logo

འབྲོག་མིའི་རིག་གནས་དང་འབྲེལ་བའི་མིང་བརྡ།

རྩོམ་པ་པོ།:བདེ་སྐྱིད་སྒྲོལ་མ། ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར། དུས་ཚོད།:2023-07-14 ཀློག་གྲངས།:
འབྲོག་མིའི་རིག་གནས་དང་འབྲེལ་བའི་མིང་བརྡར་དཔྱད་པ།
                                       —མཚོ་སྔོན་པོའི་རྨོག་རུ་སྡེ་བ་གཞིར་བཟུང་བ།
བདེ་སྐྱིད་སྒྲོལ་མ།

ནང་དོན་གནད་བསྡུས། འདིར་གཙོ་བོ་རྨོག་རུ་སྡེ་བའི་འབྲོག་མིའི་དུས་རྒྱུན་འཚོ་བའི་ཁྲོད་དུ་བཀོལ་བའི་མིང་བརྡ་སྣ་ཚོགས་ལས་འབྲི་མོ་གཙོ་བྱས་པའི་ནོར་གནག་གི་མིང་འདོགས་སྟངས་དང་། རི་སྤོ་སྐྱས་འགེལ་དང་བལ་འབྲེག་སོགས་དང་འབྲེལ་བའི་འབྲོག་ལས་ཀྱི་མིང་བརྡ་སྐོར་ཞིག་དང་། ད་དུང་ཚེ་ཐར་བཏང་བའི་ཕྱུགས་ཟོག་གི་མིང་འདོགས་ཚུལ་ལ་རགས་བསྡུས་ཤིག་དཔྱད་ཡོད།
གནད་ཚིག རྨོག་རུ། འབྲི་མོ། མིང་བརྡ། འབྲོག་ལས།

གཅིག འབྲི་མོ་གཙོ་བྱས་པའི་ནོར་གནག་གི་མིང་འདོགས་སྟངས།
       མིང་གང་རུང་ཞིག་གཞིར་བཟུང་ནས་འབྲེལ་ཡོད་ཀྱི་མིང་རྣམས་སྦྱར་བའི་མིང་གི་འཕེལ་སྲོལ་ལས་འདིར་འབྲེལ་གཞི་དང་འབྲེལ་ཆོས་སྔ་ཕྱིའི་དབང་གིས་འབྲེལ་གཞི་སྟེ་མིང་གི་ཆ་ཤས་གཙོ་བོ་སྔ་མ་དང་འབྲེལ་ཆོས་ཏེ་མིང་གི་ཆ་ཤས་ཕལ་བ་ཕྱི་མར་སྦྱར་ནས་མིང་དུ་མ་རེ་བྱུང་བ་སྟེ། རྨོག་རུ་སྡེ་བའི་འབྲོག་པའི་ནོར་གྱི་སྤུ་མདོག་ཐད་ནས་རྩ་བའི་དབྱེ་བ་བདུན་དུ་བཀར་བ་ལས། སྔོ་སྔོ་དང་སེར་སེར། རོག་རོག དཀར་དཀར། རྒྱ་རྒྱ། ཀ་ལོ། ཁྲ་ཁྲ་འདི་དག་འབྲེལ་གཞིར་བཟུང་ནས། ནང་གསེས་སུ་ཕྱིའི་རྣམ་པ་སྣ་ཚོགས་ཀྱི་ཐད་ནས་བཏགས་པའི་མིང་ཡོད་དེ། དཔེར་ན།སྔོ་དཀར་མ། སྔོ་ལང་མ། སྔོ་ཐོ་མ་ལྟ་བུ། རྭ་ཅོའི་དབྱིབས་མི་འདྲ་བ་ལས། རྭ་རིང་མ། རྭ་ནར་མ། རྭ་འདའ་མ་ལྟ་བུ། འོན་ཏེ་འབྲེལ་གཞི་སྟེ་མིང་གི་ཆ་ཤས་གཙོ་བོ་རྗེས་མ་དང་། འབྲེལ་ཆོས་ཏེ་མིང་གི་ཆ་ཤས་ཕལ་བ་སྔོན་དུ་སྦྱར་བའི་ཁྱད་ཆོས་ལྡན་པའི་མིང་འདོགས་སྟངས་འདི་རིགས་ནི་གོང་དུ་ལབ་པ་དེ་དང་ལྡོག་པའི་སྣང་ཚུལ་དུ་འདུག་སྟེ། དཔེར་ན། རྭ་ཅོ་ཡོད་པའི་འབྲིའི་མིང་གི་རྗེས་སུ་ལང་སྒྲ་སྦྱོར་བ། དཔེར་ན། རྒྱ་ལང་མ། རོག་ལང་མ་ལྟ་བུ། རྭ་ཅོ་མེད་པའི་འབྲིའི་མིང་གི་རྗེས་སུ་ཏོ་དང་ཐོ་སྦྱོར་བ། དཔེར་ན། ཀ་ཐོ་མ། སྔོ་ཏོ་མ། ལྟ་བུ། འབྲིའི་གཟུགས་གྱེན་དུ་རིང་པོ་ཡོད་པ་ཅན་གྱི་མིང་གི་རྗེས་སུ་རིང་སྒྲ་སྦྱོར་བ། དཔེར་ན། རྒྱ་རིང་མ། སྔོ་རིང་མ། ལྟ་བུ། འབྲིའི་གཟུགས་འཕྲེད་དུ་རིང་པོ་ཡོད་པ་ཅན་གྱི་མིང་གི་རྗེས་སུ་ནར་སྒྲ་སྦྱོར་བ་དཔེར་ན། སྔོ་ནར་མ། རོག་ནར་མ། རྒྱ་ནར་མ་ལྟ་བུ། ཤ་ཤེད་མི་ལྡན་པ་དང་ཤ་བཅུད་ཞན་པའི་འབྲིའི་མིང་གི་རྗེས་སུ་ཕྲ་དང་ལེབ་སྦྱོར་བ། དཔེར་ན། ཁྲ་ཕྲ་མ། སེར་ལེབ་མ། འབྲིའི་སྤུའི་རྣམ་པ་ཟེད་ལངས་ནས་ཆགས་ཡོད་པ་ཅན། དཔེར་ན།རྒྱ་ཟེད་མ། རོག་ཟེད་མ་ལྟ་བུ། མིང་གི་འདོགས་སྟངས་འདི་དག་ལས་ང་ཚོས་ཤེས་རྟོགས་བྱུང་བ་ནི་འབྲེལ་གཞི་གཅིག་ལ་འབྲེལ་ཆོས་ཅི་རིགས་སྦྱར་བའི་མིང་གི་རིགས་ཡིན། གཞན་དུ་འབྲིའི་གཤིས་ཀ་དང་རྣམ་པ་ཁྱད་ཆོས་ཅན་ལ་མིང་མི་འདྲ་བ་འདོགས་པ་སྟེ། སྐེ་རིང་མ། ཙིར་རྡོ་མ་ལྟ་བུའོ། །
       གནས་འདིའི་འབྲོག་པའི་ནོར་གནག་ལས་མང་ཆེ་ཤོས་ཏེ། བརྒྱ་ཆའི་དྲུག་ཅུ་ཙམ་གྱི་ནོར་གནག་གི་སྤུ་མདོག་དེ་རྒྱ་རྒྱ་དང་རོག་རོག་ཡིན་པས་འབྲིའི་མིང་འདོགས་ཚུལ་ཁྲོད་ཀྱི་མིང་བརྡ་ཡང་མང་ཤོས་ཤིག་མིང་བརྡ་འདི་གཉིས་ལ་འཕྲོད་པ་མ་གཏོགས། སྤུ་མདོག་མཚོན་པའི་མིང་བརྡ་གཞན་གྱི་རྗེས་སུ་གང་ཡིན་འཇོག་མི་བདེ་བ་ཡིན།
གཉིས། རི་སྤོ་སྐྱས་འགེལ་དང་བལ་འབྲེག་ལ་སོགས་དང་འབྲེལ་བའི་འབྲོག་ལས་ཀྱི་མིང་བརྡ་སྐོར་ཞིག
