མཚོ་སྔོན་གཅན་ཚའི་གོར་སྐྱའི་རིག་གནས་ཀྱི་མཚོན་དོན།
རྩོམ་པ་པོ།:བཀྲ་གོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2023-11-06
ཀློག་གྲངས།:
༄༅། །དམངས་སྲོལ་ལས་འཕྲོས་ཏེ་མཚོ་སྔོན་གཅན་ཚའི་གོར་སྐྱའི་རིག་གནས་མཚོན་དོན་གླེང་བ།
བཀྲ་གོ།
ནང་དོན་གནད་བསྡུས། གོར་སྐྱ་ནི་མཚོ་སྔོན་གཅན་ཚ་ས་ཁུལ་དུ་སྐྱེས་མ་རྣམས་ཀྱིས་སྤོ་ཐོ་དང་འབུད་ཤིང་སོགས་ཀྱིས་ལས་པའི་ས་འཚིག་མེ་ལ་བསྲེགས་ནས་དུས་ཚོད་གཉིས་གསུམ་ལྷག་འགོར་བའི་རྗེས་སུ། སླར་ཡང་སྐྱུར་སྒྲུང་བ་དེ་ཡང་ཡང་བསྣོས་ཏེ་བཟོ་དབྱིབས་མི་འདྲ་བར་བཟོས་ནས་ས་སྲེག་ཁོལ་མ་རུ་བསྲེགས་ཏེ་བྱུང་བའི་དམངས་ཁྲོད་རང་བཞིན་གྱི་ཟས་རིགས་ཤིག་ཡིན་ལ། འདིར་གོར་སྐྱ་སྲེག་པའི་གོ་རིམ་ཁྲོད་ཀྱི་ཕྱོགས་སོ་སོ་དང་། དེ་ནས་སྲེག་ཚར་བའི་རྗེས་ཀྱི་གོར་སྐྱའི་བཀོལ་སྤྱོད། གོར་སྐྱའི་དབྱིབས་གཟུགས་བཅས་ལ་ས་གནས་མང་ཚོགས་ཀྱི་བཤད་ཚུལ་གཙོར་བཟུང་ནས་བརྗོད་པར་མ་ཟད། གོར་སྐྱ་སྲེག་སྐབས་ཀྱི་ཆོ་ག་དང་། འཛེམ་བྱ། མཐུན་སྒྲིལ། ཀུན་སྤྱོད། རྟེན་འབྲེལ། གཉེན་སྟོན། གཤིན་ཆོས། སྤྱི་ཚོགས་འབྲེལ་འདྲིས་སོགས་བརྗོད་བྱར་བྱས་ནས་མང་ཚོགས་ཀྱིས་ལས་གང་ཞིག་སྤེལ་ཀྱང་དེའི་ནང་དུ་རིག་གནས་ཀྱི་མཚོན་དོན་སྣ་ཚོགས་ཡོད་པ་དེ་དག་ཀྱང་དམིགས་སུ་བཟུང་ནས་གསལ་བཀྲོལ་ལེགས་པར་གནང་འདུག
བརྡ་ཆད་གཙོ་བོ། མཚོ་སྔོན་གཅན་ཚ། གོར་སྐྱ། རིག་གནས་མཚོན་དོན།
སྤྱིར་བཏང་དུ་རིག་གནས་ཞེས་པ་ནི་འགྲོ་བ་མིའི་རིགས་བྱུང་རྗེས་དུས་ཀྱི་འཕོ་འགྱུར་དང་སྤྱི་ཚོགས་ཀྱི་འཕེལ་རིམ་ཁྲོད་འཕེལ་རྒྱས་སུ་སོང་བའི་ཤེས་རིག་མཐའ་དག་ལ་འཇུག་སྟེ། དེ་ནི་རིམ་བཞིན་འཕེལ་འགྱུར་ཅན་དང་བརྒྱུད་སྒྲོག་ཅན། བྱེད་ནུས་ཅན་དང་མི་གཤིས་ཅན། གོ་རིམ་ཅན་དང་མཚོན་བྱ་ཅན་དུ་གྱུར་ཏེ་མི་རིགས་གང་དེའི་བསམ་བློ་དང་མཛེས་དཔྱོད་ལྟ་བ། ཆོས་ལུགས་དང་ཡུལ་སྲོལ་གོམས་གཤིས། ཀུན་སྤྱོད་སོགས་ཕྱོགས་ཐམས་ཅད་ལ་ཁྱབ་པའི་ཐུན་མོང་རང་བཞིན་ཅན་ཞིག་ཏུ་གྲུབ་ནས་ཡོང་བ་རེད།
གོར་སྐྱ་ཞེས་པ་ནི་གོ་རེ་སྐྱ་བོའི་བསྡུས་མིང་སྟེ་གཅན་ཚའི་ཡུལ་གྱི་ཁ་སྐད་ཅིག་ཡིན་ཞིང་། དེ་ལས་གོར་ནི་གཅིག་ནས་གོ་རེ་ཞེས་པའི་ཚིག་སྡུད་དང་། གཉིས་ནས་དབྱིབས་གོར་གོར་ཅན་གྱི་གོ་རེ་ལ་གོ སྐྱ་ནི་ས་འཚིག་ཏུ་བསྲེགས་པའི་གོ་རེ་མདོག་སྐྱ་བོ་ལ་ཟེར། དེ་ལྟར་འབོད་དོན་ནི་གོ་རེ་སྣུམ་གྱི་ནང་དུ་བཙོས་ནས་ཐོན་པ་ལ་སྣུམ་འཁུར་རམ་གོ་དམར་དང་། ས་སྐྱ་བོའི་ནང་དུ་བསྲེགས་ནས་ཐོན་པའི་གོ་རེ་ལ་ཁ་དོག་གི་ཆ་ནས་གོར་སྐྱ་ཞེས་བཏགས་པ་ཡིན། གོར་སྐྱ་ནི་གོ་རེའི་རིགས་ཤིག་གི་མིང་སྟེ། མཚོ་སྔོན་གཅན་ཚའི་ཡུལ་གྱི་ཁ་སྐད་ཅིག་ཡིན། དེ་ནི་འབུད་ཤིང་དང་སྤོ་ཐོས་བཟོས་པའི་ས་འཚིག་མེར་བསྲེགས་ནས་དུས་ཚོད་གཉིས་གསུམ་ལྷག་འགོར་བའི་རྗེས་སུ། སྐྱུར་སྒྲུང་བ་དེ་མ་སྲུ་རྣམས་ཀྱིས་ཡང་ནས་ཡང་དུ་བསྣོས་ཏེ་དབྱིབས་མི་འདྲ་བར་བཟོས་རྗེས་ས་སྲེག་ཁོལ་མ་རུ་བསྲེགས་ཏེ་བྱུང་བའི་དམངས་ཁྲོད་རང་བཞིན་གྱི་ཟས་རིགས་ཤིག་ཡིན་ལ། བཟོ་རྩལ་ཕུན་སུམ་ཚོགས་ཤིང་བྲོ་བ་ཤིན་ཏུ་ལེགས། བཟའ་བ་གཞན་ལས་བཅུད་ལྡན་ཡིན་ཕྱིར། ས་འདིའི་མི་རྣམས་དེ་བཟའ་རྒྱུར་ཧ་ཅང་དགའ་པོ་ཡོད། གོ་རེ་སྲེག་པའི་ལག་རྩལ་འདི་གཅན་ཚའི་ཡུལ་དུ་གནའ་སྔ་མོ་ནས་དར་ཡོད་པ་དང་། དམངས་ཁྲོད་ཀྱི་ཟས་རིགས་ལས་གོར་སྐྱ་ནི་མེད་དུ་མི་རུང་བ་ཞིག་ཡིན་པར་མ་ཟད། ད་དུང་དམ་པའི་ལྷ་ཆོས་དང་འཇིག་རྟེན་མི་ཆོས་ཀྱི་མཛད་སྒོ་གལ་ཆེན་དག་གི་འབུལ་དངོས་མཆོག་ཏུ་གྱུར་པ་ཞིག་ཀྱང་ཡིན། གོར་སྐྱའི་དབྱིབས་གཟུགས་རེ་རེའི་ནང་དུ་གནའ་མིའི་བོད་ཀྱི་ངལ་རྩོལ་མི་དམངས་ཀྱི་བློ་གྲོས་ཉིང་བཅུད་དང་། མཛེས་དཔྱོད་ཀྱི་ལྟ་བ། དད་མོས་ཀྱི་རང་མདངས་འདྲེས་ཡོད་པའི་ཕྱིར། མེད་ཐབས་མེད་པའི་འཚོ་བའི་གྲུབ་ཆ་དང་ཡུལ་སྲོལ་གོམས་གཤིས་ཤིག་ཏུ་གྱུར་ནས་ད་ལྟའི་བར་དུ་མ་ཉམས་པར་ཡོད་པ་རེད།
དང་པོ། མཚོ་སྔོན་གཅན་ཚའི་གོར་སྐྱ་སྲེག་པའི་གོ་རིམ་དང་འབྲེལ་ཏེ་དེའི་རིག་གནས་མཚོན་དོན་བཤད་པ།
གཅིག གཅན་ཚའི་གོར་སྐྱ་སྲེག་མཁན་གྱི་ཀུན་སློང་རིག་གནས་བཤད་པ།
ཀུན་སྤྱོད་ནི་རིག་གནས་ཀྱི་སྣང་ཚུལ་ཞིག་ཡིན་ལ། སྤྱི་ཚོགས་འདུ་ཤེས་ཀྱི་རྣམ་པ་ཞིག་ཀྱང་ཡིན། དེ་ནི་མི་རྣམས་ཀྱི་ཐུན་མོང་གི་འཚོ་བའི་ཁྲོད་དུ། མིའི་བྱ་སྤྱོད་བཟང་པོ་དང་ངན་པ། ཡག་པ་དང་བཙོག་པ། དྲང་པོ་དང་འཁྱོག་པོ་སོགས་ཚད་ལྡན་ཡིན་མིན་གྱི་འཇལ་བྱེད་ཅིག་ཡིན། སྤྱི་ཚོགས་ཀྱི་དུས་རིམ་དང་རིག་གནས་མི་འདྲ་བའི་དབང་གིས་ཀུན་སྤྱོད་ཀྱི་ཚད་གཞི་ཡང་མི་འདྲ་ལ། རྒྱལ་ཁབ་དང་མི་རིགས་མི་འདྲ་ན་ཀུན་སྤྱོད་ཀྱི་ཚད་གཞི་དང་མཛེས་དཔྱོད་ཀྱི་ལྟ་ཚུལ་སོགས་གཅིག་མཚུངས་མིན། ཀུན་སྤྱོད་ཀྱི་ཚད་གཞི་ནི་རང་རང་གི་མི་རིགས་ཀྱི་མཛེས་དཔྱོད་ལྟ་བ་དང་བསམ་བློའི་ལྟ་ཚུལ་གྱིས་ཚད་འཇལ་བཞིན་ཡོད། རྒྱལ་སྲས་ཞི་བ་ལྷས། འཇིག་རྟེན་བདེ་བ་ཇི་སྙེད་པ། །དེ་ཀུན་གཞན་བདེ་འདོད་ལས་བྱུང་། །འཇིག་རྟེན་སྡུག་བསྔལ་ཇི་སྙེད་པ། །དེ་ཀུན་རང་བདེ་འདོད་ལས་བྱུང་། །ཞེས་པར་སངས་རྒྱས་ཆོས་ལུགས་ལ་དད་པའི་མིའི་ཀུན་སྤྱོད་ནི་བདག་པས་གཞན་གཅེས་ཀྱི་བསམ་བློ་ཁྱད་པར་བ་ཞིག་ཆགས་ཡོད། དེ་བས་བྱ་བ་གང་ཞིག་སྒྲུབ་ཀྱང་གཞན་ཕན་གྱི་བསམ་བློ་གཤིས་སུ་གྲུབ་ཡོད་པ་ནི་བོད་མི་མང་པོའི་གོམས་སྲོལ་ཡིན། དེར་བརྟེན་གཅན་ཚའི་གོར་སྐྱ་སྲེག་པའི་གོ་རིམ་གྱི་ཁྲོད་དུ་སྐྱེས་མ་རྣམས་ཀྱིས་ཐོག་མར་ཡིད་ལ་དྲན་པ་ནི་གོ་རེ་བཟང་པོ་ཞིག་མ་སྲེག་ཚེ་གཞན་ལ་རྔོ་མི་ཐོགས་པའི་བསམ་བློ་དྲི་མ་མེད་པ་དེ་ཡོད་པར་མ་ཟད། ད་དུང་སྤྱི་ཚོགས་སྟེང་གི་མི་གཞན་གྱིས་འཕྱ་བར་འགྱུར་བས་ལྷག་བསམ་རྣམ་དག་གིས་གྲ་སྒྲིག་བྱས་ནས་གོར་སྐྱ་སྲེག་རྒྱུ་དེ་གལ་ཆེན་ཞིག་ཏུ་རྩི་བཞིན་ཡོད་པས་གོར་སྐྱ་སྲེག་པའི་ཐོག་མའི་ཀུན་སློང་ནི་ཧ་ཅང་གཙང་མ་ཞིག་ཡིན།
གཉིས། གཅན་ཚའི་གོར་སྐྱ་སྲེག་སྐབས་ཀྱི་ཆོ་གའི་རིག་གནས་བཤད་པ།
ཆོ་ག་ནི་ཆོས་ལུགས་ཀྱི་ནང་གསེས་གལ་ཆེན་ཞིག་ཡིན། ཆོས་ལུགས་ལ་དད་པ་བཤད་མཁན་ཞིག་ཡིན་ཕྱིན་བྱ་བ་ཅུང་ཁྱད་པར་ཅན་ཞིག་བསྒྲུབ་དགོས་ཚེ། ཆོ་ག་སྤེལ་རྒྱུ་ནི་སྔོན་འགྲོའི་ཆ་རྐྱེན་གལ་ཆེན་ཞིག་ཡིན། དེ་ལ་ཧྥ་རན་སིའི་མིའི་རིགས་རིག་པ་བ་ཏུའུ་ཨར་ཀན་གྱིས་ཆོས་ལུགས་ཀྱི་ནུས་པའི་ཁྲོད་དུ། ཆོས་ཀྱི་སྙིང་པོ་དང་ཆོ་ག་གཉིས་ལས་ཆོ་ག་གཙོ་བོ་ཡིན། དེའི་རྒྱུ་མཚན་ནི་ཆོ་ག་སྤེལ་པའི་ནང་དུ་མི་མང་པོ་མཉམ་དུ་འདུས་ནས་ཕན་ཚུན་ནང་བསམ་བློ་མཉམ་སྦྲེལ་བྱས་ཏེ། སྤྱི་ཚོགས་སྟེང་དུ་འགན་འཁུར་གྱི་ཀུན་སྤྱོད་ཅིག་ཆགས་ཏེ་མི་རྣམས་ཀྱིས་མཐུན་སྒྲིལ་ཇེ་བརྟན་དུ་སོང་ནས་ཡིད་ཆེས་ཀྱིས་ཁེངས་པར་འགྱུར་ཞེས་པ་བཞིན་སྤྱིར་བཏང་གི་གོར་སྐྱ་སྲེག་སྐབས་ཆོ་ག་མི་སྤེལ་ལ། ཡང་གནས་ཚུལ་ཁྱད་པར་ཅན་གྱི་འོག་ཏུ་བླ་མ་རྣམས་ལ་འབུལ་བའི་གསོལ་གོར་རམ་སྣང་རའི་གོར་མོ་ཆེ་ལྟ་བུ་སྲེག་སྐབས་གྲྭ་པའམ་སྔགས་པ་ཞུས་ནས་ཐོག་མར་ཡར་དཀོན་མཆོག་གསུམ་ལ་སྐྱབས་འཇུག་ཞུས་ཏེ་གོ་རེ་ལ་གས་སྐྱོན་སོགས་ཀྱི་བགེགས་བར་ཆད་མི་འབྱུང་བ་དང་། རྐྱེན་ངན་བར་ཆད་དེ་བཟློག་པའི་ཆེད་དུ་རིམ་གྲོ་བསྒྲུབ་པ་དང་། སྐྱེས་མ་རྣམས་ཀྱིས་མ་ཎི་དབྱངས་སུ་གྱེར་ནས་འདོན་པ་དག་གི་རྒྱུ་རྐྱེན་ནི། མི་ནི་མ་གཞི་ནས་རྣམ་རྟོག་གི་བདག་ཉིད་ཅན་ཡིན་པས་འཇིག་རྟེན་འདིར་འཚོ་དགོས་ན་རང་བཞིན་གྱིས་སྐྱབས་བཅོལ་ས་ཞིག་བཙལ་ནས་ནང་སེམས་ཀྱི་དགོས་མཁོ་བཙལ་ལ། དེར་གནས་ཚུལ་ཁྱད་པར་ཅན་གྱི་འོག་ཏུ། ཆོ་ག་སྤེལ་ཚེ་མི་རྣམས་ཀྱིས་བློ་ཁ་གཅིག་ཏུ་ཕྱོགས་ཏེ། མཉམ་འཇོག་ལེགས་པོར་བྱས་ན་སྟོབས་ཤུགས་ཀྱང་ཡོང་ཐུབ་ལ་བྱ་བ་ཆེན་པོའང་ཡུན་གྱིས་འགྲུབ། དེ་ལྟར་མིའི་སེམས་ཁམས་དང་འཚོ་བའི་ལག་ལེན་གཉིས་ཟུང་འབྲེལ་བྱས་ན་གོ་རེ་ལ་འགལ་རྐྱེན་ཅི་ཡང་མི་བྱུང་བར་བདེ་ལེགས་ཀྱི་ངང་ནས་འགྲུབ་ཀྱིན་ཡོད།
གསུམ། གཅན་ཚའི་གོར་སྐྱ་སྲེག་སྐབས་ཀྱི་འཛེམ་བྱའི་རིག་གནས་བཤད་པ།
བྱ་བ་དང་བྱ་དངོས་གང་ཞིག་ཡིན་ཡང་བཟང་ངན་དབྱེ་རྒྱུ་ཡོད་པ་ལྟར་འཛེམ་བྱའི་རིག་གནས་ཀྱི་ཤུགས་ནས་དམིགས་ཡུལ་དེ་མངོན་འགྱུར་རམ་ལས་ཀ་དེ་བཟང་པོ་ཞིག་འཁྱོངས་བར་འབད་བརྩོན་བྱེད་བཞིན་ཡོད་པས། དེ་ལ་ཐོག་མར་གཞོན་ནུ་མ་རྣམས་ཀྱིས་ལུས་ཀྱི་ཁོག་སྟོད་གཙང་མར་བཀྲུས་པ་དང་། སེན་མོ་ཏོག་པ། འཁྲུག་པ་མི་སྤྱོད་པ། སྨྲ་བ་ཉུང་བ། ཁ་ངོ་གཙང་ཞིང་ཡུགས་སར་མ་བུད་པ། གོ་རྒས་མ་དང་ཕྱིར་ལོག་མ་མ་ཡིན་པ། བྱིས་པ་དང་བཟའ་ཚང་ཡོད་པ། ཕ་འཛོམས་དང་མ་འཛོམས་བཅས་ཀྱི་ཆ་རྐྱེན་ཚང་བའི་བུད་མེད་དག་གིས་སྲེག་པ་མ་གཏོགས་གཞན་པར་འཛེམ་གྱིན་ཡོད། སྤྱིར་བཏང་གི་གོར་སྐྱ་སྲེག་པར་སེན་མོ་ཏོག་པ། ཁ་ངོ་དང་ལག་པ་གཙང་མར་བཀྲུས་པ་ལས་དེ་འདྲ་གཟབ་ནན་བྱེད་དགོས་ཀྱིན་མེད། ཡིན་ནའང་སྣང་རའི་གོར་མོ་ཆེ་ལྟ་བུར་མཚོན་ན། གོར་སྐྱ་སྲེག་ནས་ཉམས་མྱོང་ཕུན་སུམ་ཚོགས་པ་ཅན་དང་། ཤེས་རྒྱ་ཆེ་ཞིང་ཀུན་གྱི་བཀུར་བའི་ལོ་ཚད་ཅུང་ཆེ་བའི་བུད་མེད་དག་ཡིན། གང་ལྟར་ཡང་། མི་རིགས་རེ་རེ་ཡི་རིག་གནས་ཀྱི་ཆགས་སྟངས་མི་འདྲ་བས་མཛེས་དཔྱོད་ཀྱི་ལྟ་བའང་ཁ་ཁ་ཡིན། དེ་ལྟར་གོར་སྐྱ་སྲེག་སྐབས་གཙང་སྦྲའམ་འཕྲོད་བསྟེན་ལ་གཟབ་ནན་བྱས་ཏེ་གོམས་སྲོལ་ཅན་དུ་ཆགས་ན་རང་གཞན་ཀུན་གྱི་ལུས་ཕུང་ལ་ཕན་ཐོགས་ཆེན་པོ་ཡོང་པ་ཤེས་ཐུབ།
བཞི། གཅན་ཚའི་གོར་སྐྱ་སྲེག་སྐབས་ཀྱི་རྟེན་འབྲེལ་རིག་གནས་བཤད་པ།
བོད་ནི་རྟེན་འབྲེལ་ཀུན་གྱི་བདག་པོ་ཡིན་ཟེར་བ་ལྟར། བྱ་བ་གང་ཞིག་སྒྲུབ་ཀྱང་རྟེན་འབྲེལ་ལ་བརྟག་རྒྱུ་ནི་ཤིན་ཏུ་དགའ། དེ་བས། མནའ་མ་དང་མག་པ་བསུ་བ་ལྟ་བུར་གོར་སྐྱ་སྲེག་སྐབས། སེར་ག་མ་གས་བ། ཚོས་ཁོག་ལོན་པ། མེ་ཡི་ཚ་དྲོད་ཀྱི་དབང་གིས་དབྱིབས་གཟུགས་མ་འགྱུར་བར་ཡོད་ན་མག་པ་དང་མནའ་མ་ཁྱིམ་དེར་གནས་ནས་འདུག་པའི་རྟེན་འབྲེལ་དུ་རྩི་བཞིན་ཡོད། གཞན་ཡང་བྱིས་པ་བུ་དང་བུ་མོར་གོ་རེ་སྲེག་སྟེ་བཟང་པོར་ཡོད་ན་བྱིས་པ་ཚེ་རིང་བ་དང་ལེགས་པོ་འཁྱོངས་བའི་རྟེན་འབྲེལ་ལ་རྩི་བཞིན་ཡོད་པས་གོར་སྐྱ་ནི་རྟེན་འབྲེལ་ལ་བརྟག་པའི་ཡོ་བྱད་དུ་གྱུར་ཡོད། མདོར་ན་སེམས་ཀྱི་དགོས་མཁོ་སྐོང་ཆེད་དུ། ཐོག་མར་བྱ་བ་གང་ཞིག་བསྒྲུབ་ཀྱང་ཐོག་མ་ཉིད་ནས་སེམས་ཁམས་སྙོམ་སྒྲིག་བྱས་ཏེ། གོར་སྐྱ་བསྲེགས་པ་ལེགས་འགྲུབ་འབྱུང་བར་སྔ་མོ་ནས་ནན་ཏན་བྱེད་དགོས་པའི་ཞོར་དུ་གང་དགར་ཕྱེ་སྐྱུར་སོགས་ཆུད་ཟོས་སུ་གཏོང་མི་རུང་བ་དེ་ཤུགས་ནས་མཚོན་ཐུབ།
ལྔ། གཅན་ཚའི་གོར་སྐྱ་སྲེག་སྐབས་ཀྱི་མཐུན་སྒྲིལ་རིག་གནས་བཤད་པ།
མཐུན་སྒྲིལ་ནི་སྟོབས་ཤུགས་ཡིན། གལ་ཏེ་མཐུན་སྒྲིལ་མེད་ན་བྱ་བ་ཅི་ཞིག་བསྒྲུབ་ཀྱང་འགྲུབ་ཐབས་བྲལ་བ་རེད། གོར་སྐྱ་སྲེག་པའི་གོ་རིམ་གྱི་ཁྲོད་དུའང་སྐྱེས་མ་མང་པོ་མཉམ་དུ་འདུས་ནས་ལས་ཀ་ལས་ཀྱིན་ཡོད་ཅིང་། ལ་ལས་ཕྱེ་སྣོ་བ་དང་། ལ་ལས་གོ་རེའི་དབྱིབས་བརྡལ་བ། ལ་ལས་ས་སྲེག་ཚ་མོ་རྡུང་ནས་གོར་ས་ལས་པ། ལ་ལས་གོ་རེ་སྲེག་པ། ལ་ལས་གོ་རེ་འབྲད་པ་སོགས་ཕན་ཚུན་ལ་བསྟུན་པ་དང་རམ་འདེགས་བྱེད་པར་མ་ཟད། སྐྱེས་མ་མང་པོ་ཞིག་ནི་ཕྱོགས་མི་འདྲ་བ་ནས་སྡེ་འདིར་མནའ་མར་ཡོང་བ་ཡིན་པས་རང་ཡུལ་གྱི་གོམས་སྲོལ་དང་ཉམས་མྱོང་སྤེལ་བར་ཕྲག་དོག་དང་འགྲན་སེམས་མེད་པར། ཆེ་བས་ཆུང་བར་མན་ངག་གནང་བ་དང་། ཆུང་བས་ཆེ་བའི་ཉམས་མྱོང་བཤད་པ་ལ་ཉན་ནས་ལས་ཀ་དེ་མཉམ་ལས་ཀྱིས་བསྐྱལ་བཞིན་ཡོད་པ་འདི་དག་ལས་གོར་སྐྱ་སྲེག་པར་མཐུན་སྒྲིལ་ཡོང་དགོས་པ་དེ་མཚོན་ཐུབ་ལ། ཡང་ན་ཕྱིའི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་ནི་གཅིག་ལ་གཅིག་རྟེན་གྱི་འབྲེལ་བ་ཡོད་པ་ནང་པའི་ཆོས་གཞུང་དུ་གསུངས་ཡོད་པ་དང་གཅིག་མཚུངས་རེད།
དྲུག གཅན་ཚའི་གོར་སྐྱ་སྲེག་རྗེས་ཀྱི་ཉར་ཚགས་རིག་གནས་བཤད་པ།
གོ་རེ་བསྲེགས་ནས་ཚར་རྗེས་ཉར་ཚགས་ཡག་པོ་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེན་ཞིག་ཡིན། ལྷག་པར་དུ་གོ་རེ་ཚ་བོ་དེ་འཁྱགས་པའི་བར་དུ་མཉམ་འཇོག་ཡག་པོ་བྱེད་དགོས། རྒྱུ་མཚན་ནི་གོ་རེ་ཚ་བོའི་སྐབས་སུ། གང་འདོད་དུ་གང་སར་བསྐྱུར་ནས་བཞག་ན་སེར་ཀ་གས་པ་དང་གཡས་འཁྱིལ་གཡོན་འཁྱིལ་དུ་གྱུར་ནས་དབྱིབས་གཟུགས་འགྱུར་སླ་བས། གོ་རེའི་མཛེས་ཉམས་ཤོར་ནས་མི་ཚོགས་མང་པོའི་གྲལ་དུ་འཁྱེར་ན་འཕྱ་བར་འགྱུར། དེ་བས་གོ་རེ་བསྲེགས་ནས་གཙང་མར་བྲད་པ་དེ་དག་ལ་ཉར་ཚགས་བྱེད་སྟངས་ཧ་ཅང་མང་། གོ་རེ་ལ་ལ་ཞིག་ནི་དང་ཐོག་བསྲེགས་པའི་སྐབས་སུ་མི་རང་ཉིད་ཀྱི་ལག་རྩལ་དང་མེ་ཡིས་དྲོད་ཚད་ཀྱི་དབང་གིས་གོ་རེའི་སྟེང་དཀྱིལ་ཀོང་དུ་ལྷུང་ནས་ཅུང་མི་མཛེས་པའི་རྣམ་པར་གྱུར་བ་དེ་རས་སོགས་ཀྱི་ཐོག་ཏུ་བཞག་ན་ཅུང་ཡར་བསྲིངས་པའི་ནུས་པ་ཐོན་པ་དང་། གོ་རེ་ལ་ལ་ཞིག་སྙོམས་པོར་མེད་པར་ཅུང་ཙམ་ཡར་མར་འཁྱིལ་བར་བྱས་པ་དེ་འོག་ཏུ་ཤིང་ལེབ་སོགས་བཞག་ན་སྙོམས་པོར་བསྲིངས་པའི་ནུས་པ་ཡོད་པ་དང་། གོ་རེ་ལ་ལ་ཞིག་སྟེང་དཀྱིལ་ཡར་ལྡིར་བ་དེ་ཤིང་ལེབ་སྙོམས་པོའི་ངོས་ནས་ཁ་མར་བསྐོར་ཏེ་བཞག་ན་སྙོམས་པོར་འདུག་རྒྱུར་ཕན་ཐོགས་ཅུང་ཙམ་ཡོད་པ་ལྟ་བུར་ཡོད་པས་གོར་སྐྱ་ཉར་ཚགས་བྱེད་པའི་རིག་གནས་འདིའང་ཧ་ཅང་གལ་ཆེན་ཞིག་ཡིན།
གཉིས་པ། མཚོ་སྔོན་གཅན་ཚའི་གོར་སྐྱའི་སྤྱོད་སྒོ་དང་འབྲེལ་ཏེ་དེའི་རིག་གནས་མཚོན་དོན་བཤད་པ།
གཅིག གཉེན་སྟོན་སྐབས་ཀྱི་གཅན་ཚའི་གོར་སྐྱ་ཡི་རིག་གནས་བཤད་པ།
མནའ་མ་དང་མག་པ་བསུ་སྐབས་གོར་སྐྱ་བསྲེག་དགོས་ཤིང་། མནའ་མའི་ལག་ཏུ་གོ་རེ་ནུ་གཉིས་མའི་དབྱིབས་ཅན་འཇོག་པ་དང་། མག་པ་ཡོང་བའི་ལག་ཏུ་གོར་སྐྱ་རྔ་དབྱིབས་མའི་དབྱིབས་ཅན་འཇོག་གིན་ཡོད་པར་མ་ཟད། སྟོན་ཐོག་ཏུ་གོར་སྐྱ་ཡི་སྡེར་ཁ་བསྒྲིགས་ནས་གསོལ་སྟོན་རྒྱ་ཆེར་སྤེལ་དང་སྤེལ་བཞིན་ཡོད། སྤྱིར་གཉེན་སྟོན་ནི་ཟ་མ་དང་ཆང་གིས་མི་རྣམས་ངོམས་པར་བྱེད་མོད། འདིར་ཆེད་དུ་གོ་རེ་ཡི་སྡེར་ཁ་མང་དུ་བསྒྲིགས་པ་དང་། གཉེན་སྟོན་བག་གསར་གྱི་དུས་སུ། མནའ་མའི་ལག་ཏུ་གོ་རེ་ནུ་གཉིས་མའི་དབྱིབས་ཅན་བཞག་ན་ཁྱིམ་དེར་བུ་དང་བུ་མོའི་གོ་ཁ་གང་བའི་མཚོན་བྱེད་དུ་ཡིན་ཟེར། མག་པའི་ལག་ཏུ་གོར་སྐྱ་རྔ་དབྱིབས་མའི་དབྱིབས་ཅན་བྱིན་ན་འདོད་དོན་ལྷུན་གྱིས་འགྲུབ་པ་སོགས་མདོར་ན་ཁྱིམ་འདིར་བག་གསར་དང་མག་གསར་གཉིས་གཉེན་བསྒྲིགས་པ་ནས་བཟུང་གོར་སྐྱ་ནི་ཅི་བསམ་ལྷུན་གྱིས་འགྲུབ་པའི་ཁ་གཡང་འབོད་པའི་མཚོན་བྱེད་དུ་གྱུར་ཡོད།
གཉིས། གཤིན་ཆོས་སྐབས་ཀྱི་གཅན་ཚའི་གོར་སྐྱ་ཡི་རིག་གནས་བཤད་པ།
གཤིན་ཆོས་བྱེད་སྟངས་ཀྱི་སྲོལ་འདི་ནི་བོད་མི་རིགས་ཡོངས་ལ་ཡོད་པའི་གོམས་སྲོལ་ཞིག་ཡིན། རིག་གནས་དང་ཁོར་ཡུག་མི་འདྲ་བའི་དབང་གིས་ས་གནས་སོ་སོའི་བོད་མིའི་ཆོ་ག་བྱེད་སྟངས་ཀྱང་འདྲ་པོ་མེད། ཡིན་ནའང་གཅན་ཚའི་གཤིན་ཆོས་བྱེད་ལུགས་འདིར་མི་གསོན་པའི་སྐབས་སུ་གྲྭ་པར་ཞུས་ནས་བདུན་བཙུགས་ཏེ་ཆོས་བྱེད་པ་ལ་གསོན་ཆོས་དང་། མི་ཤི་རྗེས་གྲྭ་པར་ཞུས་ནས་བདུན་བཙུགས་ཏེ་ཆོས་བྱེད་པ་ལ་གཤིན་ཆོས་ཟེར། གང་ལྟར་ཀྱང་དུས་སྐབས་དེ་གཉིས་ལ་གོར་སྐྱ་སྲེག་པ་ནི་གཅིག་མཚུངས་ཡིན་ལ་གྲངས་ཀ་ཧ་ཅང་མང་པོ་བསྲེག་དགོས། དེའི་རྒྱུ་རྐྱེན་ནི་བླ་མ་དང་གྲྭ་པ། སྙུང་གནས་པ། དགོན་པར་མང་ཇ་སྐོལ་བ་བཅས་ལ་གོར་སྐྱ་མང་པོ་དབུལ་དགོས། གཞན་ཡང་བོད་མིའི་ཁ་དཔེར་སྐྱིད་ལ་འབོད་དགོས། སྡུག་ལ་འགྲོ་དགོས་ཟེར་པ་ལྟར། གཤིན་ཆོས་བྱེད་པའི་ཁྱིམ་ཚང་དེར་མི་གཞན་གྱིས་མྱ་ངན་ཞུ་རུ་འགྲོ་སྐབས་གོར་སྐྱ་ཁྱེར་བ་ནི་གཅན་ཚའི་ཡུལ་གྱི་ལུགས་སྲོལ་ཞིག་ཏུ་གྱུར་ཡོད།
གསུམ། ལེགས་སྐྱེས་ལ་འབུལ་བའི་གཅན་ཚའི་གོར་སྐྱ་ཡི་རིག་གནས་བཤད་པ།
ལེགས་སྐྱེས་ནི་མི་དང་མིའི་བར་དུ་འབྲེལ་ལམ་བཏོད་པའི་ཆེད་དུ་དངོས་པོ་ག་གེ་མོ་ཞིག་ཕན་ཚུན་ལ་སྐྱེས་སུ་འབུལ་བ་ཞིག་ཡིན། ཧྥ་རན་སིའི་མིའི་རིགས་རིག་པ་བ་མོའོ་སིས། ལེགས་སྐྱེས་འབུལ་བའི་གོམས་སྲོལ་འདི་ཕྱོགས་གསུམ་ནས་གྲུབ་ཡོད་པར་གསུངས་ཡོད་དེ། དང་པོ། འགན་འཁུར་རང་བཞིན་གྱིས་གཞན་ལ་སྟེར་བ། གཉིས་པ། འགན་འཁུར་རང་བཞིན་གྱིས་ཚུར་ལེན་པ། གསུམ་པ། འགན་འཁུར་རང་བཞིན་གྱིས་ཕྱིར་སྟེར་བ་བཅས་ཀྱི་སྤྱི་ཚོགས་སྣང་ཚུལ་གྱི་རྒྱབ་ལྗོངས་འདིར་བསམ་ན། རྒྱུ་རྐྱེན་གསུམ་ཡོད་དེ། དང་པོ། ལེགས་སྐྱེས་སྟེར་པ་དང་། ལེན་པ། ཕྱིར་སྟེར་བ་བཅས་ནི་ཕྱོགས་ཡོངས་ནས་དྲིན་ལན་འཇལ་བའི་ལམ་ལུགས་ཞིག་ཡིན། གཉིས་པ། ལེགས་སྐྱེས་སྟེར་པ་དང་། ལེན་པ། ཕྱིར་སྟེར་བ་བཅས་ནི་མི་སྒེར་རམ་མང་ཚོགས་རྣམས་འགན་འཁུར་གྱིས་འཆིང་རྒྱར་ཚུད་ནས་ཡུན་རིང་ལ་བཞག་པའི་གན་རྒྱ་དང་མཚུངས། གསུམ་པ། ཕྱོགས་ཡོངས་ནས་དྲིན་ལན་འཇལ་བའི་ལམ་ལུགས་ཀྱི་རྩ་བའི་རྒྱུ་རྐྱེན་ནི་སྤྱི་ཚོགས་དང་སྤྱི་ཚོགས་ཀྱི་སྒྲིག་ལམ་གནས་པའི་ཆེད་དུ་ཡིན་ཞེས་གསུངས་པ་བཞིན་གོར་སྐྱ་ནི་ཡུན་རིང་བཞག་སྟེ་སྐམ་པོར་གྱུར་བ་བརྡུངས་ནས་ཟོས་ཀྱང་ཕོ་བར་འཕྲོད་པ་མ་ཟད། གོ་རེའི་དྲི་མ་མི་ཡལ་བར་ཞིམ་པོར་འདུག་པར་བརྟེན། མི་རྣམས་ཧ་ཅང་དགའ་སྣང་བྱེད་ས་ཞིག་ཡིན་ལ། ཡར་བླ་མར་འབུལ་ན་མཇལ་དར་ལ་ཉན་པ་དང་། གོང་དཔོན་པོ་ཁྱེར་ན་ཁ་ངོ་ཡོད་པ། ནང་ན་ཟླ་ལ་བྱིན་ན་བརྩེ་འདང་ཡོད་པས་བྱ་བ་གང་ཞིག་བསྒྲུབས་ཀྱང་། ཐ་ན་སྐྱིད་སྡུག་དལ་རེས་གང་ལའང་ལེགས་སྐྱེས་དང་འཚམས་རྟགས་སུ་གོར་སྐྱ་ཁྱེར་བ་ནི་ཡུལ་སྲོལ་ཞིག་ཏུ་གྱུར་ཡོད་པས་གོར་སྐྱ་ནི་སྤྱི་ཚོགས་འབྲེལ་འདྲིས་ཁྲོད་དུ་སྟེར་མཁན་དང་ལེན་མཁན་གཉིས་ཀྱི་དགོས་མཁོ་སྐོང་བའི་ཁྱད་ཆོས་སོགས་ཡོད་པ་ཤེས་ཐུབ།
བཞི། རིག་རྩལ་བྱ་འགུལ་ལ་བཤམས་སྐབས་ཀྱི་གཅན་ཚའི་གོར་སྐྱ་ཡི་རིག་གནས་བཤད་པ།
གདོད་མའི་དུས་སུ། མི་རྣམས་ཀྱིས་རང་བྱུང་ཁམས་དང་འཐབ་རྩོད་ཡུན་རིང་བྱས་པ་བརྒྱུད་ནས་གོ་རེ་གསར་བཟོ་བྱེད་པའི་ཐབས་ཤེས་དེ་རྙེད་ནས་འདས་ཟིན་པའི་འཚོ་བ་ཐབས་ཆག་ཁྲོད་ཀྱི་ལག་རྩལ་ལས་རིང་དུ་བརྒལ་བའི་དགའ་བ་དེ་སྟོན་ཆེད་དུ། ཁྱིམ་ནས་བཤམས་པ་དེ་རྗེས་སུ་དྲན་རྟེན་གྱི་གོམས་སྲོལ་དུ་གྱུར་པ་དང་། གཞན་ཡང་ཡར་ལྷ་བླ་མ་དཀོན་མཆོག་དང་ཨ་མྱེས་ཡང་མྱེས་ལ་འབུལ་ནས་ཁོ་ཚོའི་གོ་རེ་ཟས་ཆོག་པའི་ལག་ལེན་གསར་གཏོད་བྱས་པའི་བཀའ་དྲིན་དེ་རྗེས་སུ་དྲན་པར་བྱེད་པའི་ཆེད་དུ་རིམ་བཞིན་ལོ་གསར་དང་རྟགས་སྟོན་མོ་གང་དུའང་གོར་སྐྱ་འབུལ་བར་མ་ཟད། དམ་པའི་ལྷ་ཆོས་སོགས་བྱེད་སྒོ་གང་དུའང་འབུལ་བཞིན་ཡོད་ལ། མཚམས་ལ་ལར་ལྷ་ཡི་མདུན་དུ་གོར་སྐྱ་བཤམས་ནས་དུས་ཚོད་རིང་པོར་འཇོག་པ་སོགས་ཀྱི་སྣང་ཚུལ་ཡང་ཡོད། ལྷག་པར་དུ་གཅན་ཚའི་གནས་འདིར་རིག་རྩལ་གྱི་བྱ་འགུལ་ཅི་ཞིག་སྤེལ་ཡང་གོར་སྐྱ་འགྲེམ་སྟོན་བྱེད་པ་དང་གོར་བཤད་བཤད་པ། གོར་སྐྱའི་ལུས་བོངས་ཆེ་བར་སྲེག་ནས་དཀྱིལ་དུ་མར་གྱིས་བརྒྱན་པ་དང་། མཐའ་ཁར་ཁ་བཏགས་ཀྱིས་གཡོགས་ནས་ལོ་ལེགས་བྱུང་བའི་མཚོན་རྟགས་སུའང་རྩི་བཞིན་ཡོད་པ་མ་ཟད། ད་དུང་ས་གནས་ཁྱད་ཐོན་གོར་སྐྱའི་རིག་གནས་ཡུལ་ཕྱོགས་ཀུན་ཏུ་བརྒྱུད་བསྒྲགས་བྱས་ནས་གོར་སྐྱ་ནི་གཅན་ཚའི་མཚོན་རྟགས་ཞིག་ལ་གྱུར་དང་འགྱུར་བཞིན་ཡོད་པ་དེ་སྟོན་གྱིན་ཡོད།
གསུམ་པ། མཚོ་སྔོན་གཅན་ཚའི་གོར་སྐྱའི་དབྱིབས་གཟུགས་དང་འབྲེལ་ཏེ་དེའི་རིག་གནས་མཚོན་དོན་བཤད་པ།
གཅིག གཅན་ཚའི་གོར་སྐྱ་རྔ་དབྱིབས་མའི་མཚོན་དོན་བཤད་པ།
ས་འཚིག་ཏུ་གོ་རེ་སྲེག་པ་ཐམས་ཅད་ལ་གོར་སྐྱ་ཟེར་ ཞིང་། དབྱིབས་གཟུགས་ཀྱང་རྣམ་པ་སྣ་ཚོགས་ཡོད། དེ་ཡང་འཚོ་བའི་ཁྲོད་དུ་ཧ་ཅང་བཀོལ་སྤྱོད་ཆེ་བ་ནི་གོར་སྐྱ་རྔ་དབྱིབས་མ་ཡིན། དེ་ནི་དབྱིབས་གཟུགས་ཀྱི་སྒོ་ནས་བཏགས་པ་སྟེ། སྒོར་མོ་རྔའི་དབྱིབས་སུ་མངོན་པས་རྔ་དབྱིབས་མ་ཞེས་བཏགས་པ་རེད། སྔོན་གྱི་དུས་སུ། འགྲོ་བ་མི་རྣམས་ཀྱིས་རང་བྱུང་ཁམས་ལ་ངོས་འཛིན་བྱེད་པའི་གོ་རིམ་ཁྲོད། ཉི་མས་གྲང་བས་གདུང་བའི་སྡུག་བསྔལ་སེལ་ཏེ་དྲོད་ཁོལ་སྦྱིན་པས་མི་རྣམས་ཉི་མ་ལ་དགའ་ཞིང་། ཉི་མ་ལ་འདང་རྩིས་ཇེ་ཆེར་གྱུར་པའི་དབང་གིས་འཚོ་བའི་ཉེར་སྤྱད་དུ་གྱུར་པའི་ཅ་ལག་ཀྱང་དབྱིབས་གཟུགས་ཉི་མ་ལྟར་གོར་གོར་བཟོས་ཏེ་ཐོག་མར་དགའ་བ་ནས་དད་པ་བྱེད་པ་དང་། བར་དུ་དད་པ་ནས་དྲན་རྟེན་དུ་ཉར་བ། མཐའ་མར་དྲན་རྟེན་ནས་གོམས་སྲོལ་ཅན་དུ་གྱུར་ཅིང་། རིམ་བཞིན་ཆོས་ལུགས་ཀྱི་ལྟ་བས་སིམ་ནས་ཡང་བསྐྱར་གོར་གོར་རམ་འཁོར་ལོའི་དབྱིབས་གཟུགས་དེ་བརྒྱུད་སྒྲོག་ཤུགས་ཆེར་བྱས་ཏེ་མིའི་མཛེས་དཔྱོད་དང་རིན་ཐང་བླ་མེད་ཅན་དུ་གྱུར་ཡོད་པ་ནི། སྤྱིར་འཁོར་ལོ་ལ་འཁོར་བའི་འཁོར་ལོ། བཀའ་ཡི་འཁོར་ལོ། སྒོམ་པའི་འཁོར་ལོ། བསྐོར་བའི་འཁོར་ལོ། འདོགས་པའི་འཁོར་ལོ་དང་ལྔ་ཡོད་ཅེས་དང་། ཡང་དེ་ལྟར་འཁོར་ལོ་འདི་དག་བསྐོར་བའི་ཕན་ཡོན་ནི། སྟོང་གསུམ་རིན་པོ་ཆེ་སྣ་ལྔས་བཀང་ནས་སངས་རྒྱས་མཆོད་པ་དང་། སེམས་ཅན་ལ་སྦྱིན་པ་བཏང་བས་འཁོར་ལོ་ལན་གཅིག་བསྐོར་བའི་བསོད་ནམས་ཆེ་ཞིང་། སེམས་བསྐྱེད་དང་ལྡན་པའི་ངོས་ནས་འཁོར་ལོ་བསྐོར་བ་ན་མཚམས་མེད་ལྔ་ལ་སོགས་སྡིག་ཆེན་ཐམས་ཅད་དག་ཅིང་། གསང་སྔགས་ཀྱི་དམ་ཚིག་སོ་ཐར་གྱི་སྡོམ་པ་ཉམས་པ་དང་ལྟུང་བ་བྱུང་ཡང་འཁོར་ལོ་བསྐོར་བས་ཡོངས་སུ་བྱང་བར་གསུངས། དེ་ལྟར་ནའང་ལུང་ལས། བླ་མ་ཞིག་གིས་བསྐོར་གྱུར་ན། །འགྲོ་དོན་མཐའ་རུ་རྒྱས་པར་འགྱུར། །བཙུན་པ་ཞིག་གིས་བསྐོར་གྱུར་ན། །དད་དཀོར་གཤིན་ཟས་གང་ཟོས་བྱང་། །རྒྱལ་པོ་ཞིག་གིས་བསྐོར་གྱུར་ན། །ཁྲིམས་ཁང་འགྲིམས་ཚད་ཐར་པ་ཐོབ། །ཚོང་དཔོན་ཞིག་གིས་བསྐོར་གྱུར་ན། །ཚོང་རར་ཚོགས་ཚད་ཐར་པ་ཐོབ། །སྐྱེ་བོ་ཞིག་གིས་བསྐོར་གྱུར་ན། །སྡིག་པ་གང་བྱས་ཡོངས་སུ་བྱང་། །བུད་མེད་ཅིག་གིས་བསྐོར་གྱུར་ན། །ཚེ་རབས་བསགས་པའི་སྡིག་སྒྲིབ་དག །[1]ཅེས་པ་ལྟར་བོན་ཆོས་ཀྱི་ནང་དུའང་འཁོར་ལོ་མང་དུ་བསྐོར་ན་འདོད་དོན་ལྷུན་གྱིས་འགྲུབ་པའི་ཕན་ཡོན་ཡོད་པ་མང་དུ་བསྟན་ཡོད་པ་དང་། འཁོར་ལོ་དེ་དག་གི་དབྱིབས་གཟུགས་ཀྱང་རྣམ་པ་གཞན་དུ་མ་ཡིན་པར་གོར་གོར་རམ་ཟླུམ་དབྱིབས་ཁོ་ནར་གནས། གཞན་ཡང་། གནམ་ས་ཟླུམ་ལ་ས་དཔལ་བཟང་། །མི་རྟ་སྟོང་ཁ་འབུལ་བའི་ས། །གནམ་ས་གྲུ་བཞི་བསྲུང་བཞི་ཚང་། །མི་འབུམ་རྟ་འབུམ་ལོངས་པའི་ས། །གནམ་དཔྱད་འཁོར་ལོ་རྩིབས་བརྒྱད་ལ། །ས་ཡང་པད་མ་འདབ་བརྒྱད་དེར། །བསྲུང་བ་ཚང་བ་བཟང་བས་ན། །མི་ཁྲི་རྟ་ཁྲི་འོང་བའི་ས། །ཞེས་ས་དབྱིབས་རྔ་བོ་ཆེ་དང་དཀྱིལ་འཁོར་མཎྜལ་དང་། འཁོར་ལོ་རྩིབས་བརྒྱད། དུང་དཀར་གཡས་འཁྱིལ། འཁོར་ལོ་སོགས་གོར་གོར་རམ་དེ་དང་ཆ་མཚུངས་པའི་རྣམ་པར་གནས་པ་ནི་བཟང་བོར་རྩི་བ་འདི་དག་ལ་གཞིགས་ན་ཆོས་ལུགས་ཀྱི་ནང་བསམ་བློའི་འདུ་ཤེས་དེ་ཕྱི་རང་བྱུང་ཁམས་ཀྱི་དངོས་པོ་དང་སྦྱར་ཏེ་སྒྱུ་རྩལ་གྱི་ལམ་ནས་དམངས་ཁྲོད་དུ་བརྒྱུད་སྒྲོག་དང་བརྒྱུད་སྤེལ་བྱས་ཤིང་། མི་རྣམས་ཀྱི་སེམས་ནང་ལ་ཟུག་སྟེ་ད་ལྟའི་བར་དུ་ཤུགས་རྐྱེན་ཐེབས་ཡོད། དེ་བས་གཅན་ཚའི་གོར་སྐྱ་ལའང་ཁྱད་ཆོས་དེ་མངའ་བ་སྨོས་ཅི། སྤྱིར་བཏང་གི་གོར་སྐྱའི་དབྱིབས་སྒོར་མོ་ཅན་ནི་ལོ་གསར་དུས་ཆེན་དང་། རྟགས་དང་རྟེན་འབྲེལ། སྐྱིད་སྡུག་གང་གི་སྐབས་སུའང་བཀོལ་སྤྱོད་བྱེད་པ་ཧ་ཅང་ཁྱབ་ཆེ་ལ་ཆེ་ཆུང་ཡང་སྣ་ཚོགས་སུ་ཡོད་པ་ནི། སྤྱིར་བཏང་གི་གོར་སྐྱའི་ཚངས་ཐིག་ལ་ལིས་རྨིད༣༣ཡས་མས་དང་། མཐུག་ཚད་ལ་ལིས་རྨིད༡༠ཡས་མས་ཡོད་ལ། གྲོ་ཕྱེ་རྒྱ་མ༡༠ཡས་མས་བཅས་བཀོལ་བ་ཡིན་ཞེས་བཤད་ཡོད། གང་ལྟར་ཚད་གཞི་འདི་ནི་ཕལ་ཆེར་མི་ཀུན་གྱིས་ཚད་ལྡན་དུ་རྩི་བཞིན་ཡོད། ལོ་སར་གྱི་སྐབས་འདིར་མདོ་སྨད་གཅན་ཚའི་ཡུལ་ལ་མཚོན་ན། ལོ་སར་ནི་ལོ་གཅིག་ནང་གི་དུས་ཚིགས་གལ་ཆེན་ཞིག་ཡིན། ལོ་གསར་གཏོང་བའི་སྐབས་འདིར་ནང་མི་ཕན་ཚུན་ལ་ལྟ་རུ་འགྲོ་སྐབས་ལེགས་སྐྱེས་སུ་གོར་སྐྱ་འཁྱེར་བའི་སྲོལ་ནི་ཚང་མ་གཅིག་མཐུན་ཡིན། དེའི་རྒྱུ་མཚན་ནི་ལོ་རྙིང་པ་ཕར་ལ་བསྐྱལ་ཞིང་། ལོ་གསར་པ་ཚུར་ལ་བསུ་བའི་ནང་དུ་ཅི་བསམ་ལྷུན་གྱིས་འགྲུབ་པའི་རྟེན་འབྲེལ་གྱི་ཕྱིར་དུ་ལེགས་སྐྱེས་སུ་འཁྱེར་བཞིན་ཡོད། གཞན་ཡང་བོད་མིའི་ཁ་དཔེར། སྐྱིད་ལ་འབོད་དགོས། སྡུག་ལ་འགྲོ་དགོས་ཞེས་པ་ལྟར་ཤི་གཤིན་ལ་སྡུག་འདྲིར་འགྲོ་སྐབས་མི་རེ་ནས་གོར་སྐྱ་ཧྲིལ་པོ་གཅིག་དང་ཇ་བག་གཅིག་རེ་མ་མཐའ་ཡང་འཁྱེར་དགོས་པ་དང་། ཤི་བོ་ཚང་གིས་བླ་མ་དང་གྲྭ་པ་ཞུས་ནས་བདུན་བཙུགས་ན་གོ་རེ་ངེས་པར་དབུལ་དགོས། སྨྱུང་གནས་བསྲུངས་ནས་གྲོལ་ཁར་གོ་རེ་ཡིས་འགྱེད་རྒྱག་དགོས་པ་ དང་། མནའ་མ་དང་མག་པ་བསུས་ནས་སྟོན་མོའི་གཉེན་སྟོན་གྱི་སྡེར་ཁ་བསྒྲིགས་པ་སོགས་ལ་གོར་སྐྱ་སྒོར་དབྱིབས་མ་འདི་བཀོལ་བཞིན་ཡོད། དེ་བས་གོར་སྐྱ་སྒོར་དབྱིབས་མ་ནི་མི་ལ་ན་ཚ་མེད་པ་དང་། ཕྱུགས་ལ་གོད་ཁ་མེད་པ། བགེགས་བར་ཆད་མི་འབྱུང་བ། བསམ་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པའི་རྟེན་འབྲེལ་མཚོན་བྱེད་དེ་བཀྲ་ཤིས་ཀྱི་མཚོན་རྟགས་ཤིག་ཡིན།
གཉིས། གཅན་ཚའི་གོར་སྐྱ་ནུ་གཉིས་མའི་མཚོན་དོན་བཤད་པ།
རིན་ཆེན་འདྲ་ན་ནོར་ཆེ་བར་འགྱུར། །སླ་ང་ཁ་སྦུབ་འདྲ་ན་ཁ་གཤིམ། །གྲུ་བཞི་བྱུང་ན་དར་ཞིང་རྒྱས། །རུས་སྦལ་འདྲ་ན་མི་རྣམས་ཚེ་རིང་། །ཟླུམ་པོ་བྱུང་ན་མི་སྒབ་འཕེལ། །ཟླ་གམ་དུ་བྱུང་ན་བུད་མེད་བཟང་། །ཞེས་པ་ལས་གོ་རེ་ནུ་མ་གཉིས་ཅན་དང་ཟླ་གམ་གཉིས་ཀྱི་དབྱིབས་མཚུངས་བས་ནུ་གཉིས་མ་བུད་མེད་ལ་བྱིན་ན་མི་རྒྱུད་འཕེལ་བའི་ཞིང་ས་གཤིན་པོ་ལྟ་བུ་ཡིན་པའི་རྟེན་འབྲེལ་ཡོད་པ་ཤུགས་ནས་མཚོན་ཐུབ། གཞན་ཡང་དམངས་ཁྲོད་ཀྱི་བཤད་རྒྱུན་དུ་གོ་རེ་ནུ་གཉིས་མ་ནི་ཟླ་བའི་མཚོན་བྱེད་དུའང་འཇོག་གིན་ཡོད། གང་ལྟར་ཀྱང་གོར་སྐྱའི་དབྱིབས་ནུ་གཉིས་མའམ་དབྱིབས་སྦྲུམ་མ་ཅན་ལ་གཅན་ཚའི་དུས་རྒྱུན་གྱི་འཚོ་བའི་ཁྲོད་དུ་ཁ་རྟེའུ་ཞེས་འབོད་ལ། གནས་ཡུལ་འགྲིམས་ནས་ལོ་གཅིག་མ་གཏོགས་འགོར་མེད་པའི་བུ་མོ་ལོ་གསར་ལ་རང་ཡུལ་དུ་ལོག་ནས་ཕྱིར་གནས་ཚང་ལ་འགྲོ་བའི་སྐབས། གོར་སྐྱ་ནུ་གཉིས་མ་གསུམ་ནས་ལྔ་སླེ་བོའི་ནང་དུ་ཁུར་ནས་འགྲོ་བའི་སྲོལ་ཡོད་པ་རེད། དེའི་རྒྱུ་མཚན་ནི་སྤྱིར་བཏང་བོད་ཀྱི་གཟའ་སྐར་འཕྲོད་སྦྱོར་དུ་ཆ་དང་ཡ་གཉིས་ལས་ཡ་གྲངས་བཟང་པོར་བརྩི་ཞིང་། ལྷག་པར་དུ་བོད་ཀྱིས་གྲངས་ཀ་གསུམ་ནི་གཅིག་ནས་བཅུའི་བར་གྱི་གྲངས་ལས་མཆོག་ཏུ་གྱུར་པ་ཞིག་ལ་རྩི། རིགས་གསུམ་མགོན་པོའམ་དཀོན་མཆོག་གསུམ་པོ་ནི་ཤིན་ཏུ་དགའ་པོ་བྱེད་པའི་གྲངས་ཀ་ཞིག་ཡིན་ཏེ། རྩ་གསུམ་བླ་མ་སོགས་བརྩི་སྲོལ་མང་། གྲངས་ཀ་ལྔ་ཡང་རྒྱལ་བ་རིགས་ལྔའི་མཚོན་བྱེད་ཡིན་པར་བཤད་མཁན་ཡོད་དེ། ལ་ལས་བུ་དང་བུ་མོས་གོ་ཁ་གང་བའི་རྟེན་འབྲེལ་ཡིན་ཟེར། གང་ལྟར་ཡང་དེ་ལྟར་འཁྱེར་བ་ནི་བཀྲ་ཤིས་པའི་མཚོན་བྱེད་དེ། དེར་ཆེ་ཆུང་ལ་གཏན་འཁེལ་མེད་པ་དང་སྤྱིར་བཏང་དུ་རྒྱུན་གཏན་གྱི་གོར་སྐྱ་རྔ་དབྱིབས་མ་ལས་ཅུང་ཆུང་བ་ཡིན། གོར་སྐྱ་ནུ་གཉིས་མ་ལ་མཐའ་གཉིས་སུ་ནུ་མ་གཉིས་ཡོད་པ་ནི་བུད་མེད་ཀྱི་མཚོན་རྟགས་ཡིན་ཟེར་བ་དང་། གོར་སྐྱ་ནུ་གཉིས་མ་ནི་བྱིས་པ་ཞིག་གི་ལུས་ཀྱི་ཚུགས་ཀ་མཚོན་བྱེད་ཡིན་ཡང་ཟེར། དེའི་རྒྱུ་མཚན་ནི་ཁ་རྟེའུ་དེ་ལ་སྣེ་གཉིས་སུ་ནུ་མ་གཉིས་ཡོད་པའི་གཅིག་ནི་མགོ་ཡི་མཚོན་བྱེད་དང་། གཅིག་ནི་རྐང་པའི་མཚོན་བྱེད་ཡིན། བར་གྱི་གོར་གོར་ནི་གསུས་པའི་མཚོན་བྱེད་ཡིན། དེ་ལྟར་ཁ་རྟེའུ་ལ་བྱིས་པ་བདེ་བླག་ངང་བཙའ་བའི་རྟེན་འབྲེལ་མཚོན་བྱེད་ཀྱང་ཡོད་པས་དབྱིབས་སྦྲུམ་མ་ཅན་ཟེར་མཁན་ཡང་ཡོད་པ་དང་། གཞན་ཡང་ནུ་མ་གཉིས་ནི་བུ་མོའི་ཡུལ་དང་གནས་ཡུལ་གཉིས་ཀྱི་མཚོན་བྱེད་དེ་བུ་མོར་མངལ་སྦྲུམ་པ་ནི་སྐྱིད་དང་གཡང་གི་གསུས་པ་རྒྱས་ཏེ་ཁྱིམ་གཉིས་ཀྱི་བསམ་དོན་གྲུབ་པ་དང་འབྲེལ་ལམ་གཉེན་གྱིས་སྦྲེལ་བའི་ནང་དོན་ལྡན་པར་བཤད་མོད། ཞིབ་ཏུ་བརྟགས་ན་བཤད་ཚུལ་ཐམས་ཅད་འགལ་བ་མེད་སྙམ།
གསུམ། གཅན་ཚའི་གོར་སྐྱ་ནུ་གཅིག་མའི་མཚོན་དོན་བཤད་པ།
འགྲོ་བ་མིའི་རིགས་འཇིག་རྟེན་འདིར་འཚོ་སྡོད་བྱེད་དགོས་ན་བཟའ་ཆས་ཐོན་སྐྱེད་དང་མི་རྒྱུད་སྤེལ་རྒྱུ་གཉིས་ནི་ཧ་ཅང་གལ་ཆེན་ཡིན་པ་མིའི་རིགས་རིག་པའི་མཁས་དབང་ཧ་ལི་སིས། དངོས་གཙོ་རིང་ལུགས་ཀྱི་རིག་གནས་གཞུང་ལུགས་སུ་གསུང་རྒྱུར། སྤྱི་ཚོགས་ལ་དབྱེ་ན་རྨང་གཞིའི་སྒྲིག་གཞི་དང་སྒྲིག་གཞི། སྟེང་གི་བཀོད་པ་བཅས་གསུམ་ཡོད[2]ཅེས་དང་། རྨང་གཞིའི་སྒྲིག་གཞི་དེ་ཐོན་སྐྱེད་བྱེད་ལུགས་དང་མི་གྲངས་ཡང་བསྐྱར་ཐོན་སྐྱེད་བྱེད་ལུགས་གཉིས་ལ་འགྲེལ་ཡོད་པས། ཁ་ཟས་དང་མི་རྒྱུད་སྤེལ་རྒྱུ་དེ་གཉིས་མིའི་འཚོ་བའི་ནང་དུ་མེད་དུ་མི་རུང་བར་བསྟན་ཡོད། དེ་བཞིན་དུ་མི་རྒྱུད་སྤེལ་སྟངས་ཀྱི་གོ་རིམ་ཁྲོད་དུ་མི་རིགས་མང་པོར་ཕོ་མོའི་མཚན་མ་ལ་དད་གུས་བྱེད་པའི་རིག་གནས་ཀྱང་མང་པོ་ཞིག་བྱུང་ཡོད། བོད་ལ་མཚོན་ནའང་ཕོ་མོའི་མཚན་མ་ལ་གུས་བཀུར་བྱེད་པ་དེ་འཚོ་བའི་ཁྲོད་དུ་ཅུང་ཙམ་གབ་པའམ་སྦས་པ། ཡང་ན་གོ་གནས་དེ་འདྲ་མཐོན་པོ་ཞིག་ལ་མི་རྩི་བ་མ་གཏོགས་གཏན་ནས་མེད་པ་ཞིག་མིན། ང་ཚོའི་འཚོ་བའི་ཁྲོད་དུ་ཕོ་མོའི་བྱ་བྱེད་སོགས་ཀྱི་དཔེར་འཇོག་ཧ་ཅང་མང་པོ་ཡོད། ཡིན་ནའང་ཆོས་ལུགས་ཀྱི་ནང་དུ། འཇིག་རྟེན་འཁོར་བ་ནི་སྡུག་བསྔལ་གྱི་རྒྱ་མཚོ་ཡིན་པ་བརྗོད་དེ། དེར་ངེས་འབྱུང་སྐྱེས་ནས་ཐར་པ་ཐོབ་འདོད་ཀྱི་བསམ་བློ་སྐྱེས་ཏེ། ཟང་ཟིང་གི་འཚོ་བ་ལས་ཐར་འདོད་ཀྱི་མཛེས་དཔྱོད་ལྟ་བ་ཞིག་ཆགས་ཡོད་པས། ཕོ་མོའི་བརྩེ་བ་དེར་དེ་འདྲའི་མངོན་སུམ་གྱི་དུང་བ་ཆེར་མི་བྱེད། འོན་ཀྱང་ཆོས་ལུགས་ཀྱི་ཤུགས་རྐྱེན་ལས་ཁྱིམ་པའི་ནང་དུ་ཅུང་ཙམ་གབ་པ་ལྟར་བྱས་པ་མ་གཏོགས། ཕོ་མོའི་མཚན་མ་ལ་དོ་སྣང་གཏན་ནས་མི་བྱེད་པ་ཞིག་མ་ཡིན་ཏེ། འཇིག་རྟེན་འཁོར་བ་སྐྱོང་མཁན་ཞིག་ཡིན་ཚེ། ཕོ་མོ་གཉིས་མེད་ན་མི་རྒྱུད་སྤེལ་མི་ཐུབ་པས་ཕོ་མོའི་མཚན་མའི་ཁྱད་པར་དང་བྱ་བྱེད། སྐད་གདངས་སོགས་རང་བྱུང་ཁམས་ཀྱི་དངོས་པོར་དཔེ་བླངས་ནས་བརྗོད་པ་ཤིན་ཏུ་མང་པོས། ཕོ་མོའི་མཚན་མ་དེ་ཧ་ཅང་གལ་ཆེ་བ་ཤུགས་ཆེར་བརྒྱུད་བསྒྲགས་བྱས་ཡོད། ཐ་ན་དགོན་པ་རེ་ཟུང་གི་ལྷ་ཁང་མདུན་རྒྱབ་དང་གཡས་གཡོན་གང་རུང་དུ་ཕོ་མོའི་མཚན་མ་བཞག་ཡོད་དེ། དེ་ནི་ས་དགྲ་གནོན་བྱེད་དུ་ཡིན་པར་བཤད་མོད། མི་རྒྱུད་མང་དུ་འཕེལ་ནས་གྲྭ་རྒྱུན་མི་ཆད་པའི་རྟེན་འབྲེལ་ཡང་ཡིན་ཤས་ཆེ། ཕོ་མཚན་བསྒྲེང་བ་འདྲ་ན་ཕོ། །དེར་བཏབ་བུ་མང་འཁོར་རྩིབས་བརྒྱད། །ཕོ་ཡིན་དབང་ཆེ་མདའ་མདུང་དང་། །རལ་གྲི་ཕོ་དེ་དེར་བཏབ་ན། །དཔའ་རྩལ་ཆེ་བ་ལ་འཇམ་པ་ལ། །ཞེས་དང་། དམངས་ཀྱི་ཕོ་རི་རྩེ་མོ་ཟླུམ། །སྐེད་པ་སྦོམ་ལ་རྩུབ་ན་བཟང་། །[3]ཞེས་དང་། ཡང་དེ་ཉིད་ལས། བྲག་གི་ཕོ་མོ་ཟུར་ཡོད་མེད། །ས་ཡི་ཕོ་མོ་འབུར་གཤོང་དང་། །ཆུ་ཡི་ཕོ་མོ་སྐད་ཀྱིས་ཤེས། །ཤིང་གི་ཕོ་མོ་འབྲས་བུས་དཔྱད། །[4]ཅེས་འབྱུང་སྟེ། རང་བྱུང་ཁམས་ཀྱི་ས་དབྱིབས་ལ་དཔེ་བལྟས་ནས་ཕོ་ཞིག་སྐྱེས་དགོས་ཚེ་ཕོ་མཚན་དང་འདྲ་བའི་ས་དབྱིབས་དེའི་ཐོག་ཏུ་ཁྱིམ་གཞི་སོགས་བཏབ་ན་བུ་མང་དུ་སྐྱེས་པ་དང་། ཡང་ན་གནས་དེར་མདའ་མདུང་གྲི་གསུམ་གྱི་སྐྱེས་བུའི་མཚོན་ཆ་གདབ་ན་སྟག་ཤ་རའི་དབང་ཐང་རྒྱས་པ་དང་། གཞན་ཡང་སྐྱེས་པ་ཕོ་ནི་ལུས་ཕུང་སོགས་སྐྱེས་མ་མོ་ལས་སྦོམ་པའམ་རྩུབ་པོ་ཡིན་པ། ཕོ་རྟགས་ནི་འབུར་ཁ་ལས་གཤོང་བ་མིན་པ་སོགས་ཀྱི་ཁྱད་ཆོས་ཡོད་པ་བརྗོད་ནས་དོན་ལ་མཚན་མར་དད་པ་བྱེད་ཀྱིན་ཡོད་པ་ཤེས་ཐུབ། དེར་བརྟེན། གོར་སྐྱའི་དབྱིབས་ནུ་གཅིག་མ་ནི་ལོ་གསར་གྱི་སྐབས་འདིར། བུ་མོ་གནས་ཡུལ་འགྲིམས་ནས་བཙས་པའི་ཕྲུ་གུ་དེ་དང་མཉམ་དུ་རང་གི་ཡུལ་ལ་ལོག་སྐབས། ཡུལ་མིས་ཆེད་དུ་བུ་མོས་བཙས་པའི་ཕྲུ་གུ་ཕོ་ལ་གོར་སྐྱ་ནུ་མ་གཅིག་ཅན་བསྲེགས་ནས་སྟེར་བའི་སྲོལ་ཡོད། དེའི་རྒྱུ་མཚན་ནི་གནའ་སྔ་མོར་སྐྱེས་པ་རྣམས་ཀྱིས་སྤྱི་ཚོགས་ཐོག་ཏུ་འཐབ་འཁྲུག་སོགས་རྒྱག་པར་གོ་གནས་གལ་ཆེན་པོ་ཟིན་ཡོད། གལ་ཏེ་སྐྱེས་པ་མེད་ན། ཁྱིམ་རྒྱུད་གཞན་གྱི་ལག་ཏུ་ཤོར་ཉེན་ཆེ་བས། ཕོ་ཞིག་སྐྱེ་རྒྱུ་ནི་ནམ་ཡང་སེམས་ཀྱི་འདོད་མོས་དང་རེ་སྒུག་ཡིན་པས་ཕོ་ཞིག་སྐྱེས་པའི་རྟེན་འབྲེལ་མཚོན་བྱེད་དུའམ་ཡང་ན་རང་ཉིད་ནི་བྱིས་པ་ཕོ་ཞིག་ཡིན་པ་མཚོན་ཆེད་དུ་ཕོ་ཡི་རྟགས་མཚན་གྱི་ཚུགས་ཀ་ལྟར་བཟོས་པར་བཤད་པ་དང་། དེར་ཆེ་ཆུང་ལ་གཏན་འཁེལ་མེད་ན་ཡང་བྱིས་པ་བུ་མོར་བསྲེགས་པའི་གོ་རེ་སྣ་གཅུ་མ་ལས་གྲོ་ཕྱེ་སོགས་བཀོལ་བ་མང་བས་ཕོ་ཞིག་བཙའ་རྒྱུའི་རེ་ལྟོས་དེ་མོ་ཞིག་སྐྱེས་རྒྱུ་ལས་རེ་བ་ཤིན་ཏུ་ཆེན་པོ་བཅངས་ཡོད་པའང་ཤེས་ཐུབ། གོར་སྐྱའི་ནུ་མ་གཅིག་ཅན་གྱི་ཚུགས་ཀ་ནི་ཁུག་མའི་དབྱིབས་ལྟར་དུ་ཡོད་པས་གནའ་སྔ་མོར་ཕོ་མོའི་ལས་བགོས་ཀྱི་དབང་གིས་སྐྱེས་མ་རྣམས་ནི་ཁྱིམ་དུ་བསྡད་ནས་ཁྱིམ་གྱི་ལས་ཀ་གཉེར་བ་དང་། སྐྱེས་པ་རྣམས་ནི་སྒོ་ཕྱི་རུ་སོང་ནས་རྒྱུ་ནོར་བཙལ་ཏེ་ཁྱིམ་གྱི་འཚོ་བ་བཀོད་སྒྲིག་བྱེད་མཁན་ཡིན་པས་ཁུག་མའི་ནང་དུ་རྒྱུ་འབྱོར་བ་འཕེལ་བའི་མཚོན་རྟགས་ལ་ཁུག་མའི་དབྱིབས་ལྟར་དུ་བསྲེགས་པ་དང་། གཞན་ཡང་གོར་སྐྱའི་དབྱིབས་ནུ་མ་གཅིག་ཅན་ནི་དངུལ་སྒོར་ལྔ་བཅུ་མའི་དབྱིབས་ལྟར་བཟོས་ནས་སྐྱེས་པ་རྣམས་རྒྱུ་འབྱོར་པ་འཕེལ་བའི་རྟེན་འབྲེལ་མཚོན་བྱེད་དུ་བསྲེགས་པར་ཡང་བཤད་པས། གནའ་མི་བོད་ཀྱི་གཏམ་དཔེར། སྟག་ཤར་བ་ཇག་ལ་འགྲོ་ནི་ཚོ། །ཇག་ཕར་འགྲོ་སླ་ཡང་ཚུར་ཡོང་དཀའ། །ཇག་ཚུར་ཡོང་སྔུན་ལ་ནོམ་ཞིག་དགོས། །ཞེས་པ་ལས་ཀྱང་སྐྱེས་པ་རྣམས་ནི་རྒྱུ་ནོར་འཚོལ་མཁན་ཡིན་པའི་རྐྱེན་གྱིས། འབྱོར་བ་འཕེལ་བའི་རྟེན་འབྲེལ་ཡོད་པ་སོགས་མདོར་ན་གོར་སྐྱ་ནུ་གཅིག་མ་ནི་ཕོ་ཡི་མཚོན་རྟགས་རེད་སྙམ།
བཞི། གཅན་ཚའི་གོར་སྐྱ་སྣ་གཅུ་མའི་མཚོན་དོན་བཤད་པ།
གོ་རེ་སྣ་གཅུ་མ་ནི་ཨ་ལོང་གི་དབྱིབས་ལྟར་དཀྱིལ་ན་བུ་ག་བཏོད་པ་ཞིག་ཡིན། རྒྱུད་རིང་གཡེམ་པ་མོ་ཡིན་ཏེ། །དེ་ཡི་ལྟོ་བ་དག་ལ་གདབ། །ལྟེ་ཁུང་འདྲ་མོ་དར་བཏབ་ན། །མོ་མང་མཚོ་གཡེང་འདྲ་ཡང་མོ། །[5]ཞེས་དང་། མོ་རི་རྩེ་མོ་ཕྲ་ལ་གུས། །འཇམ་ཞིང་ཆུ་རྒྱུན་འབབ་པ་དགོས། །[6]ཞེས་དང་། ཡང་དེ་ཉིད་ལས། བྲག་གི་ཕོ་མོ་ཟུར་ཡོད་མེད། །ས་ཡི་ཕོ་མོ་འབུར་གཤོང་དང་། །ཆུ་ཡི་ཕོ་མོ་སྐད་ཀྱིས་ཤེས། །ཤིང་གི་ཕོ་མོ་འབྲས་བུས་དཔྱད། །[7]ཅེས་འབྱུང་སྟེ། བུད་མེད་ནི་ངང་རྒྱུད་རིང་ཞིང་འཁྲིག་སྦྱོར་བྱེད་སའི་ཡུལ་ཡིན་པས་ས་དབྱིབས་མིའི་ལྟོ་བ་དང་ལྟེ་ཁུང་འདྲ་བར་ཁྱིམ་གཞི་གདབ་ན་བུ་མོ་མང་དུ་སྐྱེས་པ་དང་། གཞན་ཡང་བུད་མེད་ནི་ཕོ་ལས་ལུས་བོངས་ཕྲ་ཞིང་འཇམ་པོ་ཡིན་པ། ཕོ་རི་ཟུར་ཡོད་ལ་མོ་རི་ཟུར་མེད་པ། ཕོ་རི་འབུར་ཡོད་ལ་མོ་རི་གཤོང་བ་ཡིན་པའི་རང་བྱུང་ཁམས་ཀྱི་ས་དབྱིབས་དེ་མིའི་མཚན་མ་དང་མཚུངས་པའི་ཁྱད་ཆོས་བརྗོད་ནས་མོ་ཡི་མཚན་མ་ལ་དད་པ་བྱེད་ཀྱིན་ཡོད་པ་ཤུགས་ནས་མཚོན་ཐུབ། གཞན་ཡང་གོར་སྐྱ་སྣ་གཅུ་མ་ཞེས་པའི་མིང་ནི་གཡག་དང་མཛོ་ལ་སོགས་པའི་སྣ་ནང་དུ་ཤིང་མཉེན་མོས་ཕིགས་ནས་ཁ་ལོ་བསྒྱུར་བར་སྟབས་བདེ་བཟོ་བྱེད་ཀྱི་སྣ་གཅུ་ཡི་དབྱིབས་ལྟར་བཟོས་ཡོད་པས་དེ་ལྟར་བཏགས་པ་རེད། རྒྱུ་མཚན་ནི་མཛོ་གཡག་སྣ་གཅུ་ལ་དྲངས་ན་ཁ་ལོ་བསྒྱུར་བདེ་བ་བཞིན་བྱིས་པ་བུ་མོ་ཞིག་ཡིན་ན་དེར་སྣ་གཅུའི་དབྱིབས་ཀྱི་གོ་རེ་བྱིན་ཏེ་མ་འོངས་པ་ན་བྱིས་པ་མོ་དེས་རང་གི་ཁྱོ་ག་དང་བཅས་པའི་ཁྱིམ་མིའི་སེམས་པ་ཡོངས་སུ་བཀུགས་ནས་ཁྱིམ་གཞི་འཕེལ་བའི་རྟགས་དང་རྟེན་འབྲེལ་དུ་བསྒྲིགས་པར་བཤད། གཞན་ཡང་དེའི་མཚོན་དོན་ནི་བུ་མོ་རྣམས་མཛེས་པའི་ཆེད་དུ་ཆུང་དུས་ནས་རྣ་ནང་དུ་རྣ་རྒྱན་གོར་གོར་བཏགས་ནས་སྒེག་ཉམས་བཏོད་རྒྱུར་དགའ་བས་དེ་ལ་ལད་མོ་བྱས་ནས་བཟོས་པ་སོགས་བརྗོད་དེ་མདོར་ན་གོར་སྐྱ་སྣ་གཅུ་མ་ནི་བུད་མེད་ཀྱི་མཚོན་རྟགས་ཡིན་པར་བཤད།
ལྔ། གཅན་ཚའི་གོར་སྐྱ་དགའ་འཁྱིལ་མའི་མཚོན་དོན་བཤད་པ།
འཆམ་སྟེགས་པ་སོགས་ཆོས་ལུགས་ཆོ་གའི་ཁྲོད་དུ། གྲྭ་པའམ་སྔགས་པ་དང་། མང་ཚོགས་རྣམས་ནོར་བུ་དགའ་འཁྱིལ་གྱི་རྣམ་པས་དྲང་མོ་མིན་པར་གཡས་སུ་འཁྱིལ་ནས་ལྷ་ཁང་དང་གཙུག་ལག་ཁང་སོགས་ལ་བསྐོར་བ་བྱེད་དེ། དེ་ལ་ལད་མོ་བྱས་ཏེ་གོར་སྐྱའི་དབྱིབས་དགའ་འཁྱིལ་ཅན་ནི་ཕྱེ་སྐྱུར་དེ་དང་ཐོག་སྣེ་མོ་གཉིས་ནས་བཟུང་སྟེ་ཡར་མར་ལ་ཅུང་རིང་པོར་འཐེན་པའི་རྗེས་སུ། རིམ་བཞིན་སྦྲུལ་འཁྱིལ་བའི་དབྱིབས་ལྟར་གོར་གོར་བཅོས་ཏེ་སྟེང་ནས་མར་མནན་ནས་ཅུང་ཙམ་མཉམ་པོར་བྱས་རྗེས་བསྲེགས་པ་ཞིག་རེད།
དྲུག གཅན་ཚའི་གོར་སྐྱ་ནོར་སྤུངས་མའི་མཚོན་དོན་བཤད་པ།
