logo

བྱང་ཐང་ནག་ཆུར་བཞུགས་པའི་གླིང་སྒྲུང་དང་འབྲེལ་བའི་བཤད་སྲོལ་སྐོར་གླེང་བ། གཅིག

རྩོམ་པ་པོ།:ཧོར་དཀར་ནོ་མོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2024-02-04 ཀློག་གྲངས།:
༄༅། །ས་ཆེན་པོར་བཅོལ་བའི་ཤེས་རིག
                                          —བྱང་ཐང་ནག་ཆུར་བཞུགས་པའི་གླིང་སྒྲུང་དང་འབྲེལ་བའི་བཤད་སྲོལ་སྐོར་གླེང་བ།
ཧོར་དཀར་ནོ་མོ།

ནང་དོན་གནད་བསྡུས། རྩོམ་ཡིག་འདིའི་ནང་བྱང་ཐང་མཐོ་སྒང་འདིར་གླིང་སྒྲུང་དང་འབྲེལ་བ་ཡོད་པའི་བཤད་སྲོལ་ཆེ་བ་ལྔ་ཙམ་སྟེ། རང་བྱུང་གི་བྲག་རྡོ་སོགས་དང་གླིང་སྒྲུང་འབྲེལ་བའི་གཏམ་རྒྱུད། གནའ་བོའི་མཁར་རྫོང་གི་མནའ་ཤུལ་སོགས་དང་གླིང་སྒྲུང་འབྲེལ་བའི་གཏམ་རྒྱུད། ཚོ་པ་དང་མི་རྒྱུད་སོགས་ཀྱི་འབྱུང་ཁུངས་དང་གླིང་སྒྲུང་འབྲེལ་བའི་བཤད་རྒྱུན། ས་མིང་དང་རི་མིང་སོགས་ནས་གླིང་སྒྲུང་དང་འབྲེལ་བའི་བཤད་རྒྱུན། འབྲོག་པའི་དམངས་སྲོལ་གོམས་ལུགས་དང་གླིང་སྒྲུང་འབྲེལ་བའི་བཤད་སྲོལ་སོགས་གླིང་སྒྲུང་དང་འབྲེལ་བ་ཡོད་པའི་བཤད་སྲོལ་ཁག་རྣམས་ངོ་སྤྲོད་མཛད་འདུག
བརྡ་ཆད་གཙོ་བོ། བྱང་ཐང་ནག་ཆུ། གླིང་སྒྲུང་། བཤད་སྲོལ།

       དེ་ཡང་གླིང་རྗེ་གེ་སར་རྒྱལ་པོ་ནི་སྤྱི་ལོ༡༠༣༨ལོར་འཁྲུངས་ཞིང་། སྤྱི་ལོ༡༡༡༩ལོར་འདས་པའི་ལོ་རྒྱུས་མི་སྣ་དངོས་ཞིག་ཡིན་པའི་ཆ་ནས་གླེང་ན། སྐབས་དེའི་ཀྲུང་གོ་ཞེས་པའི་གླིང་ཆེན་པོ་འདིར་ཡང་སུང་དང་ཅིན། མི་ཉག སོག་པོ་སོགས་སྟོབས་ལྡན་གྱི་རྒྱལ་ཁབ་ཆེན་པོ་དག་ཡོངས་སུ་དྲག་པོའི་དམག་འཁྲུགས་ཀྱི་ནང་དུ་ཚུད་ནས་བསྡད་ཡོད་པ་དང་། བོད་སིལ་བུར་འཐོར་ནས་མཚོ་བོད་མཐོ་སྒང་གི་ཡུལ་གྲུ་འདིར་གཅིག་གྱུར་གྱི་སྟོབས་ལྡན་སྲིད་དབང་མེད་པར་འཁྲུག་ཟིང་གི་དམྱལ་བར་གནས་ཡོད། དེའི་སྐབས་སུ། མདོ་ཁམས་ཀྱི་ཕྱོགས་ནས་སྨུག་པོ་ལྡོང་གི་རུས་བརྒྱུད་མཉམ་སྦྲེལ་གྱི་ཚོ་དཔོན་གེ་སར་རྒྱལ་པོའི་སྣེ་ཁྲིད་འོག་ཕྱོགས་བཞིའི་བདུད་ཆེན་བཞི་སོགས་དྲག་པོ་གཡུལ་གྱིས་དབང་དུ་བསྡུས་ནས་གླིང་དཀར་སྟོད་པའི་རྒྱལ་ཁབ་བཙུགས། མཐར་རིགས་རུས་གཅིག་པའི་སྟོབས་ལྡན་རྒྱལ་ཁབ་མི་ཉག་གི་ཁོངས་སུ་འཐིམ་པ་དང་། དེ་ཡང་སོག་པོས་རྩ་གཏོར་བཏང་ནས་ཤུལ་ཙམ་མེད་པར་བཟོས་པ་ནི་ཁྲ་མོ་གླིང་གི་ལོ་རྒྱུས་མདོར་ཙམ་མོ། །
       ལོ་རྒྱུས་ཀྱི་རྒྱབ་ལྗོངས་དེ་འདྲའི་འོག་ཏུ་ལྷ་སྒྲུང་ལ་དགའ་བའི་མི་རིགས་འདིས་སེམས་ཁམས་དང་མཐུན་པར། བསྟན་པ་ཕྱི་དར་གྱི་ནང་བསྟན་ཚ་རླབས་དགུང་དུ་འཕྱུར་བ་དང་ཡུལ་ལུང་ཁག་གི་དཔོན་ཆུང་བླ་ཆུང་རྣམས་ཀྱིས་སོ་སོའི་ཆོས་སྲིད་སྲ་བརྟན་གྱི་ཆེད་དུ། རྒྱ་སོག་བོད་གསུམ་གྱི་ལོ་རྒྱུས་ཀྱི་ཡིག་ཚང་དག་དུ་རྒྱས་བྲིས་མེད་པའི་གླིང་རྗེ་གེ་སར་རྒྱལ་པོ་འདི་ཉིད་ལོ་རྒྱུས་ཀྱི་མི་སྣ་ཞིག་ནས་ལྷ་སྒྲུང་གི་མི་སྣ་ཞིག་ཏུ་བསྒྱུར་བ་དང་། དེ་ནས་རིམ་བཞིན་བླ་མ་ཡི་དམ་ཆོས་སྐྱོང་སྲུང་མ་གཅིག་འདུས་ཀྱི་ངོ་བོ་ཞིག་ཏུ་འགྱུར་ཏེ་གེ་སར་རིག་གནས་འདི་ཉིད་མཐོ་སྒང་འདི་ལས་ཡོངས་སུ་བརྒལ་ནས། ད་ལྟའི་ཆར་རང་རྒྱལ་གྱི་ཞིང་ཆེན་དགུ་དང་མི་རིགས་དགུ འཛམ་གླིང་གི་རྒྱལ་ཁབ་དགུ་ལ་ཁྱབ་པའི་ཕུན་སུམ་ཚོགས་པའི་རིག་གནས་ཀྱི་རྣམ་པ་ཞིག་ཏུ་གྱུར་བས། ༢༠༠༩ལོར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་དང་ཚན་རིག་རིག་གནས་འཕྲོད་བསྟེན་རྩ་འཛུགས་ཀྱིས་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་ཚབ་མཚོན་རང་བཞིན་གྱི་མིང་གཞུང་ནང་དུ་བཙུད་པ་དང་། འཛམ་བུ་གླིང་འདིའི་འབྲོག་ལས་རིག་གནས་ཀྱི་གཏེར་མཛོད་ཆེན་པོ་ཞིག་ཡིན་པར་ཁས་ལེན་འཐོབ་ཡོད།
       སྤྱིར་བོད་གངས་ཅན་གྱི་ལྗོངས་འདིར། གླིང་སྒྲུང་དང་འབྲེལ་བའི་བཤད་སྲོལ་དང་གནའ་ཤུལ་མང་པོ་ཡོད་ལ། སྒོས་སུ་མཚོ་བོད་མཐོ་སྒང་གི་འབྲོག་ས་ལྟེ་བར་གྱུར་བའི་བྱང་ཐང་ནག་ཆུ་ཞེས་པའི་གཡང་ས་ཕྱུགས་མོ་འདིར་ཡང་། གླིང་སྒྲུང་དང་འབྲེལ་བའི་བཤད་སྲོལ་དེ་བས་མང་མོད། དེ་ཡང་མདོ་ཁམས་ཀྱི་གླིང་དཀར་སྟོད་པ་དང་བར་ཐག་ཉེ་བའི་ནག་ཆུ་ཤར་རྒྱུད་ཀྱི་སོག་རྫོང་དང་སྦྲ་ཆེན་རྫོང་། འབྲི་རུ་རྫོང་བཅས་རྫོང་ཁག་གསུམ་དུ་གེ་སར་རྒྱལ་པོ་དང་འབྲུག་མོ་སོགས་ཀྱི་བཤད་སྲོལ་མང་ལ། སོག་རྫོང་ནི་འབྲུག་མོའི་འཁྲུངས་ཡུལ་དངོས་ཡིན་པ་སྔར་ནས་གྲགས་པ་ཆེ། ནག་ཆུའི་ནུབ་རྒྱུད་ཀྱི་རྫོང་ཁག་བཞི་སྟེ། ཉི་མ་རྫོང་དང་མཚེའུ་གཉིས་རྫོང་། ཤེལ་ཚྭ་རྫོང་། དཔལ་མགོན་རྫོང་དུ་བདུད་ཀླུ་བཙན་དང་དཔའ་མོ་ཨ་སྟག་ཀླུ་མོ་སོགས་ཀྱི་བཤད་སྲོལ་མང་པོ་ཡོད་ལ། དཔལ་མགོན་རྫོང་ནི་བདུད་ཀླུ་བཙན་གྱི་ཕ་ས་རང་ཡིན་པ་དང་། བདུད་ཀླུ་བཙན་དང་ཕ་རུས་གཅིག་པའི་རིགས་རུས་ཀེ་རུ་བྱས་པ་ད་ལྟ་ཡང་མང་པོ་ཡོད་ནག་ཆུ་གསེར་རྙེད་ཆུས་དང་ཨ་མདོ་རྫོང་། གཉན་རོང་རྫོང་། ལྷ་རི་རྫོང་བཅས་དཀྱིལ་གཞུང་གི་རྫོང་བཞི་ནི་གླིང་གེ་སར་དང་བདུད་ཀླུ་བཙན་དབར་གྱི་དམག་འཁྲུག་སྐོར་མང་པོ་ཡོད་ལ། ལྷ་རི་རྫོང་ནི་མེར་བཟའི་ཕ་ཡུལ་མེར་གཞུང་རྩྭ་ཐང་གནས་པའི་ས་ཆ་དང་། འབྲི་རུ་རྫོང་ནི་བདུད་ཀླུ་བཙན་གྱི་སྐུ་མཆེད་ཁྲོ་བོ་སྟོབས་རྒྱལ་གྱི་མངའ་ཁོངས་ཡིན་པ་བཅས་སྤྱིར་བཏང་ཆུ་དང་གཙང་པོའི་རྒྱུགས་ཕྱོགས། ལ་དང་ལུང་པའི་འཁོར་ཕྱོགས་ནི་ལོ་རྒྱུས་ས་ཁམས་རིག་པའི་འགྲོས་དང་ཅུང་མཐུན་པར་སྣང་།
​​​​​​​       དེ་ཡང་། བོད་ལ་ཞི་བས་བཅིངས་འགྲོལ་མ་བཏང་བའི་སྔོན་དུ། བྱང་ཐང་ནག་ཆུ་གྲོང་ཁྱེར་འདིར་རྩ་བའི་ཆ་ནས་བཤད་ན། ད་ལྟའི་ཤར་གྱི་རྫོང་གསུམ་ནི་ཧོར་ཚོ་སུམ་བཅུ་སོ་དགུ་དང་ནུབ་གྱི་རྫོང་བཞི་ནི་ནག་ཚང་ཚོ་དྲུག དཀྱིལ་གྱི་རྫོང་ཁག་ནི་བྱང་རིགས་ཚོ་དྲུག་གི་མངའ་ཁོངས་སུ་གཏོགས་པ་ནི་གོང་གི་ས་བབས་ལོ་རྒྱུས་དང་ཡང་མཐུན་པར་སྣང་། དེ་ཡང་གཉན་རོང་རྫོང་གི་མངའ་ཁོངས་སུ་ཡོད་པའི་སོག་པའི་དབྱིབས་དང་འདྲ་བའི་སོག་མཚོ་ནས་བབས་པའི་སོག་ཆུ་དང་། བྱང་ཆུ་གདང་ལའི་ལྷོ་ཕྱོགས་ཨ་མདོའི་མཚོ་ནག་ནས་བབས་པའི་ནག་ཆུ་གཉིས་ནག་ཤོད་སྨད་དང་སོག་རོང་སྨད་ཀྱི་ཁམས་སྲིན་མོ་རྫོང་ནས་མཉམ་དུ་འདུས་པས་ནག་སོག་སུམ་མདོ་ཟེར་ཞིང་། སོག་ཆུ་དང་ནག་ཆུ་གཉིས་འདྲེས་པ་ནས་རྒྱལ་མོ་རྔུལ་ཆུ་ཞེས་ཡོངས་སུ་གྲགས། ལྷ་རི་རྫོང་གི་སྨྲི་ཏི་ཤང་ཕུ་མཚོའི་མཚོ་ནས་འབབ་པའི་སྨྲི་ཏི་གཙང་པོ་དེ་རྭ་སྒྲེང་ནས་བརྒྱུད་པའི་རྭ་སྒྲེང་གཙང་པོ་དང་། འབྲི་གུང་ནས་བརྒྱུད་པའི་ཞོལ་རོང་གཙང་པོ། ལྷ་ས་ནས་འབབ་པར་སྐྱིད་ཆུ། ཆུ་ཤུལ་རྫོང་ན་མྱང་ཆུ་དང་འདྲེས་བའི་ཡར་ཀླུང་གཙང་པོ་ཟེར་བའི་ཆུ་བོ་འདི་དག་ནི་མཐོ་སྒང་འདི་ཡི་ཁྲག་རྒྱུན་ཡིན་ལ། ཤེས་རིག་འབྱུང་བའི་མ་མ་ཡང་ཡིན་མོད། གཤམ་དུ་རྫོང་ཁག་སོ་སོར་བྱས་ནས་གླིང་སྒྲུང་དང་འབྲེལ་བའི་བཤད་སྲོལ་དང་གནའ་ཤུལ་སོགས་རགས་ཙམ་བཤད་པར་བྱ་ན།
དང་པོ། ནག་ཆུའི་ཤར་རྒྱུད་ཀྱི་རྫོང་གསུམ་གླིང་སྒྲུང་དང་འབྲེལ་བའི་བཤད་སྲོལ།
​​​​​​​       ད་ལྟའི་ནག་ཆུ་གྲོང་ཁྱེར་ཤར་ཕྱོགས་ཀྱི་སོག་རྫོང་དང་སྦྲ་ཆེན་རྫོང་། འབྲི་རུ་རྫོང་གསུམ་ནི་དེ་སྔོན་ཧོར་ཚོ་སུམ་ཅུ་སོ་དགུའི་ལྟེ་བའི་ཕ་ས་སྦྲ་ཆེན་བྱས་པའི་མངའ་ཁོངས་སུ་གཏོགས་ཤིང་། ད་དུང་ཆབ་མདོའི་སྟེང་ཆེན་རྫོང་དང་ནག་ཆུའི་གཉན་རོང་རྫོང་བཅས་ཚུད་ཡོད་ཀྱང་། སོག་པོ་གུ་ཤྲི་བསྟན་འཛིན་ཆོས་རྒྱལ་གྱིས་སོག་དམག་བོད་ལ་དྲངས་སྐབས་རྒྱལ་དབང་ལྔ་པ་ཆེན་པོར་དབང་ཡོན་དུ་སོག་ཤོད་དང་དཀར་ཤོད། རེ་ཤོད་བཅས་རེ་དཀར་སོག་གསུམ་ཕུལ་བས། དེ་ནས་བཟུང་སོག་རྫོང་འདི་ཧོར་ཚོ་ལས་ལོག་སུ་གྱེས་པར་གྱུར། ནམ་རྒྱུན་རྒན་རབས་རྣམས་ཀྱིས་ཧོར་ཚོ་རང་ཉིད་ཀྱི་ལོ་རྒྱུས་ཤོད་སྐབས། སོག་སེར་པོའི་དུས་རབས། རྒྱ་ནག་པོའི་དུས་རབས། བོད་སྒང་པའི་དུས་རབས་གསུམ་ཤོད་སྲོལ་ཡོད་པ་དེ་ནི། སྐབས་སོ་སོའི་སྲིད་དབང་ཁོངས་གཏོགས་ཀྱི་འབྲེལ་བའི་འགྱུར་ལྡོག་ལ་བརྟེན་ནས་བཤད་པ་རེད། ཤར་རྒྱུད་ཀྱི་རྫོང་གསུམ་དུ་སོག་རྫོང་ནི་འབྲུག་མོའི