ལྷ་ཕྲལ་དང་ལྷ་འདོགས་ཀྱི་ཆོ་གར་དཔྱད་པ།
རྩོམ་པ་པོ།:སྙིང་འབུམ་རྒྱལ།
ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར།
དུས་ཚོད།:2023-11-20
ཀློག་གྲངས།:
གཅིག ལྷ་ཕྲལ་བཤད་པ།
བུ་མོ་གནས་ལ་འགྲོ་ཁར་རང་ཁྱིམ་གྱི་ཡུལ་ལྷ་གཞི་བདག་དང་བྲལ་བའི་ཆོ་ག་སྤེལ་བ་ལ་ལྷ་ཕྲལ་གྱི་ཆོ་ག་སྟེ། གུ་གེ་ཚེ་རིང་རྒྱལ་པོས་བསྒྲིགས་པའི«མངའ་རིས་སྤུ་རངས་ཀྱི་འཇིག་རྟེན་རྩ་འཛུགས་རྟེན་འབྲེལ་གླུ་སྣ»ལས། “ལེགས་པའི་རིགས་བཟང་བུ་མོ་འདི། །མི་ཡི་ནང་དུ་འགྲོ་བ་ལ། །དཀར་པོ་ལྷ་རྣམས་མ་ཕྲེན་ཅིག །མགོ་ཡི་ལྷ་ལྔ་མ་ཕྲེན་ཅིག །”སོགས་དང་། “ལྷ་དང་མི་གཉིས་ད་ཕྱེད་ཅིག །ཕྱེད་ཅིག་ཕྱེད་ཅིག་ད་ཕྱེད་ཅིག །ཕོ་ལྷ་དགྲ་ལྷ་སྟན་ལ་བཞུགས། །ལྷ་ཁྱིམ་འདི་རུ་སྟན་ལ་བཞུགས། །”སོགས་ལས་ཕྲེན་ནི་འཁྲེན་ལ་གོ་སྟེ་ཞེན་ཅིང་ཆགས་པའི་དོན་ཡིན། དགག་སྒྲ་སྦྱར་བས་ཞེན་ཆགས་སྤང་ནས་གནས་ལ་སོང་ཟེར་བའི་དོན་ཡིན། བུ་མོ་གནས་ལ་འགྲོ་བར་རང་གི་ལྷ་དང་བྲལ་བའི་ཆོ་ག་སྤེལ་བ་ནི་གཡང་ཕྱི་ལ་མི་འཁྱར་པའི་ཆེད་དུ་སྤེལ་བའི་ལས་ཤིག་ཏུ་སེམས། «སྣ་བོན་ལེའུ་བཅུ་གསུམ»ལས། “གཡང་ཐམས་ཅད་ཚུར་ལ་ཤོག །བུ་མོ་དེ་ནི་ཕར་རྫོངས་སོ། །ཕོ་ལྷ་གཡང་ལྷ་ཚུར་ལ་ཤོག །བུ་མོ་དེ་ནི་ཕར་རྫོངས་སོ། །ནོར་ལྷ་གཡང་ལྷ་ཚུར་ལ་ཤོག །བུ་མོ་དེ་ནི་ཕར་རྫོངས་སོ། །”དོན་ལ་རང་ཁྱིམ་གྱི་གཡང་ཕྱི་ལ་འཆོར་བར་དོགས་པ་ཡིན་ཏེ། འབྲོག་པ་ཚོས་ནམ་རྒྱུན་འཚོ་བའི་ནང་རྟ་ནོར་ལུག་གསུམ་དང་ཞོ་འོ་མ་སོགས་ཕར་བརྗེ་ཚུར་བརྗེ་བྱེད་དུས་གཡང་ལེན་པའི་སྲོལ་དང་གཅིག་ཡིན། བུ་མོ་གནས་ལ་འགྲོ་དུས་གཡང་བུ་མོ་དང་འགྲོགས་ནས་འགྲོ་ཉེན་གྱི་བསམ་བློ་དེ་རྒྱུད་ན་ཡོད་པས། ལྷ་ཕྲལ་གྱི་ཆོ་ག་སྤེལ་དགོས་པའི་ཕྱིར་རོ། །