གོར་སྐྱའི་དབྱིབས་ནོར་བུ་སྤུངས་པ་ཅན་ནི་དང་ཐོག་ཕྱེ་སྐྱུར་གོར་གོར་བཅོས་པའི་ཐོག་ཏུ་སླར་ཡང་ཕྱེ་སྐྱུར་དུམ་བུ་མང་པོ་འབྱར་དུ་བཅུག་ནས་དབྱིབས་ནི་སྣོད་དུ་ནོར་བུ་མང་པོ་སྤུངས་པའི་ཚུལ་དུ་གོ་རེའི་ཐོག་ཏུའང་ཕྱེ་སྐྱུར་མང་དུ་བཞག་ནས་ནོར་བུ་སྤུངས་པའི་རྟེན་འབྲེལ་གྱི་ཚུལ་དུ་བསྲེགས་པ་ཡོད། མདུན་རི་བཟང་དཔྱད་འདི་ལྟར་སྟེ། །རིན་ཆེན་སྤུངས་པ་འདྲ་བ་དང་། །གྲོད་པུ་མར་གྱིས་བཀང་བ་དང་། །ཤ་སྒྲོ་ནས་ཀྱིས་བཀང་འདྲ་དང་། །བུམ་ལྟོ་ལུས་ཕྲའི་ནུ་འབུར་འདྲ། །སྦྲུམ་མའི་ལྟོ་དང་གདུགས་དབྱིབས་འདྲ། །རྩི་ཤིང་ནགས་ཚལ་མང་བ་དང་། །ལུག་ཁྱུ་ཉལ་འདྲ་མང་ཡོད་ན། །ཕྱུག་པོའི་བླ་རི་ཡིན་པས་བཟང་། །ཞེས་པ་སོགས་ལས་ནོར་བུ་སྤུངས་པ་ཅན་གྱི་གོ་རེའི་གཟུགས་དབྱིབས་དེས་ཁྱིམ་ཚང་དེར་རྒྱུ་དང་འབྱོར་བ་ཕུན་སུམ་ཚོགས་པར་འཕེལ་བའི་སྨོན་འདུན་མཚོན་ཡོད།
བདུན། གཅན་ཚའི་གོར་སྐྱ་མེ་ཏོག་བཞད་མའི་མཚོན་དོན་བཤད་པ།
མེ་ཏོག་ནི་ལྷ་ཡི་མདུན་དུ་བཤམས་ནས་མཆོད་པ་འབུལ་བའི་མཆོད་རྫས་གལ་ཆེན་ཞིག་ཡིན་ཞིང་། དེ་ནི་དྲི་མ་ཞིམ་ཞིང་མིག་ལ་མཛེས་པས་ལྷ་མི་སོགས་སེམས་ཅན་མང་པོའི་སེམས་ཁམས་ཧ་ཅང་དྭངས་པར་བྱེད། སྤྱིར་ན་ཁོར་ཡུག་གི་དབང་གིས་རྒྱ་གར་དུ་ཚ་བ་ཧ་ཅང་ཆེ་བས་མེ་ཏོག་གི་མཆོད་པ་འབུལ་རྒྱུ་མོད་པ་ དང་། བོད་དུ་ས་བབ་མཐོ་ལ་ཆུ་ཁུངས་མོད་ཅིང་ཤིན་ཏུ་གཙང་བས་ཆུ་ཡི་མཆོད་པ་འབུལ་བར་མ་ཟད། མེ་ཏོག་གི་མཆོད་པའང་འབུལ། དེར་བརྟེན། གོར་སྐྱའི་དབྱིབས་མེ་ཏོག་བཞད་མ་ཅན་བསྲེགས་ནས་མེ་ཏོག་གི་ཚབ་ཏུ་མཆོད་འབུལ་བྱེད་ལ་དེ་ནི་ཕྱེ་སྐྱུར་སྲབ་མོ་གསུམ་ཆེ་ཆུང་བགོས་ནས་གོར་གོར་བཅོས་ཏེ་རིམ་བཞིན་གཅིག་ཐོག་གཅིག་བརྩེགས་སུ་ཞབས་ཆེ་བ་དང་སྟེང་ཆུང་བར་བསྒྲིགས་ཤིང་། མཐའ་རེ་རེར་མེ་ཏོག་གི་འདབ་མའི་རི་མོ་བཏོད་དེ་དབྱིབས་ནི་མེ་ཏོག་བཞད་པའི་ཚུལ་དུ་ཡོད་པ་དེ་ཡིན།
མཇུག་བསྡུ་བ།
རིག་གནས་ནི་མིའི་རིགས་ཀྱིས་གསར་གཏོད་བྱས་པ་ཡིན་ལ། དེ་དང་མཉམ་དུ་རིག་གནས་ཀྱིས་མི་གཤིས་བཙོ་སྦྱང་དང་གསར་བཟོ་ཡང་བྱེད་ཐུབ་ཅེས་པ་ལྟར་མི་རྣམས་ཀྱིས་རིག་གནས་གསར་གཏོད་བྱེད་པའི་གོ་རིམ་གྱི་ཁྲོད་དུ། ཁོར་ཡུག་གི་ཆ་རྐྱེན་དང་། འཚོ་བའི་རོལ་སྟངས། དེའི་ཐབས་ཤེས་མི་འདྲ་བའི་དབང་གིས་རིག་གནས་ཀྱང་འདྲ་པོ་མེད་དེ། ཕྱི་དངོས་པོའི་ཁྱད་པར་དང་། ནང་བསམ་པའི་ཁྱད་པར་གཉིས་ལ་བརྟེན་ནས་ཐུན་མོང་མ་ཡིན་པའི་དངོས་པོ་ཐོན་སྐྱེད་བྱེད་སྟངས་དང་། བྱ་སྤྱོད་ཀྱི་ཚད་གཞི། སྤྱི་ཚོགས་ཀྱི་རྩ་འཛུགས། འཚོ་བའི་གོམས་སྲོལ། སྐད་ཆ་དང་བསམ་བློ་གཏོང་སྟངས། རིན་ཐང་ལྟ་ཚུལ་སོགས་རེ་རེ་བཞིན་གྲུབ་དང་འགྲུབ་བཞིན་ཡོད་པ་རེད། ནང་ཆོས་ལ་དད་པའི་གོ་རིམ་གྱི་ཁྲོད་ནས་ནང་སེམས་ཀྱི་བསམ་བློའི་འགྱུར་བ་དེ་ཕྱིའི་དངོས་པོ་རི་ར་བ་ཁང་ཁྱིམ་སོགས་བར་གསེང་གང་དུའང་སྒྱུ་རྩལ་གྱི་ལམ་ནས་བརྒྱུད་བསྒྲགས་བྱས་ཤིང་བྱ་དངོས་མང་པོར་ནང་ཆོས་ཀྱི་བསམ་བློའི་མཛེས་དཔྱོད་དང་རིན་ཐང་ལྟ་ཚུལ་བརྗོད་ཀྱིས་མི་ལང་བ་འདུས་ཡོད་པ་ས་གནས་ཀྱི་ཁྱད་ལྡན་ཟས་རིགས་གོར་སྐྱ་བཟོ་སྟངས་གཅིག་པུའི་སྟེང་ནས་ཀྱང་གསལ་པོར་མཐོང་ཐུབ་སྟེ། ཐ་ན་དུས་རྒྱུན་འཚོ་བའི་ཁྲོད་དངོས་ཟོག་གང་རུང་ཞིག་ཐོན་སྐྱེད་བྱས་ཀྱང་ཆོས་ལུགས་པའི་ཡོ་བྱད་དང་ཅ་ལག་མང་པོའི་གཟུགས་དབྱིབས་དང་ཀུན་ནས་མཚུངས་པར་བཅོས་ཏེ་སེམས་ཅན་ཐམས་ཅད་སྡུག་བསྔལ་དང་མི་དགེ་བའི་ལས་རྣམས་ལས་བྲལ་ནས་ཅི་བསམ་ལྷུན་གྱིས་འགྲུབ་པ་དང་བཀྲ་ཤིས་ཀྱི་མཚོན་བྱེད་དུ་རྩི་བའི་རྟེན་འབྲེལ་རང་བཞིན་གྱི་མཛེས་དཔྱོད་བསམ་བློ་ཞིག་ཀྱང་ངང་གིས་ཆགས་ཡོད། གཞན་ཡང་མི་ཤུལ་མི་ཆད་པའི་ཕྱིར་དུ་ཕོ་མོའི་མཚན་མ་ལ་བརྩི་མཐོང་བྱས་ཏེ་མི་རྒྱུད་ཀྱི་རྒྱུན་ནི་བསྐལ་བའི་བར་དུ་གནས་པར་བྱེད་པ་དང་། ཕོ་མོའི་ལས་བགོས་མི་འདྲ་བར་བརྟེན་ནས་སོ་སོའི་ལས་ཀའི་ནུས་པ་དང་སྤྱི་ཚོགས་ཀྱི་གོ་གནས་འདྲ་མིན་དུ་གནས་པའང་རང་བཞིན་གྱིས་མཚོན་ཡོད། མདོར་ན་གཅན་ཚའི་ཁོར་ཡུག་ལ་འཕྲོད་པའི་གོར་སྐྱའི་སྲེག་སྟངས་ཀྱི་ལག་རྩལ་འདི་བེད་སྤྱད་ནས་བོད་མི་རིགས་ཀྱི་ནང་ཆོས་ཀྱི་ཐུན་མོང་མ་ཡིན་པའི་བསམ་བློ་དེ། ཆོས་ལུགས་ཆོ་ག་ནས་རིམ་བཞིན་ས་གནས་རང་བཞིན་གྱི་གོམས་སྲོལ་དུ་གྲུབ་སྟེ་མང་ཚོགས་ཀྱི་ཤ་དང་རུས་པའི་གསེང་དུ་འཐིམ་པར་མ་ཟད། གཅན་ཚའི་གོར་སྐྱའི་རིག་གནས་ཀྱི་དཔྱད་ཞིབ་འདི་ལས་བོད་མིའི་རིག་གནས་ལ་འདྲིས་ཆ་གཏན་ནས་མེད་པའི་མི་རིགས་གཞན་གྱིས་ཀྱང་བོད་རིགས་ནི་ཅི་འདྲ་ཞིག་ཡིན་པ་ཧ་ལམ་ཤེས་ཐུབ་སྙམ་མོ། །
མཆན་འགྲེལ།
[1] གཡུང་དྲུང་བོན་གྱི་བཀའ་བསྟན་དཔེ་རྙིང་ཁང་གིས་ཕྱོགས་སྒྲིག་མཛད་པའི་ཀུན་མཁྱེན་ཤར་རྫ་བ་བཀྲ་ཤིས་རྒྱལ་མཚན་གྱི་གསུང་འབུམ་པོད་ཕྲེང་བཅོ་ལྔ་པ། [M] ཁྲེང་ཏུའུ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༡ལོའི་ཟླ༧པའི་པར་ཐེངས་དང་པོ། ཤོག་ངོས༡༧༥དང༡༧༦ནང་གསལ།
[2] ཞ་ཅིན་ཀྲུང་།(夏建中)མིའི་རིགས་རིག་པའི་རིག་གནས་ཀྱི་གྲུབ་མཐའ། [M] པེ་ཅིན། ཀྲུང་གོའི་མི་དམངས་སློབ་ཆེན་གྱི་དཔེ་སྐྲུན་ཁང་། ༢༠༠༣ལོའི་ཟླ༣པའི་པར་ཐེངས་དང་པོ། ཤོག་ངོས༢༥༢ནང་གསལ།
[3][4][5] བསོད་ནམས་དབང་ལྡན་གྱིས་སྒྲིག་འགྲེལ་བྱས་པའི་ས་དཔྱད་ཕྱོགས་བསྒྲིགས། [M] ལན་ཀྲོའུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༠༧ལོའི་ཟླ༨པའི་པར་ཐེངས་དང་པོ། ཤོག་ངོས༢༡༧གསལ། ཤོག་ངོས༢༢༩ནང་གསལ། ཤོག་ངོས༡༤༤དང༢༡༨ ༢༢༩བཅས་ནང་གསལ།
ཡོང་ཁུངས། ༢༠༢༣ལོའི«བོད་ལྗོངས་སྒྱུ་རྩལ་ཞིབ་འཇུག»དུས་དེབ་གཉིས་པ།
འབྲེལ་ཡོད་འོས་སྦྱོར།