       འབྲོག་མིའི་སེམས་སུ་འབྲི་མོ་ལས་བཞོས་པའི་འོ་མ་ནི་མཆོད་ཆེན་དུ་ཡོད་པར་བསམ་པས། ཁོ་ཚོས་འབྲི་མོའི་འོ་མ་བཞོས་ཚར་མ་ཐག་ཏུ་ཐོག་མར་ལྷ་ལ་འོ་མའི་མཆོད་ཁ་ལན་གསུམ་དུ་འཕེན་པ་དེར་འོ་མཆོད་དུ་འབོད་ངེས། འབྲོག་མིའི་སེམས་སུ་རུ་བ་སྤོ་བ་ནི་ཧ་ཅང་གལ་ཆེན་གྱི་བྱ་བ་ཞིག་ཡིན་སྟབས། དུས་ཚིགས་རེར་རུ་བ་སྤོས་ནས་མཚེར་ས་གསར་པ་དེར་སླེབས་མ་ཐག་ཏུ་ཐོག་དང་པོར་ཐབ་མགོ་ནས་ཇ་ཞིག་བསྐོལ་བ་དེ་ལས། སྦྲའམ་རས་གུར་ལ་བསྐོར་བ་ལན་གསུམ་བརྒྱབ་ནས་ཇ་མཆོད་འཕེན་དགོས། དེའང་ངེས་པར་དུ་ཁྱིམ་བདག་མས་སྒྲུབ་དགོས་པའི་ལས་ཀ་ཞིག་ཡིན། དེར་མ་ཟད། ཁོ་ཚོས་མཚེར་གསར་ནས་ཐོག་དང་པོར་བཟའ་བཏུང་བསྐོལ་བ་དེའི་མིང་ལ“མཚེར་ཆུ”ཟེར་གྱིན་ཡོད།
       ལོ་རེའི་དབྱར་ཟླ་དྲུག་པར་སླེབས་དུས། འབྲོག་པ་རྣམས་ཀྱིས་ལུག་གི་བལ་འབྲེག་པའི་མགོ་རྩོམ་དགོས་ལ་དེ་ནི་ཅུང་ཟད་གཟབ་རྒྱས་ཆེ་བའི་མཛད་སྒོ་ཞིག་ཏུ་འགྲོ་བས་རྒྱུན་པར“བལ་སྟོན”ཟེར་ཞིང་། ཁྱིམ་བདག་གིས་སྔ་མོ་ནས་སྡེ་བའི་རང་ཁྱིམ་དང་འགྲིག་མཐུན་ཡོད་པའི་དུད་ཁྱིམ་དག་ལ་བརྡ་བརྒྱབ་ནས་རོགས་རམ་བྱེད་པའི་རེ་བ་འདོན་ཞིང་། དེ་ལྟར་བལ་འབྲེག་པའི་ཉིན་མོར་སླེབས་ཡོང་བའི་རོགས་བྱེད་མཁན་དག་ལ“བལ་འབྲེག”ཟེར་ལ། སྐྱེས་པ་དག་གིས་བལ་འབྲེག་ཅིང་བུད་མེད་དག་གིས་ལུག་འཛིན་པའམ་བལ་ལུ་འཐུ་བ་སོགས་ཀྱི་ལས་ཀ་ཙག་ཙིག་དག་བྱེད་ཀྱིན་ཡོད། ཁོ་ཚོས་བལ་སྟོན་ལ་ཡོད་པའི་ཟས་ཀ་ར་སྣ་ཚོགས་དེ་དག་དུས་སྐབས་དེར་སློབ་གྲྭ་རུ་ཡོད་མཁན་ནམ་རྒྱང་རིང་ལ་སོང་བའི་མི་དག་ལ་སྐལ་འཇོག་པའི་སྲོལ་ཡོད་པ་ལ“བལ་སྐལ”ཟེར་གྱིན་ཡོད། བལ་བྲེག་ཚར་བའི་མོད་ལ་བལ་ཐམས་ཅད་ཕྱོགས་གཅིག་ཏུ་བསྡུ་བའི་ཐབས་དེ་ལ“སྤྱི་སྡོམ”ཟེར་ཞིང། དེ་ལ་ཡང་བརྒྱུད་རིམ་མི་འདྲ་བ་བཞི་ཙམ་གྱིས་གྲུབ་པ་ཡིན་ཏེ། ཐོག་མར་བལ་གྱི་སྡོམ་ཐག་ཅིག་ལས་བཞིན་ཡོད་པ་དེར“ཡི་ཐུག”ཅེས་འབོད་པ་ནི་བལ་གྱིས་ཐག་པ་ཞིག་བརྒྱུས་པ་ཡིན་ཏེ། “བལ་གྱི་སྤྱི་རིལ”ཞེས་ཀྱང་བཤད་སྲོལ་ཡོད། གཉིས་པ་ནི་ལུག་བལ་ཧྲིལ་བོའམ་ཐེད་པོར་གྱུར་པའི་ཆ་ཤས་ཆུང་བ་དག་རྒྱུན་མ་རིང་བོ་ཞིག་གིས་ཐང་ལ་བཏིངས་ནས་བལ་ལུ་གང་རུང་སྟེང་དུ་འཇོག་གིན་ཡོད། གསུམ་པ་དེ་ནི་ཤིང་དུམ་ལག་ལ་བདེ་ཞིང་ཡུ་བ་རིང་བོ་ཅན་ཞིག་གིས་བལ་སྣ་རིང་བོ་ཅན་དེ་མགོ་རྔ་གཉིས་ནས་གཡས་གཡོན་གཉིས་སུ་གཅུ་བ་དེར“གཡས་གཅུ”དང“གཡོན་གཅུ”ཟེར། བཞི་བ་ནི་གཅུས་ཟིན་པའི་བལ་གྱི་ཐག་སྦོམ་དེ་སྣེ་གཉིས་ནས་གཡས་གཡོན་ལྡོག་པ་གཉིས་ལ་སྐྱིལ་ནས་མཐར་ཐོག་བརྩེགས་ཀྱི་རྣམ་པས་ཟླུམ་དབྱིབས་སུ་བྱས་ཏེ་ཡི་ཐུག་གིས་མཐའ་བཞི་དང་དཀྱིལ་བཞི་ནས་དམ་པོར་བསྡམས་པ་ཡིན། ལུག་ལའང་ཤ་ཤེད་མི་འདྲ་བ་རྒྱུ་མཚན་དུ་བྱས་ཏེ་བལ་འབྲེག་པའི་ཉིན་དེར་བལ་གྱི་རྣམ་པ་ད་དུང་དགུན་དུ་ཡོད་པའི་གནས་ཚུལ་ཅན་གྱི་ལུག་དག་ནི་ཉིན་དེར་བསྐྱུར་ནས་རྗེས་ཀྱི་ཟླ་བ་བདུན་པའི་ནང་དུ་འབྲེག་པ་ཡིན་ཏེ་དེ་ལ“བལ་གཞུག”ཟེར། གཞན་བགྲེས་པོ་ཚོའི་དུས་སྐབས་སུ། འབྲིས་བེའུ་རྩེབས་རྗེས་སུ་བདག་པོས་བེའུའི་ཁ་ནང་དུ་མར་རིལ་ཆུང་ངུ་ཞིག་འཇོག་པའི་སྲོལ་ཡོད་ཅིང་དེར“རྐན་མར”ཞེས་འབོད་ཀྱིན་ཡོད།
གསུམ། ཚེ་ཐར་དུ་བཏང་བའི་ཕྱུགས་ཟོག་གི་མིང་འདོགས་ཚུལ།
       ཨ་མདོའི་ཡུལ་དུ་ལུགས་རྙིང་གི་ཚེས་ལྟར་འགྲོ་བའི་སྲོལ་བཞིན། རྨོག་རུ་སྡེ་བའི་འབྲོག་པ་རྣམས་ཀྱིས་རྒྱ་ལོའི་ཚེས་གཅིག་གམ་ཚེས་གསུམ་གྱི་སྔ་མོར་རང་ཁྱིམ་ནས་ཟོག་ཚེ་ཐར་དུ་གཏོང་བའི་གོམས་སྲོལ་ཡོད་ཅིང་། དེ་ལ་ཚེ་ཐར་དུ་གཏོང་མཁན་དགོན་པའི་གྲྭ་བ་དང་སྡེ་བའི་མི་རྒན་སོགས་གང་ཡང་འབོད་མི་དགོས་པར་རང་ཁྱིམ་གྱི་བཟའ་མི་དག་གི་རོགས་འདེགས་ལ་བརྟེན་ནས་ཁྱིམ་གྱི་རྒན་པའམ་ཁྱིམ་འཛིན་སྐྱེས་པ་ཕོ་ཡིས་ཕྱུགས་ཟོག་ཚེ་ཐར་དུ་གཏོང་བའི་ཆོ་ག་སྒྲུབ་པ་དང་། དེ་ལ་ཚེ་ཐར་གཏོང་བའི་གནས་ཀྱི་གཏན་འཁེལ་ལ་ཡང་གཞན་ཅི་ཡང་མེད་པར། ཁྱིམ་ཚང་གི་ཟོག་སླས་སམ་གང་རུང་ཞིག་ཡིན་ཆོག