར་ནས་འགྱོགས་དཀའ་བ་བཟོས་པའི་རྡོ་རིལ་ཆེན་པོ་ཞིག་དཔུང་པའི་སྒང་དུ་འགྱོགས་ཐུབ་མིན་གྱི་ཤུགས་ཚད་འགྲན་པ་ཞིག་རེད། ད་དུང་ལྗིད་ཚད་སྤྱི་རྒྱ་བཅུ་གྲངས་ལྷག་ཙམ་ཡོད་པའི་རྡོ་རིལ་རང་གི་མགོ་ཐོག་ནས་རྒྱབ་ཕྱོགས་ལ་གཡུགས་པ་དང་། ཡང་ན་སྒབ་འོག་ནས་རྒྱབ་ཕྱོགས་ལ་གཡུགས་པའི་རྡོ་དེ་རྒྱང་ཐག་ཇི་ཙམ་སླེབས་ཐུབ་མིན་འགྲན་གྱི་ཡོད།[6] ལྷ་སྒྲུང་དང་རྩལ་འགྲན་ལས། གནའ་བོའི་ཞི་ལའི་མི་རྣམས་ཀྱིས་ལུས་སྦྱོང་རོལ་རྩེད་བྱེད་སྒོ་དང་ཆོས་ལུགས་བྱེད་སྒོ་གཉིས་ཟུང་འབྲེལ་དམ་ཟབ་སྒོས་བླ་ན་མེད་པའི་མཛད་སྒོ་ཞིག་ཏུ་བསྒྱུར་ཏེ། འདས་མཆོད་དང་ཆོས་ལུགས་དུས་ཆེན་སྐབས་སུ་འགྲན་བསྡུར་སྤེལ་ཞིང་དུས་བཅད་ལྟར་བསྒྲུབ་བཞིན་འདུག[7]ཅེས་པ་བཞིན་དབུས་གཙང་ས་ཆར་མཚོན་ན། ལོ་རེའི་ལྷ་སའི་ཞོ་སྟོན་དུས་ཆེན་དང་ལྷ་སའི་སྨོན་ལམ་ཆེན་མོའི་དུས་སུ་རྡོ་འགྱོག་གི་འགྲན་སྡུར་སྤེལ་བཞིན་མཆིས། བོད་ལྗོངས་གཙང་ཁུལ་དུའང་རྒྱུན་པར་ཁོམ་གསེང་དུས་སུ་རྡོ་འགྱོག་ལུས་རྩལ་གྱི་འགྲན་སྡུར་སྤེལ་བཞིན་ཡོད་པར་མ་ཟད། དེ་འབྲེལ་གྱི་འགྲན་སྡུར་བྱེད་སྲོལ་ཡང་ཡོད་དེ། བོད་ཀྱི་དམངས་སྲོལ་ཆེད་མཁས་པ་རྒྱང་འཁོར་དབྱངས་བཞིས་བཤད་པ་ལྟར་ན། རྡོ་འདེགས་འགྱོག་ལ་པང་འདེགས་སུ་འབོད་ལ། ལྗིད་ཚད་ཆེ་བའི་འདེགས་རྡོ་ཞིག་གཏན་འཁེལ་བྱས་ཐོག་ཤེད་སྟོབས་ཀྱིས་ཕྱུག་པའི་ཕོ་རྒོད་རྣམས་ཀྱིས་རིམ་པ་བཞིན་ས་སྟེང་ནས་འགྱོག་དགོས་ཀྱི་ཡོད། དེའི་འདེགས་འགྱོག་བྱེད་སྟངས་ལ་རྣམ་པ་གཉིས་ཡོད་པ་ནི་འདེགས་རྡོའི་ཆེ་ཆུང་དང་ལྕི་ཡང་གིས་ཐག་གཅོད་ཀྱི་ཡོད། འདེགས་རྡོ་ལྗིད་བ་དང་ཆེ་བ་ཡོད་ན་ས་སྒྲོལ་དང་། པུས་སྒྲོལ། ལྟོ་སྒྲོལ། བྲང་སྒྲོལ། དཔུང་བསྐྱུར་བཅས་རིམ་པ་ལྔ་ཙམ་གྱི་དབྱེ་བ་ཡོད་ལ། སྔ་མ་སྔ་མ་སླ་བས་རིམ་པ་དམའ་བ་དང་། ཕྱི་མ་ཕྱི་མ་དཀའ་བས་རིམ་པ་མཐོ་བར་བརྩིས་ལ་དཔུང་བསྐྱུར་ཐུབ་ན་རབ་ཏུ་བརྩི་སྲོལ་མཆིས། དཔུང་བསྐྱུར་བཏང་བ་དེ་རང་ལའང་མཐོ་དམན་གྱི་རིམ་པ་དབྱེ་རྒྱུ་ཡོད་པ་བཅས་མདོར་ན་འདེགས་རྡོ་ཇི་ཙམ་གྱིས་མཐོ་བ་འགྱོག་ཐུབ་ན་དེ་ཙམ་གྱི་ཨང་ཀི་མཐོ་བ་ཐོབ་ཀྱི་ཡོད་པ་དང་། མཐོ་ཤོས་འགྱོག་ཐུབ་མཁན་དེར་ཨང་ཀི་དང་པོ་ཐོབ་པར་བརྩི་བ་ཡིན། འཇིང་སྐོར་གཏོང་སྟངས་ནི་ཐོག་མར་འདེགས་རྡོ་དེ་བྲང་དུ་བཀྱག དེ་ནས་ལག་གཉིས་ཀྱིས་དཔུང་པ་གཡས་པའི་སྟེང་དུ་འདེགས་མཚམས་ལག་གཡོན་པས་མགོ་བོའི་རྒྱབ་ནས་རྡོ་བཟུང་བ་དང་སྦྲགས་འདེགས་རྡོ་དཔུང་པ་གཡོན་པའི་སྟེང་དུ་ལེན་ཐབས་བྱེད་དགོས་པ་དང་། དེ་རྗེས་ལག་གཉིས་ཀྱིས་བྲང་ཁར་བླངས། དེ་ལྟར་བསྐོར་བ་ག་ཚོད་མང་བ་རྒྱག་མཁན་ལ་རྒྱལ་ཁ་ཐོབ་པར་བརྩི་བ[8]ཞེས་སོ། །ཨ་མདོའི་ས་ཆར་མཚོན་ན། རྡོ་འགྱོག་གི་ལུས་རྩལ་འགྲན་ཚུལ་གཉིས་མཆིས་ཏེ། གཅིག་ནི་འགྲན་ཞུགས་པ་ཚོས་འདེགས་པའི་རྡོའི་ལྗིད་ཚད་གཅིག་ཡིན་པ་དང། རྡོ་དེ་ལག་པ་གཉིས་ཀྱིས་བྲང