ལྷ་ཕྲལ་ལ་ལྷ་འགྲོལ་དང་ལྷ་བྲལ་སོགས་ཀྱི་འབྲི་ཚུལ་མང་པོ་ཡོད། དོན་ལ་གང་ཟག་གང་ཞིག་གི་ཕྲལ་བར་བྱེད་པ་ཡིན་པས་ན་ལྷ་ཕྲལ་ཏེ། ལྷ་བོན་གྱིས་ཕྲལ་དུ་འཇུག་པས་ན་དེ་ལྟར་བཏགས་པ་ཡིན། བུ་མོ་ལྷ་དང་འབྲལ་སྐབས་བུ་མོ་ཡར་ལངས་ནས་ལྷ་བྲལ་ལ་ཕྱག་གསུམ་འཚལ་ནས། “དངོས་གྲུབ་བཟང་པོ་ལྷ་ཡིས་གནང་། །ལྷ་ལས་འགྲོལ་བའི་སྨོན་ལམ་ཐོབ། །བར་གཅོད་ལོག་འདྲེན་ཞི་བའི་ཕྱིར། །ལྷ་བོན་བདག་ལ་ཕྱག་གསུམ་འཚོལ། །གདུང་རུས་བཟང་པོ་ཡབ་ཀྱི་བསྐྱེད། །དྲིན་ཅན་ཡབ་ལ་ཕྱག་གསུམ་འཚོལ། །སྐུ་གཟུགས་བཟང་པོ་ཡུམ་གྱིས་བསྐྱེད། །དྲིན་ཅན་ཡུམ་ལ་ཕྱག་གསུམ་འཚོལ། །”གནས་ལ་འགྲོ་ཁར་རང་གི་ཕུགས་ཀྱི་ལྷ་ལ་ཕྱག་འཚལ་ནས་གསེར་སྐྱེམས་འབུལ་བ་ཡིན། དེ་ནས་གཉའ་བོ་དང་མིང་པོ་སོགས་སྒོར་ཡོངས་ནས་མིང་པོའི་ལག་ཏུ་སྲིང་མོའི་ལྟོ་གོས་རྙིང་པ་དང་རྩི་ཕང་བཅས་དང་མདའ་གཡབ་ནས་མ་འགྲོལ་ཟེར་ཞིང་འདི་སྐད། “སྟོད་གོས་བྱ་བའི་རྙིང་པ་དང་། །རྩེ་ཀུར་བལ་འཕང་རྙིང་པ་དང། །ཡིས་འབྲང་རྒྱས་ཞལ་དཀར་དང་། །ཕྱ་མདའ་བྱ་ཡི་སྒྲོ་དཀར་དང་། །དེ་མ་ཕམ་ཁུ་ཡེ་ལ། །གཡང་དེ་མ་འགྲོལ་ཁུ་བྱིན་ཅིག །”སོགས་ལས་ལྷ་ཕྲལ་ནི་གཡང་ཕྱི་ལ་མི་འཆོར་བར་བྱེད་པའི་ཆོ་ག་ཞིག་ཏུ་ངོས་འཛིན་བྱེད་ཆོག་པ་ཤེས་ཐུབ།
གཉིས། ལྷ་འདོགས་བཤད་པ།
ལྷ་འདོགས་ནི་གཉེན་ཚང་གིས་སྣ་འདྲེ་བཏུལ་རྗེས་ཀྱི་ཆོ་ག་ཞིག་ཡིན། བག་མ་ལྷ་ཕྲལ་བྱས་པས་མགོན་མེད་སྐྱབས་མེད་དུ་གྱུར་ཡོད་ལ། དམངས་ཁྲོད་ཀྱི་བཤད་རྒྱུན་ལ། “མི་ལ་ལྷ་མེད་ཁྱི་དང་འདྲ། །ཟས་ལ་བཅུད་མེད་སྣང་ཟུན་འདྲ། །གོས་ལ་དྲོད་མེད་སྐྱེད་དཀར་འདྲ། །རྒྱན་ལ་བཀྲག་མེད་ས་རོ་འདྲ། །རིན་ཆེན་མི་ལ་ཆེ་པའི་ལྷ་གཅིག་ཡོད། །”ཟེར་བ་ལྟར་གཉེན་ཚང་གིས་བག་མ་རང་གི་ལྷ་ལ་འདོགས་པར་བྱེད་པ་ཡིན། བོད་ཀྱི་ཡིག་རྙིང«ལྷ་འདོགས»ལས་སྲིད་རྗེ་འབྲང་དཀར་དང་ཡབ་བྲག་གི་ས་ཕུག་བཙན་པོ་དང་ཡུམ་ལྷ་ལྕམ་གུང་བཙན་མ་གཉིས་ཀྱི་བུ་མོ་བྲག་གི་ལྕམ་ཞིག་ཡོད་པ་གཉིས་ལྷ་འདོགས་པའི་སྐབས་སུ་མདའ་འཕང་དང་དམུ་ཐག་གཡང་ཐག་སོགས་ཀྱི་བྱུང་ལུགས་བརྗོད་པའི་རྗེས་ལ་ལྷ་བཏགས་པའི་གཏམ་རྒྱུད་ཅིག་བཀོལ་ཡོད། ཡིག་རྙིང་ལས། “སྟངས་ཀྱི་སྐྱེས་པ་དགྲ་ལྷ་ཅན། །དཔྱལ་གྱི་མོ་རྩིས་དཔལ་མོ་ཆེ། །དང་པོ་སྐྱེས་པ་སོ་སོར་སྐྱེས། །བར་དུ་སྨིན་པ་སོ་སོར་སྨིན། །མཐའ་མར་བསྡུས་པ་གཅིག་ཏུ་བསྡུས། །བཅོལ་ལོ་ལྷ་ལ་བཅོལ། །བཏགས་སོ་ལྷ་ལ་བཏགས། ། ཞེས་དང་ཡང་། ཕོ་སྲོག་དེ་ནི་མདའ་ལ་བརྟེན། །མོ་སྲོག་དེ་ནི་འཕང་ལ་བརྟེན། །མདའ་འཕང་གཉིས་ལ་ལྷ་བཅོལ་ལོ། །མདའ་འཕང་དེ་ནི་མ་འབྲལ་ཞིག །དམུ་ཐག་དེ་ནི་ལྷ་ལ་བཅོལ། །དམུ་ཐག་དེ་ནི་མ་ཆད་ཅིག །བདག་ཕོ་མོ་འདི་གཉིས་ནི། །མཚོ་དང་མཚོ་སྨན་ཆགས་པ་བཞིན། །མི་དང་ལྷ་གཉིས་མ་འབྲལ་ཞིག །”ཅེས་བག་མ་གཅིག་པུ་མ་ཡིན་པར་མག་པ་དང་བག་མ་གཉིས་ལྷ་ལ་འདོགས་པ་ཡིན་ཏེ། དངོས་གཞི་ལྷ་འདོགས་པའི་ཆོ་ག་ཡང་གོ་རིམ་ཅན་དང་སྒྲིག་གཞི་ཅན་ཞིག་ཡིན།
བྱེ་བྲག་གི་ལྷ་འདོགས་པའི་ཆོ་ག་ནི་གདན་དཀར་པོའི་སྟེང་དུ་གཡུང་དྲུང་བྲིས་ལ་དེའི་ཐོག་མག་པ་དང་བག་མ་གཉིས་སྡོད་པ་དང་། ཚེ་ཐག་དཀར་སེར་གཉིས་མདའ་དར་ལ་བཏགས་ནས། སྣེ་ནས་ཕོས་སེར་པོ་དང་མོས་དཀར་པོ་བཟུང་ནས་ལུག་གི་ལག་གཡས་དང་ཕྱེ་མར། ཆང་ཕུད་རྣམས་བུ་བུ་མོ་གཉིས་སྤྱི་ཟ་སྤྱི་འཐུང་བྱེད། བུ་བུ་མོ་གཉིས