«མིང་སྲིང་དཔལ་བགོས»ལས་བསྟན་པའི་བོད་གནའ་བོའི་གཉེན་སྲོལ་རིག་གནས་ཀྱི་སྣང་ཚུལ་འགར་དཔྱད་པ།
རྩོམ་པ་པོ།:རྡོ་རྗེ་ཚེ་བརྟན།
ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར།
དུས་ཚོད།:2023-09-11
ཀློག་གྲངས།:
དང་པོ། «མིང་སྲིང་དཔལ་བགོས»ངོ་སྤྲོད་པ།
«མིང་སྲིང་དཔལ་བགོས»ནི་གཏམ་རྒྱུད་ཀྱི་རྣམ་པས་བཞེངས་པའི་བོད་གནའ་རབས་གཉེན་སྲོལ་གྱི་བྱུང་བ་བརྗོད་པའི་ཡིག་ཆ་སྔ་གྲས་ཤིག་ཡིན་ལ། དེ་ནི་རྒྱལ་སྤྱིའི་བོད་རིག་པའི་མཁས་དབང་མཁར་རྨེའུ་བསམ་གཏན་དང་ཡ་སུ་ཧིས་ཀོ་ན་རྒ་ནོ(Yasuhiko Nagano)གཉིས་ཀྱིས་ལོ་མང་རིང་འཚོལ་སྡུད་དང་དག་སྒྲིག་བྱས་ཤིང་། སྤྱི་ལོ2002ལོར་པར་དུ་བསྐྲུན་པའི་བོན་གྱི་གནའ་བོའི་གཏམ་རྒྱུད་དང་ཆོ་གའི་སྐོར་གྱི་དཔེ་རྙིང་ཕྱོགས་བསྒྲིགས«ཁུ་བྱུག་སྔོན་མོའི་གསུང་སྙན»ལས་དྲངས། «ཁུ་བྱུག་སྔོན་མོའི་གསུང་སྙན»ནི་ཕྱིས་སུ་མཁར་རྨེའུ་བསམ་གཏན་མཆོག་གིས་ཐུགས་མོས་གནང་བ་ལྟར་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས«ཁུ་བྱུག་སྔོན་མོའི་སྒྲ་དབྱངས»ཞེས་པའི་མིང་དུ་བཅོས་ཤིང་། “གངས་ཅན་རིག་མཛོད”ཅེས་པའི་དཔེ་ཚོགས་ཀྱི་གྲས་སུ་བཞག་ནས་སླར་ཡང་པར་སྐྲུན་འགྲེམས་སྤེལ་བྱས།
«མིང་སྲིང་དཔལ་བགོས»ནི་དང་ཐོག་ལྷ་མིའི་བར་གཉེན་གྱི་འབྲེལ་བ་བྱུང་ཚུལ་བརྗོད་པའི་གཏམ་རྒྱུད་ཅིག་རེད། དེའི་ནང་དོན་མདོར་བསྡུས་ཙམ་ཞུས་ན་འདི་ལྟར་ཏེ། སྲིད་པ་ཆགས་པའི་ཐོག་མ་དང་སེམས་ཅན་བྱུང་བའི་དུས་དང་པོ་དེ་ལ། ཡུལ་རྒྱ་ཡུལ་གཏང་བཟང་གི་མཁར་ནི་རྒྱ་མཁར་ལྡེམ་པ་ན་ཡབ་རྒྱལ་པོ་རྒྱ་རྗེ་ལིང་དཀར་དང་ཡུམ་དམུ་ལྕམ་དྲ་བ་ཞེས་བྱ་བའི་མིང་ཅན་དེ་གཉིས་སྲིད་ཅིང་བཤོས་པ་ལས་མིང་སྲིང་གཉིས་བྱུང་བའི་མིང་པོའི་མིང་ལ་རྒྱལ་བུ་འཐིང་གེ་དང་སྲིང་མོའི་མིང་ལ་རྒྱ་ལྕམ་ཡི་གེ་མ་ཞེས་སུ་འབོད། དེ་དང