་ཁར་བཟུང་ནས་སོང་བའི་ལམ་རིང་ཐུང་ལ་བརྟེན་ནས་རྒྱལ་ཕམ་གྱི་དབྱེ་བ་འབྱེད། ཅིག་ཤོས་ནི་འདེགས་པའི་རྡོ་ཆེ་ཆུང་འགའ་ཡོད་དེ། འགྲན་ཞུགས་པ་ཚོས་རང་གི་ཤེད་ཤུགས་དབང་གིས་རྡོ་འགྱོག་པ་དང་། འདེགས་པའི་རྡོའི་ཆེ་ཆུང་དབང་གི་རྒྱལ་ཕམ་གྱི་དབྱེ་བ་འབྱེད། ཆེ་བ་འདེགས་མཁན་རྒྱལ་བ་ཡིན་ཞིང་ཆུང་བ་འདེགས་མཁན་དེ་ཕམ་སོང་བ་ཡིན། བོད་ཀྱི་དམངས་སྲོལ་ལས། རྡོ་འགྱོག་གི་ཤེད་རྩལ་འགྲན་སྲོལ་ལ་རྣམ་པ་བཞི་ཡོད་དེ། རྡོ་འདེགས་ཏེ་སོང་བའི་ས་ཐག་རིང་ཚད་འགྲན་པ་དང་། རྡོ་འདེགས་ཏེ་འཕངས་པའི་ས་ཐག་རིང་ཚད་འགྲན་པ། རྡོ་འདེགས་པའི་མཐོ་ཚད་འགྲན་པ། རྡོ་འདེགས་ཏེ་ཕྲག་པ་གཡས་ནས་གཡོན་བར་བསྐོར་བ་བྱས་པའི་གྲངས་ཀ་འགྲན་པ་བཅས་ཡིན[9]ཞེས་བསྟན། ཙཱི་དམ་འཕྲུལ་རྫོང་ལས། དེར་རྡོ་ཕ་བོང་གླང་ཆེན་གྱི་ཚད་ཙམ་ཡོད་པ་དེ་སུས་ཁྱེར་ནུས་པའི་སྟོབས་འགྲན་ཚེ། འབྲུ་སྒ་བདེས་གོམ་པ་བརྒྱ་ཙམ་ལ་ཁྱེར་ནས་རང་བཞིན་གྱིས་སར་བཞག གསེར་བའི་ཉི་འབུམ། སྟག་དམར་སྟོབས་ཆེན། བྷེ་སྲས། རྒྱལ་སྲས་དུག་རི། གླང་ཆེན་ནམ་མཁའ། ཁྲ་གདོང་བསྟན་འཛིན། བཀའ་བློན་གནམ་ལྷ་སོགས་ཀྱིས་རིམ་པ་ལྟར་ཁྱེར་བ་དང་སྒྲིལ་བ་བསྒུལ་བ་སོགས་བྱས། རོལ་རྩེད་པ་རྣམས་ཀྱིས་གོང་གི་ཕ་བོང་དེ་ལ་གྲིས་བཏབ་པའི་ཚེ། སེང་སྟག་ཨ་དོམ། ཤན་པ་རྨེ་རུ། བཀའ་བློན་ཟི་གྲགས། སྟག་ལྷ་ཁྲི་དཀར། གཡུ་ལྷ། ཁ་སྲས་གཡུ་འབྲུག་གྲགས་པ། ཆོས་འགྲུབ། ཁྲ་གདོང་བསྟན་འཛིན། བྱ་ཆེན་ཀརྨ། རྨ་ཉིན་རྫོང་དཔོན་སོགས་ཀྱིས་ཕྱིང་དཀར་དང་ཀོ་བ་ལྟར་ལེབ་མོ་རེ་རེ་དྲས། དེས་ལྷ་སྲས་དགྲ་བླས་ཡ་ཟི་གཡུགས་པས་ཕ་བོང་དུམ་མེར་བཅད་ནས་རྡོ་གཉིས་བཟོས་པ་ན། འདན་སྲས་ཀྱིས་རལ་གྲི་ཤན་པའི་བཤའ་གྲི་བཏབ་ནས་མར་དཀར་བཅད་པ་ལྟར་རྡོ་གཉིས་མཉམ་དུ་གཏུབ་ནས་ཕ་བོང་ཁྱེར་བདེ་བཞི་བྱས་པས་ཐམས་ཅད་ཡ་མཚན་ནོ། །[10]ཞེས་པ་བཞིན་གླིང་གི་དཔའ་རྟུལ་མང་པོས་ཀྱང་རྡོ་འགྱོག་གི་འགྲན་སྡུར་བྱས་པ་ཤེས་ཐུབ། དེང་དུས་བོད་ལྗོངས་ལྷ་སའི་ཞོ་སྟོན་དུས་ཆེན་གྱི་སྟེང་དུའང་རྡོ་འགྱོག་གི་རྩེད་རྩལ་འགྲན་སྡུར་སྤེལ་བཞིན་མཆིས་ལ། དེའི་སྐབས་ཀྱི་འགྲན་སྡུར་བྱེད་ཐབས་ནི། ལག་པ་གཉིས་ཀྱིས་ས་ངོས་ནས་རྡོ་བཀྱགས་ཏེ་ཕྲག་ཏུ་ཁུར་བ་དང་། རྒྱབ་ཕྱོགས་སུ་འཕེན་ཐུབ་པ་བྱུང་ན་རྒྱལ་ཁ་ཐོབ་པ་རེད། ཤན་འབྱེད་མཁན་གྱིས་རྡོ་འགྱོག་སྐབས་ཀྱི་ལུས་ཀྱི་རྣམ་པ་དང་། བསྐོར་ནས་འགྲོ་སྐབས་ཀྱི་མྱུར་ཚད་བཅས་ལ་གཞིགས་ནས་ཐག་གཅོད་པ་རེད། གླིང་གེ་སར་རྒྱལ་པོའི་གསོལ་མཆོད་སྐོར་ཕྱོགས་བསྒྲིགས་སུ། དཔའ་བོའི་སྐུར་བཞེངས་མཐུ་སྟོབས་ནུས་པའི་བདག །སྒ་བདེའི་ཆོས་སྐྱོང་ཆེན་པོ་བེར་ནག་ཅན། །སྨུག་ནག་ཁྲོ་ཚུལ་དྲག་སྔགས་དམོད་པ་སྒྲོགས། །ཞྭ་ནག་ཕོད་ཀ་ལ་སོགས་སྔགས་ཆས་གསོལ། །ཕྱག་གཉིས་རྡོ་རྗེའི་སྒྱོགས་རྡོ་དགྲ་ལ་འཕེན། །དགྲ་བགེགས་དམ་སྲིའི་སྟེང་ན་རྔམས་སྟབས་འགྱིང་། །ནུས་མཐུ་ཆེ་བས་སྲིད་གསུམ་འཕུར་ནས་ཟ། །སྟོབས་རྩལ་ཆེ་བས་རི་རབ་ཚོགས་པོར་འཕེན། །[11]ཅེས་འབྲུ་སྒ་བདེ་ནི་སྟོབས་ཆེ་བ་དང་། མཐུ་ནུས་ལྡན་པ། མགྱོགས་མྱུར་ཆེ་བ། རྫུ་འཕྲུལ་ཆེ་བ་སོགས་བསྟན་འདུག