་གདན་གཅིག་ཏུ་བསྡད་ནས་སྤྱི་ཟ་སྤྱི་འཐུང་བྱེད་སྲོལ་ནི་མི་རིགས་གཞན་པ་མང་པོར་ཡོད་དེ། «ཚད་ལས་བརྒལ་བའི་ཆོ་ག»ལས་འདིའི་རིགས་ཀྱི་ཆོ་ག་ནི་མི་རིགས་མང་པོར་ཡོད་པ་བཀོལ་ཡོད། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི«བག་མ་ལ་དགེ་བའི་ལས་ཕྲན་བདུན་གྱི་ཆོ་ག་བཀྲ་ཤིས་དཔལ་བསྐྱེད»ལས་ལས་ཕྲན་དྲུག་པར། ལྷ་རྟེན་གྱི་མདའ་དར་རམ། ཚེ་བུམ་སོགས་ཐོགས་ལ། སྐྱབས་གནས་དཀོན་མཆོག་གསུམ་དང་རྩ་བ་གསུམ། ཆོས་སྐྱོང་སྲུང་མ་ཁྱད་པར་སྦྱིན་བདག་འདིས། །ཕ་མེས་དུས་ནས་བརྟེན་སྒྲུབ་མཆོད་པའི་ལྷ། །ཐམས་ཅད་དེ་རིང་གསན་ཅིང་དགོངས་སུ་གསོལ། །རིགས་བཟང་ཡོན་ཏན་ལྡན་པའི་མོ་བཙུན་འདི། །དེང་ནས་བཟུང་སྟེ་ཇི་སྲིད་འཚོ་བའི་བར། །ཡེ་ཤེས་སྤྱན་ལྡན་སྐྱབས་གནས་ཁྱེད་རྣམས་ལ། །སྐྱབས་སུ་གསོལ་ཞིང་སྒོ་གསུམ་འབུལ་ལགས་ན། །ཐུགས་རྗེ་བརྩེ་བས་དགོངས་ཏེ་རྗེས་སུ་གསོལ། །སྐྱབས་འོག་ཆུད་ཅིང་བྱིན་གྱིས་རླབས་སུ་གསོལ་ཞེས་སོ་སོའི་ཡུལ་ལྷ་གཞི་བདག་ལ་སྐབས་ཐོབ་འཛུད་དགོས།
ལྷ་ཕྲལ་ནི་གཡང་འགོག་པའི་ཆོ་ག་ཡིན་ན་ལྷ་འདོགས་ནི་གཡང་འགུགས་པའི་ཆོ་གར་ངོས་འཛིན་བྱས་ཆོག་པ་རེད། གཉེན་སྒྲིག་ནི་དཔལ་འབྱོར་གྱི་རྩ་འཛུགས་ཤིག་ཡིན་པས་ན། ཁྱིམ་ཚང་ཕྱོགས་གཉིས་ཀའི་དཔལ་འབྱོར་གྱི་གྱོང་གུན་མི་ཡོང་ཆེད་སྤེལ་བའི་ཆོ་ག་ཞིག་ལ་ངོས་འཛིན་བྱེད་ཀྱང་ཆོག་པ་རེད།
གསུམ་པ། ལྷ་ཕྲལ་དང་ལྷ་འདོགས་ལས་འཕྲོས་པའི་རིག་གནས་ཀྱི་དོགས་དཔྱད་འགའ།
གཅིག་ནི་གཡང་འགུགས་དང་ལྷ་འདོགས་ཀྱི་འབྲེལ་བ་ལ། གཡང་འགུགས་ལ་བོན་གཞུང་རྣམས་སུ་གཡང་བླན་ནམ་གཡང་ལྡོན་དང་དམངས་ཁྲོད་དུ་གཡང་འབོད་ཟེར། དེ་ནི་བོད་ཀྱི་གདོད་མའི་དད་མོས་ཀྱི་སྣང་ཚུལ་ཤིན་ཏུ་གལ་ཆེན་ཞིག་དང་འཛམ་གླིང་ཡོངས་ཁྱབ་རང་བཞིན་ལྡན་པའི་གནའ་བོའི་མཐུ་རྩལ་གྱི་ཆོ་ག་ཞིག་ཀྱང་ཡིན།གཡང་འགུགས་ཀྱི་ཆོ་ག་ནི་འབྱུང་ཁུངས་ཀྱི་ཆ་ནས་གདོད་མའི་སྐྱེ་འཕེལ་མཐུ་རྩལ(丰产巫术)གྱི་ཆོ་གའི་རྨང་གཞིའི་སྟེང་འཕེལ་ནས་བྱུང་བ་ཡིན་པར་ངེས་ཤིང་། དེ་ནི་འཛམ་གླིང་རང་བཞིན་གྱི་གདོད་མའི་ཆོ་ག་ཞིག་ཡིན་པས། འཛམ་གླིང་གི་ས་ཁུལ་སོ་སོ་དང་མི་རིགས་མང་པོའི་ཁྲོད་ཡོངས་ཁྱབ་ཏུ་དར་ཡོད། དེ་བས། དབྱིན་ཇིའི་མིའི་རིགས་རིག་པ་བ་ཆེན་མོ་ཧྥོ་ལེ་ཙེ(弗雷泽)ལགས་ཀྱིས་ཆོ་གའི་ནུས་པ་ལ་ཡིད་ཆེས་དང་དད་མོས་བྱེད་པ་ནི་འཛམ་གླིང་རང་བཞིན་གྱི་དད་མོས་སྣང་ཚུལ་ཞིག་རེད་ཅེས་གསུངས་ཤིང་། ཁོང་གིས་མིའི་རིགས་ཀྱི་ཤེས་རིག་གི་འཕེལ་རིམ་དེ་དུས་རིམ་གསུམ་དུ་ཕྱེ་སྟེ་ཐོག་མར་མཐུ་རྩལ་གྱི་རྣམ་པ་དང་དེ་ནས་ཆོས་ལུགས་ཀྱི་རྣམ་པ། མཐར་ཚན་རིག་གི་དུས་རིམ་བཅས་ཡིན་པར་བསྟན་པ་དང་། མཐུ་རྩལ་གྱི་རྣམ་པ་ནི་མིའི་རིགས་ཀྱི་ཤེས་རིག་གི་ཆེས་ཐོག་མའི་རྣམ་པ་དེ་ཡིན་ཞིང་། དེའི་ཁྱད་ཆོས་གཙོ་བོ་ནི་གདོད་མའི་སྤྱི་ཚོགས་སུ་མི་རྣམས་ཀྱིས་འཇིག་རྟེན་གྱི་སྣང་ཚུལ་སྣ་ཚོགས་དང་བྱ་དངོས་ཀྱི་ནུས་མཐུ་ཀུན་ལ་ཚོད་འཛིན་དང་དབང་བཀོད་དེ་རང་ཉིད་ཀྱི་འདོད་དོན་སྒྲུབ་པ་དམིགས་ཡུལ་དུ་བྱེད་པ་ཡིན་ལ། མཐུ་རྩལ་ནི་མིའི་རིགས་ཀྱི་ཤེས་རིག་ལོ་རྒྱུས་སྟེང་དོན་སྙིང་གལ་ཆེན་ལྡན་པའི་རིག་གནས་ཀྱི་རྣམ་པ་ཞིག་ཡིན་ཏེ། དེ་ནི་མིའི་རིགས་ཀྱི་འཇིག་རྟེན་ཆོས་ཉིད་ལ་དབང་འགོད་པའི་སྙིང་སྟོབས་ཡོངས་སུ་མཚོན་པའི་ཤེས་རིག་གི་སྣང་ཚུལ་ཞིག་ཀྱང་ཡིན་པར་བརྗོད། གདོད་མའི་གཡང་འགུགས་དང་བོན་ལུགས་ཀྱི་གཡང་། བོད་བརྒྱུད་ནང་བསྟན་གྱི་གཡང་འགུགས་བཅས་གསུམ་དུ་དབྱེ་བ་ནི་ཤིན་ཏུ་འཐད་ལ་འདི་ལྟར་བགོས་པ་ལ་དོན་སྙིང་ཡང་ཤིན་ཏུ་གལ་ཆེ་བར་སྙམ། གོང་གི་སྒྲུབ་བྱེད་ལས་ལྷ་འདོགས་དང་གཡང་འགུགས་གཉིས་ལ་ཆ་འདྲ་ས་མང་པོ་ཞིག་མཆིས་ཀྱང་བྱེ་བྲག་མི་འདྲ་ས་ཡང་དོན་གྱིས་མང་པོ་ཡོད།
གཉིས་ནི་ཡིག་རྙིང་ལས་བསྟན་པའི་སྲིད་པ་ཆགས་ཚུལ་ནི་ད་ལྟ་ཁ་ཤས་ཀྱིས་བོན་གྱི་ལྟ་གྲུབ་སྐོར་ཞིག་ཞེས་ལོགས་ཤིག་ཏུ་གཡུག་ནས་གདེང་འཇོག་མི་བྱེད་པའི་སྲོལ་ངན་ཞིག་ཀྱང་ཆགས་ཡོད་མོད། དེ་ལྟར་མི་རུང་སྟེ་དོན་གྱིས་དེ་ནི་གདོད་མའི་བོད་མི་རིགས་ཀྱི་རི་བྲག་ནགས་གསུམ་དང་ཉི་ཟླ་འཆར་ནུབ། སྐྱེ་འཆིའི་འདུ་ཤེས་སོགས་མཚོན་པའི་ཡིག་ཆ་གལ་ཆེན་ཞིག་ཡིན་པས། དེ་ལས་གཉུག་མའི་བོད་ཀྱི་རིག་གནས་ཀྱི་གྲུ་ཟུར་གང་མང་ཞིག་ཀྱང་ངང་གིས་རྟོགས་ཐུབ་པས་སོ། །
ཟུར་བལྟའི་དཔྱད་གཞི།
[1] གུ་གེ་ཚེ་རིང་རྒྱལ་པོ། «མངའ་རིས་སྤུ་རངས་ཀྱི་འཇིག་རྟེན་རྩ་འཛུགས་རྟེན་འབྲེལ་གླུ་སྣ» [M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2002ལོ།
[2] མཁར་རྨེའུ་བསམ་གཏན། «ཁུ་བྱུག་སྔོན་མོའི་སྒྲ་དབྱངས» [M] ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2017ལོ།
[3] པདྨ་རྒྱལ། «བོད་ཀྱི་གཡང་རིག་གནས་ཀྱི་བྱུང་འཕེལ་སྐོར་ལ་དཔྱད་པ» [J] ཀྲུང་གོའི་བོད་རིག་པ། 2019ལོ།
[4] ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། «བག་མ་ལ་དགེ་བའི་ལས་ཕྲན་བདུན་གྱི་ཆོ་ག་བཀྲ་ཤིས་དཔལ་བསྐྱེད» [M] ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2012ལོ།

འབྲེལ་ཡོད་འོས་སྦྱོར།