་དུས་མཉམ་པའི་སྐལ་བ་ཆགས་པའི་དང་པོ་དེ་ལ་ཡུལ་ནི་ལྷ་ཡུལ་གུང་ཐང་བྱ་བ་ན་ཡབ་ལྷ་རྗེ་ཟོམ་འབྲང་དང་ཡུམ་ལྷ་ཟ་གུང་བཙུན་མ་གཉིས་བཤོས་པ་ལས་སྤྲུལ་པའི་མིང་སྲིང་གཉིས་བྱུང་བའི་མིང་པོའི་མིང་ལ་ལྷ་སྲས་ལྗོན་པ་དང་སྲིང་མོའི་མིང་ལ་སྲིད་ལྕམ་འཕྲུལ་མོ་ཆེ་རུ་གསོལ། དེ་ཡང་ལྷ་རྗེ་ཟོམ་འབྲང་གི་བུ་མོ་སྲིད་ལྕམ་འཕྲུལ་མོ་ཆེ་ནི“མཛེས་ཤིང་ཡིད་དུ་འོང་བ་ལ། ལྷ་མི་ཀུན་གྱིས་ཡིད་ཀྱང་ཤོར། ལྷ་མི་ཀུན་གྱིས་དགོས་སོ་ཟེར།” དུས་ཚེ་རྒྱ་རྗེ་ལིང་དཀར་གྱིས་ཀྱང་སྲིད་ལྕམ་འཕྲུལ་མོ་ཆེ་རང་གི་བུའི་མནའ་མར་བསླངས་པ་ན། ལྷ་རྗེས་དང་ཐོག་བུ་མོ་མི་ཡུལ་དུ་གནས་ལ་སྟེར་མི་འདོད་པའི་རྒྱུ་མཚན་གྱི་གཏམ་ཅི་རིགས་དཔེ་རུ་དྲངས་ནས་བརྗོད་ཀྱང་མཐར་རྒྱ་རྗེ་ལིང་དཀར་གྱི་གཏམ་ཡ་མ་ཡོང་བར་བུ་མོ་སྟེར་རྒྱུ་ཁས་བླངས། ལྷ་རྗེས་བུ་མོའི་སློང་རྟེན་དང་བུ་མོ་གནས་ལ་འགྲོ་ཁར་མིང་སྲིང་བར་དཔལ་གྱི་བགོ་བྱ་བྱེད་པར་ལྷ་བོན་ལ་དགོས་པའི་རྫས་ཐམས་ཅད་གཉའུ་མི་བདུན་གྱི་ལག་ཏུ་བཞག་ནས་མངགས་པའི་རེ་བ་བཏོན་པ་བཞིན། རྒྱ་རྗེ་ལིང་དཀར་གྱིས་ཀྱང་བུ་མོ་སྲིད་ལྕམ་འཕྲུལ་མོ་ཆེའི་རིན་དུ་དགོས་པ་རྣམས་ཚང་མ་བཙལ་ཏེ་གཉའུ་མི་བདུན་མངགས་ནས་ཇི་བཞིན་ཕུལ་བ་ན། བུ་མོ་མི་ཡུལ་དུ་གནས་ལ་འགྲོ་བར་བརྩམས། དེ་ལྟར་བུ་མོ་མི་ཡུལ་དུ་གནས་ལ་ཆས་ཁར་ཡབ་ཡུམ་གཉིས་དང་མིང་པོ་བཅས་རེ་རེ་ནས་དཔལ་མདའ་དང་། གསེར་འཕང་། གཡུ་ཆུང་དྲུག་དམར་དང་བཅས་པའི་རྫོངས་རྟེན་བརྩོན་ལེན་བྱས་མཐར། ལྷ་བོན་ཐོད་དཀར་གདན་དྲངས་ནས་ཤོ་བརྒྱབ་པ་བརྒྱུད་དེ་མིང་སྲིང་གཉིས་བར་དཔལ་གྱི་བགོ་བཤའ་བྱས་པ་ལ། མིང་པོར་དཔལ་གྱི་གསུམ་ཆའི་གཉིས་དང་སྲིང་མོར་དཔལ་གྱི་གསུམ་ཆའི་གཅིག་ཐོབ། དེ་ནས་བུ་མོ་སྲིད་ལྕམ་འཕྲུལ་མོ་ཆེས་རང་གི་ཡབ་ཡུམ་མིང་གསུམ་དང་ལྷ་བོན་བཅས་ལ་དྲིན་གཟོའི་ཕྱག་ཕུལ་བ་དང་། བོད་རང་གི་བཤད་སྲོལ་དུ“གཉེན་ལམ་དར་གྱིས་སྦྲེལ་བ”ཞེས་པ་ལྟར། གཉའུ་མི་བདུན་གྱིས་བུ་མོ་སྲིད་ལྕམ་འཕྲུལ་མོ་ཆེའི་ཐུ་བ་གཡས་པར་དར་ཡུག་བཏགས་ནས་མི་ཡུལ་དུ་གནས་ལ་ཁྲིད། མཐར་བུ་མོའི་ཁྱིམ་ཚང་དེ་མུ་མཐུད་དར་རྒྱས་ཡོང་བའི་ཆེད་དུ་གཡང་འགུག་གི་ཆོ་ག་སྤེལ་ནས་གཏམ་རྒྱུད་ཀྱི་ནང་དོན་རྫོགས་པར་བྱས་ཡོད་དོ། །
གཉིས་པ། བག་མའི་རྫོངས་རྟེན་སློང་བའི་བསམ་བློའི་དགོངས་གཞི་ལ་དཔྱད་པ།
ཡིག་ཆ་ལ་བརྟག་ན་གཏམ་རྒྱུད་ཀྱི་གོ་རིམ་ཧྲིལ་པོར་བག་མ་ཐེངས་གཉིས་ལ་མ་གཏོགས་ངུས་མེད། གཏམ་རྒྱུད་ལས“ཨ་ཇོ་ཡབ་ཅིག་ཚུར་གསོན་དང་། །བུ་མོ་མི་ཡུལ་སྤྱུགས་པ་ན། །མ་དང་ཕ་ཚན་དཔུང་ན་འགྲོ །དཔལ་དང་གཡང་དུ་ཕྱེ་བ་ཡང་། །ཐམས་ཅད་འཚོགས་པའི་བསོད་ནམས་ཡིན། །ཐམས་ཅད་མཆོད་པའི་བསོད་ནམས་ཡིན། །དཔལ་དང་གཡང་གི་སྐལ་བ་དགོས། །”ཞེས་ཡབ་ལ་ཡི་ཆད་ཕུལ་བ་དང་། དེ་ནས“ཨ་མ་ཡུམ་ཅིག་ཚུར་གསོན་དང་། །ཕ་དྲིན་ཐ་མ་ནོར་རྫོངས་ཡིན། །མ་དྲིན་ཐ་མ་གཡུ་གོས་ཡིན། །བུ་མོ་མི་ཡུལ་སྤྱུགས་པ་ལ། །དཔལ་གྱི་སྐལ་བ་མི་ཆུང་དགོས། །”ཞེས་དང་། ཡང“ཇོ་ཇོའི་མི་ངོ་ཚུར་གསོན་དང་། །སྲིང་མོ་མི་ཡུལ་འགྲོ་བ་ལ། །བུ་མོ་མི་འགྲོ་རང་དབང་མེད། །ཡུལ་མ་འདྲིས་གཤིན་ཡུལ་སྐྱ་མོ་འདྲ། །ཁྱིམ་མ་འདྲིས་ལྕགས་ཀྱི་ཐ་རམ་འདྲ། །མི་མ་འདྲིས་སྲིན་པོ་གདོང་དམར་འདྲ། །ཁྱི་མ་འདྲིས་རི་ཁྱི་སྔོ་ཆུང་འདྲ། །ཟ་ཚང་ནང་ནས་གཅིག་པོར་བཀར། །འཇིག་རྟེན་བྱ་བ་ཁུར་པོ་ཆེ། །དུས་ཚོད་ངན་པ་ཞེ་རེ་སྐྱོ། །གྲོགས་ཁུར་སྤྱི་ན་སེམས་རེ་ཕམ། །མི་གཡོག་བྱས་པས་ཡིད་མི་དགའ། །མིང་པོ་སྙིང་ཐག་རིང་ངམ་ཐུང་། །དཔལ་གྱི་དགོས་ཆ་ཐོངས་སྐལ་ཞུ། །”ཞེས་ཡབ་ཡུམ་མིང་གསུམ་ལ་རྫོངས་རྟེན་བསླངས་པར། ཡབ་ཡུམ་ནས་རྫོངས་རྟེན་སྟེར་མ་འདོད་པ་ན་མཆི་མ་བཏང་བ་དེ་ཡིན། རྫོངས་རྟེན་བསླངས་པའི་གོ་རིམ་གྱིས་གཏམ་རྒྱུད་ཀྱི་ཆ་ཤས་གཅིག་ཟིན་གྱི་ཡོད་ལ་འདི་ནི་གཏམ་རྒྱུད་ལས་བསྟན་པའི་ངོ་གདོང་གི་རྒྱུ་མཚན་ཙམ་དུ་འགྲོ་བ་ཡིན་མོད། དེས་གཏམ་རྒྱུད་ཀྱི་གབ་པའི་ཆ་ན་ཡོད་པའི་དོན་དངོས་ཀྱི་རྒྱུ་མཚན་སྟོན་མི་ཐུབ། བྱ་དངོས་གང་དང་གང་ཞིག་ཡིན་ནའང་སྒྲིབ་པའི་ཆ་ན་དོན་དངོས་ཀྱི་ཕྱི་མོ་རེ་ཡོད་པ་ཆོས་ཉིད་ཡིན། ལྷག་ཏུ་རྩོམ་རིག་བརྩམས་ཆོས་ལ་མཚོན་ན་གཏམ་རྒྱུད་ཀྱི་སྒྲིག་གཞི་ཀྱ་ཀྱོག་དང་བསྡུས་བརྗོད་དུ་བཀོད་སྒྲིག་བྱས་པ་དེས་བརྩམས་ཆོས་ཀྱི་མཛེས་རྟོག་གི་རིན་ཐང་མངོན་པར་བྱས་ཡོད། རྫོངས་རྟེན་ནི་སྤྱིར་ན་བག་མས་སློང་མི་དགོས་པར་རང་བཞིན་གྱིས་སྟེར་མོད། འདིར་བུ་མོ་གནས་ལ་འགྲོ་ཁར་ཅིའི་ཕྱིར་མཆི་མ་བཏང་ནས་རྫོངས་རྟེན་སློང་བའི་གཏམ་རྒྱུད་ཀྱི་སྒྲིག་གཞི་ཞིག་བཀོད་སྒྲིག་བྱས་པ་ལ་བསམ་བློའི་དགོངས་གཞི་གསུམ་ཡོད་པར་འདོད་དེ། གཅིག་ནི་བག་ངུ་བྱེད་པའི་ཆེད་དུ་ཡིན་ཏེ། «སྣང་ས་འོད་འབུམ་གྱི་རྣམ་ཐར»ལས“མི་དགའ་དགའ་མདོག་བྱེད་པ་དེ། །ཕོ་གསར་དམག་ལ་འགྲོ་བའི་རྟགས། །མི་སྡུག་སྡུག་མདོག་བྱེད་པ་དེ། །མོ་གསར་བག་མར་འགྲོ་བའི་རྟགས། །”ཞེས་བརྗོད་པ་ལྟར། བག་ངུ་བྱེད་པ་ནི་བོད་རང་ལ་མཚོན་ན་བཀྲ་ཤིས་པ་ཞིག་ཏུ་བརྩི་བ་ཡིན། གཉིས་ནི་ཕ་མའི་བཀའ་དྲིན་དྲན་པའི་ཆེད་དུ་ཡིན་ཏེ། སྤྱིར་ན་གཉེན་སྟོན་ནི་མི་ཚེའི་ཁྲོད་ཀྱི་དོན་དག་གལ་ཆེ་བ་ཞིག་ཡིན་པས་དེར་ངུ་དོན་མེད་མོད། བག་མ་ལ་མཚོན་ན་ད་བར་དུ་དྲིན་གྱིས་བསྐྱངས་པའི་ཕ་མ་གཉིས་བསྐྱུར་ནས་གཞན་ཡུལ་དུ་གནས་ལ་འགྲིམ་ཚེ་སླད་ཕ་མར་དྲིན་ལན་གཞལ་ཐབས་བྲལ་བས། བུ་མོ་གནས་ལ་འགྲོ་ཁར་མཆི་མ་གཏོང་བ་ནི་ཡ་རབས་ཚུལ་མཐུན་གྱི་མི་ཆོས་སྤྱོད་ལམ་ཞིག་ཡིན། གསུམ་ནི་རྫོངས་རྟེན་དེ་དག་ནི་རང་ག་བ་ཞིག་མིན་པ་སྟོན་པའི་ཆེད་དུ་ཡིན་ཏེ། ཡབ་ཡུམ་མིང་གསུམ་ནས་བྱིན་པའི་མདའ་དང་འཕང་། གཡུ་བཅས་ཀྱིས་གཏམ་རྒྱུད་དང་ཤེས་རིག་གི་ནང་སོ་སོས་སྐྱེས་པ་ཕོ་མོ་དང་། བླ་གནས་བཅས་མཚོན་པར་མ་ཟད། དངོས་ཡོད་འཚོ་བའི་ཁྲོད་གོ་གནས་གལ་ཆེན་བཟུང་ཡོད་ཅིང་། ཁྱད་པར་གཉེན་སྒྲིག་གི་ཁྲོད་མེད་དུ་མི་རུང་བའི་གལ་ཆེའི་ཡོ་བྱད་དག་ཡིན་པས་སོ། །མདོར་ན་བག་མས་མཆི་མ་ཐེངས་དང་པོར་གཏོང་དོན་ནི་རྫོངས་རྟེན་སློང་བ་ཙམ་མ་ཡིན་པར་དོན་གྱིས་བག་ངུའི་རྣམ་པས་ཕ་མའི་བཀའ་དྲིན་དང་རྫོངས་རྟེན་གྱི་རིན་ཐང་མཚོན་པར་བྱས་པའི་བསམ་བློའི་དགོངས་གཞི་རྒྱ་ཆེ་བ་ཞིག་གོ །
གསུམ་པ། དཔལ་ལ་ཆེ་ཆུང་འབྱེད་པ་ལས་བོད་གནའ་བོའི་ཕོ་མོའི་གོ་བབ་བཤད་པ།
གཏམ་རྒྱུད་ལས་མིང་སྲིང་བར་དཔལ་བགོས་པ་ན་མིང་པོར་དཔལ་གྱི་གསུམ་ཆའི་གཉིས་ཐོབ་པ་དང་སྲིང་མོར་དཔལ་གྱི་གསུམ་ཆའི་གཅིག་ལས་མ་དབང་ཞིང་།མིང་སྲིང་བར་དཔལ་ལ་ཆེ་ཆུང་འབྱེད་པའི་རྒྱུ་མཚན་ཁོ་ནས་བུད་མེད་དམན་སར་འགོད་པ་ཙམ་མ་ཡིན་པར། ད་དུང་བུ་མོ་སྲིད་ལྕམ་འཕྲུལ་མོ་ཆེ་གནས་ལ་འགྲོ་ཁར་ཡབ་ཡུམ་ལ་རྫོངས་རྟེན་བསླངས་པར་ཡབ་ཀྱི་ཞལ་ནས་འདི་སྐད་གསུངས།“ བུ་མོ་སྲིང་ལྕམ་ཚུར་གསོན་དང་། །ཧ་ལའི་ཤིང་ཡང་དུག་གི་རྒྱུ། །ཤིང་ཕ་ཚན་ཆེ་བ་མེའི་རྒྱུ། །ཚྭ་རོ་མཆོག་ལྡན་པ་ཟས་ཀྱི་བཅུད། །བུ་མོ་སྐྱེས་པ་མིའི་དཔལ། །ཁ་བ་བབས་པ་རིའི་གོས། །བུ་མོ་གྲུང་ཡང་མིའི་གཡོག །དཔལ་གྱི་སྐལ་བ་མི་སྟེར་ཟེར། །”ཞེས་དང་། ཡུམ་གྱི་ཞལ་ནས་འདི་ལྟར་གསུངས།“ བུ་མོ་སྲིང་ལྕམ་ཚུར་ཉོན་དང་། །བུད་མེད་བྱ་བ་སྲིན་གྱི་རིགས། །མོ་རིགས་བྱ་བ་བསམ་པ་ངན། །བུ་སྲིང་བྱ་བ་མི་མ་ཡིན། །བུད་མེད་བྱ་བ་མི་ཡིན་ན། །མིའི་ཡུལ་དུ་ག་ལ་སྤྱུགས། །བུ་མོ་བྱ་བ་སྙིང་རེ་རྗེ། །བུ་སྲིང་བྱ་བ་ཡིད་རེ་མུག །ཁྱོད་བུ་མོ་མི་དཔལ་བྱེད་པ་ལ། །དཔལ་གྱི་སྐལ་བ་མི་ཡོང་ངོ་། །”ཞེས། བུད་མེད་ཀྱི་རིགས་ལ་མཐོང་ཆུང་གི་ལྟ་ཚུལ་བཟུང་ཡོད་པ་ལྟ་བུ་དང་། གཞན་ཡང་ཡིག་ཆ་ལས་སྲིང་མོར་མགོ་ཡི་ལྷ་ལྔ་ལས་ལྷ་གཉིས་ལས་འབོད་དབང་མེད་པའི་གནས་ཚུལ་ཆགས་འདུག་པས་ཀྱང་ཕོ་མོ་ལ་ཁྱད་པར་ཡོད་པ་རྟོགས་ཐུབ་ཅིང་། སྲིང་མོས་ཐེངས་གཉིས་པར་མཆི་མ་གཏོང་དོན་ཡང་མིང་སྲིང་བར་དཔལ་ལ་ཆེ་ཆུང་ཕྱེ་བ་ཙམ་གྱིས་མ་ཡིན་པར། མདོར་ན་དཔལ་ལ་ཆེ་ཆུང་འབྱེད་པ་ལས་ཕོ་མོའི་སྐྱེས་ཐོབ་ལ་མཆོག་དམན་གྱི་རྣམ་འགྱུར་བཟུང་ཡོད་པ་འདི་ནི་དོན་གྱིས་བོད་གནའ་བོའི་ཕ་རྒྱུད་རུས་རྒྱུད་སྤྱི་ཚོགས་ཀྱི་ཕོ་མཆོག་མོ་དམན་གྱི་ལྟ་བའི་ལྷག་ལུས་འབའ་ཞིག་ཏུ་ཟད་པར་སྙམ་མོ། །
མཇུག་སྡོམ།
བརྩམས་ཆོས་གང་དང་གང་ཞིག་ཡིན་ནའང་དེ་ལ་དུས་སྐབས་དེའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་རྩོམ་པའི་དགོངས་གཞི་ངེས་ཅན་ཞིག་ཡོད་པ་སྨོས་མེད་ཡིན་མོད། དགོངས་གཞི་དེ་དག་རེ་རེའང་ཡུལ་དུས་ཀྱི་ཆ་རྐྱེན་ངེས་ཅན་འོག་ལ་ཐད་ཀར་དུ་སྟོན་ཐབས་བྲལ་བ་ན། དགོས་དབང་གིས་བརྗོད་བྱའི་སྒྲིག་གཞི་ཁག་ངོ་མཚར་བའི་བློས་བསླངས་དང་འཆར་ཡན། དེ་མིན་ཐབས་རྩལ་ཁྱད་པར་བ་དང་བྱུང་རིམ་ཀྱ་ཀྱུའི་སྒོ་ནས་སྟོན་པ་ཡིན་ལ། ལྷག་པར་གོང་དུ་བརྗོད་པ་བཞིན་བྱ་དངོས་གང་དང་གང་ཞིག་ཡིན་ནའང་སྒྲིབ་པའི་ཆ་ན་དོན་དངོས་ཀྱི་ཕྱི་མོ་རེ་ཡོད་པ་ཆོས་ཉིད་ཡིན་པས། ང་ཚོས་གཏམ་རྒྱུད་ཀྱི་བརྗོད་བྱའི་སྒྲིག་གཞི་དང་སྤྱི་ཁོག་འབུབས་ལུགས་ལ་བརྟེན་ནས་གཏམ་རྒྱུད་ཀྱི་བརྗོད་བྱའི་ཤུགས་ན་གབ་སྦས་སུ་ཡོད་པའི་རིག་གནས་ཀྱི་ཕྱི་མོ་ངོ་མ་ཞིག་འཚོལ་རྒྱུ་ཤིན་ཏུ་གལ་ཆེ། དེ་བས་ང་ཚོས«མིང་སྲིང་དཔལ་བགོས»ལས་བསྟན་པའི་བོད་གནའ་བོའི་གཉེན་སྲོལ་རིག་གནས་ལ་ཞིབ་འཇུག་བྱས་པ་བརྒྱུད་ནས་དེའི་གཏིང་རིམ་ན་ཡོད་པའི་དོན་དངོས་ཀྱི་གནད་དོན་ཁག་ཅིག་ལ་རྒྱུས་ལོན་མདོ་ཙམ་བྱེད་ཐུབ་ཅིང་། དེས་བོད་གནའ་བོའི་གཉེན་སྲོལ་རིག་གནས་ལ་ཡང་བསྐྱར་ངོས་འཛིན་པར་ཡང་ཕན་ཐོགས་ཆེན་པོ་ལྡན་པར་སྙམ། །

འབྲེལ་ཡོད་འོས་སྦྱོར།