སྔོན་ནས་ཚེ་ཐར་ལ་གཏོང་བའི་རྒྱུ་ཆ་དག་གྲ་སྒྲིག་བྱས་པ་ལ། བལ་འཁེལ་བའི“སྲུང་རྟགས”དང་ཤུག་པ། ཤུག་པ་བཏུལ་བའི་མེ་སྒོང་། མར་རྡོག་ཆུང་ངུ་། འོ་མ་ཆུའི་ནང་ལ་བསྲེས་པའི“ཁྲུས་དཀར”དང་ཆུ་རྐྱང་ལ“ཁྲུས་ནག”ཅེས་འབོད།
       རྨོག་རུ་སྡེ་བ་འདིར་ཕྱུགས་ཟོག་ཚེ་ཐར་ལ་གཏོང་བའི་རྒྱུ་རྐྱེན་ཡང་རྣམ་པ་རིགས་མི་འདྲ་བ་གསུམ་ཡོད་དེ། དང་པོ་ནི་ཡུལ་ལྷ་གཞི་བདག་དང་སྲུང་མ། ལྷ་ཀླུ་གཉན་གསུམ་བཅས་ལ་ཚེ་ཐར་འཐེན་པ་དང་། དེ་ལ་གནས་འདིའི་མི་ཚོས་ནོར་གནག་ལས་འབྲི་མོ་ཞིག“སྲུང་འབྲི”ལ་ངེས་པར་དུ་འཐེན་དགོས་པ་དང་། ལྷ་གཡག་ཅིག་འཐེན་རྒྱུ་དེ་ཁྱིམ་ཚང་སོ་སོའི་འདོད་མོས་ལ་ཐུག་ཡོད། མགོན་ལུག་ནི་མགོན་རྒན་ཚོགས་བདག་ལ་འཐེན་གྱིན་ཡོད་དེ་ངེས་པར་དུ་ལུག་ནག་ཁྲ་ཞིག་ཡིན་དགོས། ལྷ་མོ་ནི་སྲུང་མ་དཔལ་ལྡན་ལྷ་མོ་ལ་མཆོད་པ་ཡིན། ངེས་པར་དུ་ལུག་ཁྲ་གཞིས་དང་ཀ་གཞིས་ཡིན་དགོས། བོན་སྐྱོང་ནི་གསལ་བོ་ཞིག་མི་ཤེས་མོད། རྒན་པོ་དག་གིས་བཤད་པར་སྡེ་བ་འདིའི་མེས་པོའི་ཁུངས་གང་དེ་བོན་ལ་འགྲོ་ངེས་པའང་ངེས་ཆེ་ཞེས་བཤད་སྲོལ་ཡོད། ཆོ་ག་འདི་དག་ནི་གནས་འདིའི་འབྲོག་པ་དག་གིས་རང་བྱུང་ཁམས་ཆེན་མོའི་བདག་པོར་གྱུར་པའི་ལྷ་ཀླུ་གཉན་གསུམ་དང་ཡུལ་ལྷ་གཞི་བདག་ལ་སྐྱབས་སུ་བཅོལ་བའི་སྒྲུབ་སྲོལ་ཞིག་ཡིན། གཉིས་པ་ནི་དགོན་པ་གང་རུང་ཞིག་དང་བླ་དཔོན་གང་རུང་ཞིག་ལ་ཚེ་ཐར་འཐེན་པ། གསུམ་པ་ནི་ཁྱིམ་མི་ཞིག་གི་བདེ་སྡུག་གི་ཆེད་དུ་ཚེ་ཐར་གཏོང་བ་བཅས་ཡིན་ནོ། །

རྩོམ་པ་པོ་ནི་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་ཀྲུང་གོའི་གྲངས་ཉུང་མི་རིགས་སྐད་ཡིག་རྩོམ་རིག་སློབ་གླིང་གི་སློབ་མ་ཡིན།
འབྲེལ་ཡོད་འོས་སྦྱོར།