རྒྱ་གླིང་གཏམ་གྱི་ངོ་མཚར་ཕྲེང་བ་ལས། ཡང་རྒྱ་རྗེས་ད་ཤེད་ཀྱི་རྒྱལ་ཁ་བལྟ་དགོས་གསུངས། ཕྱི་ཉིན་ཞིང་ཆེན་རེ་ནས་ཤེད་ཆེན་བརྒྱ་རེ་ཙམ་འཛོམས་བྱུང་བ་དང་། གླིང་གི་འབྲུག་སྒ་བདེ་མི་ཆེན་སེར་པོ་དེས་སྣམ་འཕྲུག་འཇའ་རས་དམར་པོ་གོས་གཅིག་གྱོན། ལྷོ་རས་རྒྱ་ཁ་དམར་པོ་སྐེད་ཆིངས་བྱས། རྐང་ལ་སྤུ་མ་འཇའ་ཆེན་ལྷམ་གཅིག་གྱོན། དེ་ལ་འབྲོང་ཀོ་མཉེད་མས་ཉྭ་ཆིངས་བྱས་ནས་ན་རེ། རྒྱ་ནག་པོ་ཞིང་ཆེན་བཅོ་བརྒྱད་ནང་། ཤེད་ཆེན་པོ་གདམས་བཀྲབས་བྱེད་ལེ་རེད། ཕོ་ང་ཡི་འགྲན་ཡ་བྱུང་ན། མོ་འཕང་བཟུང་གཅིག་དང་ཁྱད་མེད་ཟེར་ནས་དཔུང་བ་བརྫིས་ཞེས་པ་ལས་གླིང་གི་དཔའ་རྟུལ་འབྲུ་སྒ་བདེ་ཆོས་སྐྱོང་བེར་ནག་ནི་ཤེད་ཆེན་ཞིག་ཡིན་པ་ཤེས་ཐུབ། ཡང་ཁོང་གིས་བླངས་པའི་གླུ་ལས། ཀ་བཞིའི་ཁང་ཆུང་མཛུབ་མོས་བཏེགས། །ལེབ་བཞི་སྦྲ་ནག་ཕུ་ཡིས་སྐྱེལ། །རྡོ་ནག་ཕ་ཝང་ཚག་རྡེལ་འཕངས། །བྲེ་སེར་འབྲོང་གཡག་རྭ་ཟུན་བྱེས། །དམར་ཡག་སྟག་མོ་གཉའ་སུབ་རྒྱབ། །གླང་ཆེན་ཁུ་ཚུར་གཅིག་གིས་བསད། །ཅེས་ཟེར་ནས་ཁོང་ལ་དང་པོ་ཤེད་ཆེ་བ་དང་། བར་དུ་སེང་ཆེན་རིན་པོ་ཆེའི་སྤྲུལ་བའི་ཐུགས་རྗེ་ལ་བརྟེན་ནས་རྒྱ་ནག་རི་བོ་རྩེ་ལྔ་དེ་པང་དུ་བླངས་པའི་ཚུལ་གྱིས་ཀླད་ཀོར་གཡུགས་བྱུང་བས། རྒྱ་ཡི་ཤེད་ཆེན་རྣམས་སྐྲག་དངངས་ཆེན་པོ་བྱུང་སྟེ་མི་འགའ་རེ་ཐུན་ཤི་དུ་སོང། ཕལ་ཆེར་ཡིབ་ཅིང་བྲོས་པའི་སྐབས་སུ། རྒྱ་རྗེ་ཀ་ར་ཀུན་ཀོན་ཁོང་ཡང་ཡ་ང་ནས་གསུངས་མི་ཐོན་པར་ལུས་ཏེ་ཧ་ལས། འབྲུག་སྒ་བདེ་ཁོང་གིས་ཤེད་ཀྱི་རྒྱལ་ཁ་དེ་བླངས་པར་གདའོ། །[12] ཞེས་པ་ལས་འབྲུ་སྒ་བདེ་ནི་དཔའ་བོ་ཤེད་ཆེན་ཞིག་ཡིན་པ་བརྗོད་འདུག་ལ། མི་མིན་སྒྱུ་མའི་འཕྲུལ་རྫོང་ལས། དེ་ནས་མི་མིན་ཡུལ་གྱི་བློན་པོ་ཁྲི་བརྟན་གྱི་བསམ་པར་ད་རྩེད་མོ་གཞན་ཞིག་རྩེས་ནས་ཁོ་རང་ཚོ་ཕམ་དུ་འཇུག་དགོས་སྙམ་ནས་དེ་ལུགས་བཤད་པས་རྩེད་དཔོན་དེས་ཀྱང་དེ་ལུགས་བྱེད་ཆོག་ཅེས་སླར་ཡང་ཁོང་གཉིས་ཀྱིས་ཤེད་འགྲན་པའི་ལས་ལ་ཞུགས༔ འདིའི་སྐབས་སུ་བདུད་བློན་ཁྲི་བརྟན་གྱིས་རྡོ་ཕ་བོང་ལུག་རོ་ཙམ་ཞིག་ཡར་བཀྱགས་ནས་གོམ་པ་བཅུ་ལ་ཉེ་བ་ཞིག་ཏུ་ཕྱིན་ཏེ་སར་འཕངས་ཏེ་ང་རྒྱལ་ཆེན་པོའི་ངང་དུ་གླུ་འདི་བླངས་སོ༔ ང་འདྲ་ང་ངོ་མ་ཤེས་ན༔ དཔའ་ཆེན་དམར་ཡག་སྟག་མོའི་རྒྱུད༔ སྟོབས་ཆེན་འབྲོང་གཡག་དར་མའི་ཟླ༔ ཡིན་ན་ཁྲི་བརྟན་རྡོ་རྗེ་ཡིན༔ རྡོ་ཆེན་ལུག་རོ་ལྟ་བུ་འདི༔ ལྗིད་ཚད་ཅི་འདུག་ཤེས་འདོད་ན༔ ལ་མོ་ལག་ཏུ་ལོངས་དང་གསལ༔ རང་གར་རྒྱལ་ཕམ་རྩོད་དོན་མེད༔ ཅེས་དང་། འདིའི་སྐབས་སུ་མིག་མངས་ཀྱི་རྩེད་དཔོན་དེ་ཡིས་གླང་ཆེན་སྟོབས་ཀྱིས་དྲེག་པའི་འགྱིང་འགྲོས་དང་སྦྲགས་ཤེད་ངོམ་དང་འབྲེལ་བའི་གླུ་འདི་བླངས་སོ༔ ང་འདྲ་ང་ངོ་མ་ཤེས་ན༔ ཕོ་གཞོན་དྲི་མེད་བཀྲ་ཤིས་ཟེར༔ ཤེད་ཀྱི་རི་རབ་གཡོ་ནུས་ཟེར༔ དེ་འདྲ་མ་ཞིག་རྫུན་ཡིན་ཀྱང༔ སྲིད་པ་གནམ་སའི་གོ་མཚམས་ན༔ འགྲན་ན་འདྲ་བསམ་ཡོད་སྣང་མེད༔ ཡོད་མེད་མིག་ལ་སྟོན་རྒྱུ་ཡིན༔ ངག་གི་གླུ་དང་ལུས་ཀྱི་ཤེད༔ མཉམ་པོར་བསྒྲགས་ཏེ་ལྟད་མོ་སྟོན༔ དང་པོ་ཤེད་ཆེན་གྱད་ཀྱི་མིའི༔ འགྱིང་སྟབས་གླང་བོའི་འགྲོ་ལུགས་ཀྱིས༔ གོམ་པ་རིང་ཐུང་གསུམ་གསུམ་དྲུག༔ གཡས་དང་གཡོན་དུ་བགྲོད་པ་འདི༔ སྟོབས་ཀྱིས་ས་ཆེན་གནོན་པ་ཟེར༔ དེ་ནས་སྟག་མོ་མཆོང་རན་ཚེ༔ རྩུབ་མ་བརྩེགས་པའི་ངང་ཚུལ་དང༔ ཆབས་ཅིག་དཔུང་བརྐྱང་སྤར་མོ་བསྒྲད༔ འདི་ལ་བྱ་གླག་ཟན་འབབ་ཅེས༔ སྤར་མོ་ལྕགས་ཀྱུ་འབར་བའི་དཔེ༔ ངོ་མཚར་ཤེད་ཤུགས་ཕྱུང་ལུགས་རེད༔ དེ་མཐར་བཀྱག་རྡོ་པང་དུ་ལེན༔ སྟོབས་ཀྱིས་མཁའ་ལ་ཕྱར་བ་འདི༔ གདོང་ལྔས་གྱད་ཆེན་འདེགས་པ་ཞེས༔ སྲིད་གསུམ་སྔངས་བྱེད་སྟངས་སྟབས་ལགས༔ དེ་ནས་མི་རིང་མི་ཐུང་སར༔ དར་གྱི་ཕོ་ལོང་འཕེན་ཐབས་ཀྱིས༔ རྡོ་ཆེན་སྒྱོགས་ལྟར་འཕེན་པ་ནི༔ བོན་པོས་རྡོ་ཟེར་ལྡེབ་སྟངས་སམ༔ རྡོ་རྗེའི་མཚོན་ཆ་འགྱེད་ལུགས་ཡིན༔ ཞེས་གླུ་དེ་ལྟར་བླངས་ཤིང་རྡོ་ཆེན་དེ་ཉིད་ཡར་ནམ་མཁའ་ལ་ཕྱར་ནས་གོམ་པ་བཅུ་ཕྲག་ཙམ་གྱི་སར་འཕངས་[13]ཞེས་མི་མིན་ཡུལ་གྱི་བློན་ཆེན་ཁྲི་བརྟན་རྡོ་རྗེ་དང་ཕོ་གཞོན་དྲི་མེད་བཀྲ་ཤིས་གཉིས་ཀྱི་རྡོ་འགྱོག་གི་ཤེད་རྩལ་འགྲན་པའི་སྒྲུང་འདི་ལས་རྡོ་བཀྱགས་ནས་ཐག་རིང་ཐུང་འགྲན་པའི་ཚུལ་བསྟན་ཡོད་ཅིང། འགྲན་སྡུར་མ་བྱས་པའི་ཡར་སྔོན་དུ་དངོས་པོ་ཞིག་རྒྱན་ལ་བཞག་སྟེ་རྒྱལ་སྐུག་པ་ཡིན་ནོ། །
གསུམ་པ། རྡོ་འགྱོག་གི་རྗེས་ཤུལ།
       དམངས་ཁྲོད་དུ་གེ་སར་རྒྱལ་པོའི་རྡོ་འགྱོག་གི་ཤེད་རྩལ་ངོམ་པའི་འགྱོག་རྡོ་ཡིན་ཞེས་པའི་རྗེས་ཤུལ་འགའ་མཆིས་ཏེ། གཅིག་ནི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧི་ནན་སོག་རྫོང་མཐོ་ཡུལ་མ་ཡུལ་ཚོ་ཤ་བུར་དི་སྡེ་པའི་མངའ་ཁོངས་སུ་ཡོད། འགྱོག་རྡོ་དེ་ནི་ཞབས་དཀར་ཚོགས་དྲུག་རང་གྲོལ་སྐུ་ཕྲེང་དང་པོའི་སྒྲུབ་གནས་དང་ཐག་མི་རིང་སའི་རྡོ་ཆེན་ཞིག་གི་སྟེང་དུ་བཞག་ཡོད། ས་དེའི་ཡུལ་མི་རྣམས་ཀྱིས་འགྱོག་རྡོའི་སྟེང་ལ་ཁ་བཏགས་འཐེན་ཡོད།[14] གེ་སར་རྒྱལ་པོའི་འགྱོག་རྡོ་ཡིན་ཞེས་ལུག་གི་ཆེ་ཆུང་དང་འདྲ་བའི་རྡོ་ཞིག་ཡོད། བལྟས་ཚོད་ལ་མིའི་ལག་པས་བཟུང་བའི་ཤུལ་ཡང་ཡོད། དེ་ལ་ས་དེའི་མང་ཚོགས་ཀྱི་ཁྲོད་དུ་མི་རབས་ནས་མི་རབས་བར་དུ་བརྒྱུད་ཡོང་བའི་གཏམ་རྒྱུད་འདི་འདྲ་ཞིག་སྒྲོག་བཞིན་མཆིས། སངས་རྒྱས་སྟོང་གི་ཐུགས་སྲས། ཨོ་རྒྱན་པདྨ་འབྱུང་གནས་ཀྱི་རྣམ་སྤྲུལ་སྐྱེས་མཆོག་ནོར་བུ་དགྲ་འདུལ་ཁོང་ཉིད་སྐུ་ན་ཕྲ་བའི་དུས་སུ། མ་རུངས་ཕྱོགས་བཞིའི་དགྲ་བཞི་དང་བཅས་པ་མ་ལུས་རྡུལ་དུ་བརླག་པའི་ཆེད་དུ་ཉིན་རེར་ནངས་སྔ་ལངས་དང་དགོང་འཕྱི་ཉལ་བྱས་ཏེ་རྡོ་དེ་ཡར་འགྱོག་མར་འགྱོག་གིས་ལུས་རྩལ་སྦྱོང་ལ་འབད་འབུངས་ལྷོད་མེད་མཛད་པའི་རྐྱེན་གྱིས་གེ་སར་རྒྱལ་པོར་ལུས་ཀྱི་རྩལ་ཤུགས་རབ་ཏུ་རྫོགས་ཏེ་ཕྱག་གཅིག་གིས་ཀྱང་ཕོ་གསར་བཅུ་ལྷག་ཅིག་འགྱོག་ཐེངས་གཅིག་ལ་འདེགས་ཐུབ་ཅེས་བཤད་ཚུལ་ཡོད་ལ། དེར་མ་ཟད་གླིང་རྗེ་གེ་སར་རྒྱལ་པོ་མཆོག་གིས་གླིང་ལྷ་སྡེ་དཀར་པོའི་དཔའ་རྟུལ་རྣམས་མཉམ་གཅིག་ཏུ་བསྡུས་ཏེ་ཐོག་མར་ཁོང་གིས་ཚང་མའི་མདུན་དུ་ལུས་རྩལ་བཟང་ངན་གྱི་འཁྲབ་སྟོན་མཛད་དེ། དཔའ་རྟུལ་རྣམས་ལ་དགྲ་འདུལ་ན་ལུས་རྩལ་སྦྱངས་དགོས་པའི་བཀའ་ཕབ་པ་དང་། དུས་མཚུངས་སུ་ཐམས་ཅད་ལ་ཁོང་གི་འགྱོག་རྡོ་ཡར་འདེགས་སུ་བཅུག་པའི་ཚེ། ཡར་འདེགས་ཐུབ་པའི་སྐྱེས་བུ་ཞིག་མ་བྱུང་ལ། སྐབས་དེ་ནས་བཟུང་ལུས་རྩལ་སྦྱངས་པའི་གོམས་སྲོལ་ཀྱང་ཆགས་པ་ཡིན་པའི་བཤད་སྲོལ་ཞིག་ཆགས་འདུག་པ་ཡིན[15]ཞེས་པ་དང་། གཉིས་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་སྐེ་བ་སྡེ་བའི་མངའ་ཁོངས་སུ་ཡོད། བཤད་རྒྱུན་ལ་གླིང་གི་དུས་སུ་དམ་སྲི་ཞིག་གིས་རྒྱུན་པར་ཡུལ་འདིའི་བྱིས་པ་རྣམས་ལ་གནོད་འཚེ་བྱས་དང་བྱེད་བཞིན་ཡོད་པ་དེ་ཇོ་རུ་རྒྱལ་པོས་མཁྱེན་ནས། ཐུགས་ཤིན་ཏུ་ཁྲོས་ཤིད་འདྲེ་སྲིན་དེ་ཉིད་སྐད་ཅིག་ཉིད་དུ་དམ་ལ་བཏགས་ཏེ་རྡོ་ཕ་བོང་ཞིག་གི་འོག་ཏུ་མནན་པ་ནས་བཟུང་ཡུལ་མི་རྣམས་བདེ་སྐྱིད་ཀྱི་འཚོ་བ་རོལ་ཞིང་རྡོ་ཕ་བོང་དེར་གེ་སར་ཕ་བོང་ཞེས་མིང་བཏགས། ཡུལ་དེའི་གེ་སར་སྒྲུང་པ་ནོར་བུ་ཚེ་རིང[16]གིས་མཚམས་སྦྱོར་ལྟར་ན། གེ་སར་ཕ་བོང་དེ་སྔོན་ཆད་ས་ཁར་བུད་པ་མང་ཞིང་ཤིན་ཏུ་མཐོ་ལ་དེང་སང་གཏིང་དུ་འཛུལ་ཡོད། བཤད་རྒྱུན་ལ་ཇོ་རུ་རྒྱལ་པོས་འདྲེ་སྲིན་རྡོ་འོག་ཏུ་མནན་ཡོད་པས་ས་འོག་ཏུ་ཅི་ལྟར་འཛུལ་ན་དེ་ལྟར་ལེགས། ཡུལ་དེའི་མི་རྣམས་ཀྱིས་བྱིས་པར་སྲི་གཏོད་པར་གེ་སར་ཕ་བོང་མདུན་དུ་ཡོང་སྟེ་བསང་ཕུད་པ་དང་དར་ལྕོག་འཐེན་པའི་སྲོལ་ད་ལྟའི་བར་དུ་མ་ཉམས་པར་རྒྱུན་འཛིན་བྱས་ཡོད། གསུམ་ནི་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚའི་ཡུལ་དུ་གེ་སར་རྒྱལ་པོའི་འགྱོག་རྡོ་ཡིན་ཞེས་པའི་རྡོ་ཞིག་རྙེད་སོན་བྱུང་ཡོད། ས་དེའི་དགེ་འདུན་པ་སྐོར་ཞིག་གིས་འགྱོག་རྡོ་དེ་སྲུང་སྐྱོབ་བྱས་ཏེ་ད་ལྟ་སོག་རྩ་དགོན་དུ་ཉར་ཚགས་བྱས་ཡོད། རྡོ་དེའི་ཆེ་ཆུང་ལ་མི་དཀྱུས་མ་ཞིག་གིས་སྒུལ་བ་ལས་ཡར་འདེགས་མི་ཐུབ་པ་དང་། རྡོ་དེའི་སྟེང་དུ་གེ་སར་རྒྱལ་པོའི་ཕྱག་རྗེས་ཡིན་ཞེས་ཕྱག་རྗེས་ཆེན་པོ་ཞིག་གསལ་པོར་མཐོང་ཐུབ། ཡུལ་དེར་གེ་སར་རྒྱལ་པོའི་འགྱོག་རྡོ་ཡིན་པར་བཤད་སྲོལ་ཡོད་ཅིང་དེ་མཐུན་གྱི་ངག་རྒྱུན་འདི་འདྲ་ཞིག་ཀྱང་མཆིས། སོག་རྩ་དགོན་པའི་དགེ་འདུན་པ་སྐལ་བཟང་ཤཱཀྱ་དང་ཤེས་རབ་ཀྱིས་བཤད་པ་ལྟར་ན། དེ་ནས་ཡིད་བཞིན་དབང་གི་རྒྱལ་པོ་ཉིད་ཀྱིས་ལྷ་བླ་མ་ལ་གསོལ་འདེབས་ཀྱི་གླུ་འདི་ལྟར་བླངས་སོ། སྟེང་སྤྱི་གཙུག་ཉི་ཟླའི་གདན་སྟེང་ན། །རྩ་བ་བརྒྱུད་པའི་བླ་མ་དང་། །ཨོ་རྒྱན་པད་འབྱུང་མཐུ་སྟོབས་ཅན། །ཡི་དམ་ཞི་ཁྲོའི་ལྷ་ཚོགས་དང་། །མཁའ་འགྲོ་ཆོས་སྐྱོང་ཝེར་མ་རྣམས། །དེ་རིང་སྐྱེས་བུའི་གྲོགས་སུ་བྱོན། །མཁའ་འགྲོ་ན་བུན་འཐིབ་ལ་བྱོན། །ཆོས་སྐྱོང་བུ་ཡུག་འཚུབ་ལ་བྱོན། །ཝེར་མ་ཟི་ར་འཁྲུགས་ལ་བྱོན། །དེ་རིང་སྐྱེས་བུའི་སྡོང་གྲོགས་མཛོད། །སྲ་མཁྲེགས་རྡོ་ཡི་འཕྲུལ་འཁོར་འདི། །དགྲ་འདྲེ་སྲིན་སྟེང་དུ་ཧོ་མ་ལ། །གླིང་སྐྱེས་བུའི་བསམ་དོན་འགྲུབ་པར་ཤོག །འགྲོ་ཀུན་བདེ་ལ་འཁོད་པར་ཤོག །ཅེས་ལྷ་ཀླུ་གཉན་གསུམ་གྲོགས་སུ་དྲངས་ཏེ། འགྱོག་རྡོ་ཆེན་པོ་དེ་འུར་སྒྲ་དང་བཅས་འཕངས་པས། ཕྱི་མིག་ཙམ་ཡང་མི་ལྟ་བར་འགྲོ་བཞིན་པའི་མ་རུངས་འདྲེ་སྲིན་དེ་སྐད་ཅིག་ཉིད་ལ་ཐལ་བ་རྡུལ་དུ་བརླགས་སོ། །དུས་དེ་ནས་བཟུང་གེ་སར་འགྱོག་རྡོ་ནི་འགྲོ་བ་ཡོངས་ཀྱི་ཕྱག་མཆོད་བཀུར་བསྟིའི་གནས་སུ་གྱུར། སྐྱེ་བོ་སུ་ཞིག་ཡིན་ཡང་རྡོ་དེ་མཐོང་ཙ་ན། ལ་ལས་ཞྭ་ཕུད་དེ་ཕྱག་དང་བསྐོར་བ་བྱེད། ལ་ལས་ཡར་འདེགས་ཨེ་ཐུབ་ལྟ་བ་དང་། ལ་ལས་ཕུད་རྒྱག་བྱེད་པ་སོགས་རྩལ་ཤུགས་སུ་ཆེར་འགྲན་པ་ནི་རྒྱུན་ལྡན་གྱི་གོམས་སྲོལ་ཞིག་ཏུ་གྱུར་ཡོད། གེ་སར་འགྱོག་རྡོ་དེ་ལ་ས་དེའི་དམངས་ཁྲོད་དུ་བཤད་སྲོལ་གཞན་ཞིག་ཀྱང་ཡོད་དེ། འགྱོག་རྡོ་དེ་བཀྱགས་ཀིན་བཀྱགས་ཀིན་ཡར་མཐོ་སར་སོང་ན་བསྐལ་པ་ཡར་ལ་དར་བའི་རྟགས་ཡིན་པས་བཟང་ལ། མར་ཐུར་ལ་སོང་ན་བསྐལ་པ་མར་ལ་འགྲིབ་པའི་རྟགས་ཡིན་པའི་མི་བཟང་ཟེར་ཞེས་པ་ལས་ང་ཚོས་ཤེས་ཐུབ་པ་ཞིག་ནི་ཐོག་མར་ཡུལ་དེར་གེ་སར་རིག་གནས་དར་བ་རྟོགས་ཐུབ་པ་དང་། གེ་སར་རྒྱལ་པོ་རྡོ་འགྱོག་གི་རྩེད་རྩལ་ལ་མཁས་པའི་ངག་རྒྱུན་ཡོད་པ་གསལ་པོར་བསྟན། ངག་རྒྱུན་འདི་དག་གཅིག་ནས་གཅིག་ལ་ངག་ནས་ངག་ཏུ་བརྒྱུད་པའི་གོ་རིམ་ཁྲོད་ནས་ཕུན་སུམ་ཇེ་ཚོགས་དང་། འཐུས་སྒོ་ཇེ་ཚང་། དུ་གྱུར་པ་དང་མཉམ་དུ་རྡོ་འགྱོག་གི་ལུས་རྩལ་རྣམ་གྲངས་འདིའང་མི་རབས་ནས་མི་རབས་བར་ལ་རྒྱུན་འཛིན་བྱེད་པར་ནུས་པ་ཐོན་ཡོད་དོ། །

མཆན་འགྲེལ།
[1] དཔའ་བོ་གཙུག་ལག་ཕྲེང་བ། ཆོས་འབྱུང་མཁས་པའི་དགའ་སྟོན། [M] སྟོད་ཆ། པེ་ཅིན། མི་རིགས་དཔེ་སྐྲུན་ཁང་།  ༡༩༨༥ལོའི་པར་ཐེངས་དང་པོ། ཤོག་ངོས༢༥༥ནང་གསལ།             
[2] ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་དཔྱད་རྩོམ་ཕྱོགས་བསྒྲིགས། [M] ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༧ལོའི་པར་ཐེངས་དང་པོ། ཤོག་ངོས༢༧༩ནང་གསལ།       
[3] ཞང་ཞུང་མུ་ཏིག་རྫོང་། [Z] ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༧ལོའི་པར་ཐེངས་དང་པོ། ཤོག་ངོས༡༤༡ནང་གསལ།
[4] མཚོ་སྔོན་ཞིང་ཆེན་དམངས་ཁྲོད་རྩོམ་རིག་ཞིབ་འཇུག་ཚོགས་པས་བསྡུས་ཤིང་བསྒྲིགས་པ། ཧོར་གླིང་གཡུལ་འགྱེད། [Z] སྟོད་ཆ། ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༦༢ལོའི་པར་ཐེངས་དང་པོ། ཤོག་ངོས༢༧༦ནང་གསལ།
[5] མོན་གླིང་གཡུལ་འགྱེད། [Z] ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༧ལོའི་པར་ཐེངས་དང་པོ། ཤོག་ངོས༢༡༦ནང་གསལ།
[6] དུང་དཀར་བློ་བཟང་འཕྲིན་ལས། དུང་དཀར་ཚིག་མཛོད་ཆེན་མོ། པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ལོའི་པར་ཐེངས་དང་པོ། ཤོག་ངོས༡༥༩༨ནང་གསལ།
[7] 王以欣.《神话与竞技》[M]. 天津:天津人民出版社,2008:2
[8] 
རྒྱང་འཁོར་དབྱངས་བཞི། བོད་ཀྱི་སྲོལ་རྒྱུན་ལུས་རྩལ་རྡོ་འགྱོག་གི་རྩེད་རྩལ། [J] སྤང་རྒྱན་མེ་ཏོག ༡༩༩༩ལོའི་པར་ཐེངས་དང་པོ། ཤོག་ངོས༣པའི་ནང་གསལ།
[9] 杨辉麟.《西藏的民俗》[M].西宁:青海人民出版社,2007:295.
[10] 
སྨིན་དབུས་པོས་ཕབ། ཙཱི་དམ་འཕྲུལ་རྫོང་། [Z] ལན་གྲུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་༢༠༡༢ལོའི་པར་ཐེངས་དང་པོ། ཤོག་ངོས༦༩ནང་གསལ།
[11] གླིང་གེ་སར་རྒྱལ་པོའི་གསོལ་མཆོད་སྐོར་ཕྱོགས་བསྒྲིགས། [M]  ཁྲིན་ཏུའུ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༦ལོའི་པར་ཐེངས་དང་པོ། ཤོག་ངོས༡༥༨ནང་གསལ།
[12] རྒྱ་གླིང་གཏམ་གྱི་ངོ་མཚར་ཕྲེང་བ། [Z] པེ་ཅིན། ཀྲུང་གོ་དམངས་ཁྲོད་རྩོམ་རིག་དཔེ་སྐྲུན་ཁང་། ༡༩༨༢ལོའི་པར་ཐེངས་དང་པོ། ཤོག་ངོས༡༩༧དང་༡༩༩ནང་གསལ།  
[13] བསྟན་འཛིན་གྲགས་པ། མི་མིན་སྒྱུ་མའི་འཕྲུལ་རྫོང་། [Z] སྒྲུང་དཔེ་ལག་བྲིས་མ།             
[14] སྤྱི་ལོ༢༠༢༠ལོའི་ཟླ༦པའི་ཚེས༩ཉིན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧི་ནན་སོག་རྫོང་མཐོ་ཡུལ་མ་ཡུལ་ཚོ་ཤ་བུར་དི་སྡེ་བ་ནས་ཡུལ་དངོས་བརྟག་དཔྱད་བྱས།
[15] གཅོད་པ་དོན་གྲུབ། བོད་ཡུལ་གྱི་གེ་སར་རྒྱལ་པོའི་ཤུལ་རྟེན་གྱི་རྣམ་བཤད་རབ་གསལ་མེ་ལོང་། [M] པེ་ཅིན། ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་།  ༢༠༡༠ལོའི་པར་ཐེངས་དང་པོ། ཤོག་ངོས༣༠༢ནང་གསལ།  
[16] ནོར་བུ་ཚེ་རིང་། ནག་ཤུལ་སྡེ་བའི་མི་ཡིན། སྤྱི་ལོ༢༠༡༩ལོའི་ཟླ༡༡པའི་ཚེས༡༣ཉིན་གྱི་སྔ་དྲོ་ཁྲི་ཀ་ནས་བསྡུས་པའི་ཁྲི་ཀའི་གེ་སར་སྒྲུང་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོབ་སྐོར་གྱི་བཞུགས་མོལ་ཚོགས་འདུའི་སྟེང་གཏམ་བཤད་ལས་ཟིན་བྲིས་བཏབ་བའི་གནས་ཚུལ་ཡིན།

རྩོམ་པ་པོའི་ངོ་སྤྲོད།
       དབང་ཆེན་ཚེ་རིང་། སྨྱུག་མིང་ལ་ཆབ་འགག་ཇོ་རུ། མདོ་སྨད་ཆབ་འགག་ཡུལ་དུ་སྐྱེས། ད་ལྟ་མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་གེ་སར་སྒྲུང་སྲུང་སྐྱོབ་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་ཆེ་མོ་གཞོན་པ་དང་། མཚོ་སྔོན་ཞིང་ཆེན་ན་གཞོན་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱུན་ལས་ཨུ་ཡོན་ནམ་སྤྱི་ཚོགས་ཚན་རིག་ཁག་གི་ཀྲུའུ་རིན་གཞོན་པ། ཀྲུང་གོ་དམངས་ཁྲོད་རིག་རྩལ་པའི་མཐུན་ཚོགས་དང། ཀྲུང་གོའི་གཞས་མ་གཏམ་སྒྱུ་རྩལ་པའི་མཐུན་ཚོགས། ཀྲུང་གོ་དམངས་སྲོལ་སློབ་ཚོགས། མཚོ་སྔོན་ཞིང་ཆེན་ཆེད་མཁས་ཤེས་ལྡན་མི་སྣའི་མཉམ་འབྲེལ་ལྷན་ཚོགས་སོགས་རིག་གཞུང་ཚོགས་པ༡༥ཡི་ཚོགས་མི་དང་མཚོ་སྔོན་ཞིང་ཆེན་དཔེ་སྐྲུན་གསལ་འབྱེད་ཆེད་མཁས་མཛོད་ཀྱི་ཁོངས་མི་སོགས་ཀྱི་འགན་ཁུར་ཡོད། ཀྲུང་གོའི་མི་རིགས་ཚགས་པར་སོགས་གསར་འགྱུར་སྨྱན་བྱད་ལས་ཁུངས༣གསུམ་གྱི་གདན་ཞུ་གསར་འགོད་པ་ཡིན། ད་ལྟའི་བར་དུ་ལས་གཞི༢༠ལ་མགོ་འཛིན་དང་རོགས་སྒྲུབ་ཞིབ་འཇུག་བྱས་ཤིང་། རྒྱབ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་ལས་གཞི༣དང་། རྒྱལ་ཁབ་རིམ་པའི་གེ་སར་རིག་གནས(མགོ་ལོག)སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟ་ཁུལ་གྱི་ལས་གཞི༢། རང་འདེམ་ལས་གཞི༣བཅས་ལ་མགོ་འཛིན་བྱས། རྒྱབ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་ལས་གཞི་ཆེན་མོ་སོགས་རྒྱལ་ཁབ་རིམ་པའི་ལས་གཞི༡༢ལ་རོགས་སྒྲུབ་ཞིབ་འཇུག་བྱས། བོད་རྒྱ་ཡིག་རིགས་གཉིས་ཀྱི་རིག་གཞུང་དཔྱད་རྩོམ༥༣སྤེལ་བ་དང་། རིག་གཞུང་ཆེད་དེབ༣དང་སྒྲུང་དཔེ༡༢ལེགས་སྒྲིག་པར་བསྐྲུན་བྱས། ཞིབ་འཇུག་གི་གྲུབ་འབྲས་སོགས་ལ་རིམ་པ་མི་འདྲ་བའི་བྱ་དགའ༢༣ཐོབ་མྱོང་། སྔ་གཞུག་ཏུ་ཞིང་ཆེན་རིམ་པ་ཡན་གྱི་གསར་འགྱུར་སྨྱན་བྱད་སྟེང་གསར་འགྱུར་དང་རྩོམ་ཐུང༡༠༠ལྷག་སྤེལ་པ་དང་། ཀྲུང་གོའི་གེ་སར་ཞིབ་འཇུག་དྲ་བ་དང་། གེ་སར་རིག་གནས་རྒྱུན་འཛིན་པའི་རིག་མཛོད། གེ་སར་གྲངས་འཛིན་འཕྲིན་སྟེགས་སོགས་གསར་གཏོད་བྱས། ཐེངས༤༥ལྷག་ལ་ཡུལ་དངོས་བརྟག་དཔྱད་དུ་སོང་། ཐེངས༥༠ལྷག་ལ་རིག་གཞུང་ཚོགས་འདུར་ཞུགས། ཐེངས༢༠ལྷག་ལ་གསོ་སྦྱོར་འཛིན་གྲྭར་ཞུགས། ༢༠༡༦ལོར་མཚོ་སྔོན་ཞིང་ཆེན་རྩེ་གྲས་གསར་གཏོད་ཀྱི་འཇོན་མི་སྟོང་གི་འཆར་གཞིའི་ནང་དུ་བདམས། ༢༠༡༨ལོར་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ཆེད་མཁས་སྐོར་བཞིའི་འཇོན་ཐང་མི་སྣའི་མཚན་སྙན་ཐོབ། ༢༠༡༩ལོར་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་མཚོ་སྔོན་ཞིང་ཆེན་གྱི་ཕུལ་བྱུང་ཆེད་ལས་ལག་རྩལ་མི་སྣའི་མཚན་སྙན་གནང་། ༢༠༢༡ལོར་མཚོ་སྔོན་ཞིང་ཆེན་གྱི“ཁུ་ནུ་འཇོན་མི·གསར་གཏོད་ལས་གཏོད་རྩེ་གྲའི་ཤེས་ལྡན་མི་སྣ”སྣེ་ཁྲིད་མི་སྣར་བདམས། ༢༠༢༡ལོར་ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡི“དྲིལ་བསྒྲགས་བསམ་བློ་རིག་གནས་ཀྱི་ན་གཞོན་ཤེས་ལྡན་མི་སྣ”བདམས་ཡོད། །


རྩོམ་ཁུངས། ༢༠༢༣ལོའི«བོད་ལྗོངས་སྒྱུ་རྩལ་ཞིབ་འཇུག»དུས་དེབ་དང་པོ།
འབྲེལ་ཡོད་འོས་སྦྱོར།