་འཁྲུངས་ས། འབྲི་རུ་ནི་ཕོ་བདུད་ཀླུ་བཙན་རྒྱལ་པོའི་སྐུ་མཆེད་ཁྲོ་བོ་སྟོབས་རྒྱལ་གྱི་མངའ་རིས། སྦྲ་ཆེན་ནི་གཡུང་དྲུང་བོན་གྱི་ཤེས་རིག་གསོན་པོར་གནས་པའི་ཕ་ས་བཅས་ཡིན་པས། གླིང་སྒྲུང་དང་འབྲེལ་བའི་བཤད་སྲོལ་དང་གནའ་ཤུལ་ཡང་མང་པོ་ཡོད་པ་སྟེ།
​​​​​​​       གཅིག སོག་རྫོང་དང་འབྲེལ་བའི་གླིང་སྒྲུང་བཤད་སྲོལ།
​​​​​​​       སོག་རྫོང་ནི་ཆུ་མོ་རྒྱལ་མོ་རྔུལ་ཆུའི་འབྱུང་ཁུངས་གཙོ་གྲས་སུ་གྱུར་པ་སོག་ཆུ་སྔོན་མོའི་རྒྱུག་ཁུལ་གྱི་སྨད་བརྒྱུད་དུ་སོག་ཤོད་དང་དེར་ཆགས་པའི་སྡེ་ལ་སོག་སྡེ། སྲིད་འཛིན་ལྟེ་གནས་ཀྱི་གྲོང་ཁྱེར་ལ་སོག་རྫོང་ཅེས་པའི་མིང་ཐོགས་པ་དང་། ལོ་རྒྱུས་ཆུ་བོ་རིང་པོའི་ནང་དུ་མ་སངས་གཉན་དང་ཨ་ལྕགས་འབྲུ་ཡི་འབྲུ་རྗེ་ལྷ་བུ་དཀར་པོ། ཞང་ཞུང་སྒོ་པ། སུམ་པ་རུ། རླངས་བྱང་ཆུབ་འདྲེ་བཀོལ། ཡོན་གྱི་མདོ་དབུས་བར་གྱི་ས་མཚམས་སོག་གི་གཡག་ལ་སེ་བོ། ཆིང་གི་སྐབས་སུ་གུ་ཤྲི་བསྟན་འཛིན་ཆོས་རྒྱལ་གྱིས་སོག་ཤོད་དཀར་ཤོད་རེ་ཤོད་གསུམ་ལྔ་པ་ཆེན་པོར་ཕུལ་བའི་སོག་རྫོང་། དམངས་གཙོ་བཅོས་བསྒྱུར་སྐབས་སུ་རེ་དཀར་སོག་གསུམ་ལས་གྲུབ་པའི་སྔར་གྱི་སོག་རྫོང་སྟེང་དུ། ཉེ་འཁོར་གྱི་ས་ཆ་ཁ་ཤས་བསྣན་ནས་གྲུབ་པའི་ད་ལྟའི་སོག་རྫོང་བཅས་ལོ་རྒྱུས་ཀྱི་འགྱུར་བ་གང་ལྟར་ཡང་། ས་ནི་སྐྱིད། སྡེ་ནི་ཕྱུགས། བུ་ནི་དཔའ། སྨན་ནི་མཛངས་པས། ཡུལ་འདིའི་མང་ཚོགས་ཀྱིས་ས་ཆ་དེ་ནི་སྒ་སྐྱ་ལོ་སེང་ལྕམ་འབྲུག་མོ་འཁྲུངས་ས་འཕྲུལ་མེད་ཡིན་པར་ངོས་འཛིན་དང་སྤོབས་པ་ལྡན་པས་བཤད་སྲོལ་འདི་ལྟར་ཡོད་པ་སྟེ།
​​​​​​​       སྐྱ་ལོའི་ཐལ་ཕུང་དང་སེང་ལྕམ་འབྲུག་མོ་འཁྲུངས་ས་ཞེས་སུ་གྲགས་པ་ནི་སྔོན་དུས་སྐྱ་ལོ་ཚང་གི་མཁར་དམར་རྫོང་དྲུག་གི་གྲས་སུ་གཏོགས་པ། སེང་ལྕམ་འབྲུག་མོ་འཁྲུངས་ས་དེང་གི་སོག་ཙན་དན་དགོན་ཆགས་སའི་རི་འབུར་སྟེང་གི་སྐྱ་ལོའི་མཚེར་སའི་ཐལ་ཕུང་སྟེང་དུ་ཆགས་པའི་བཤད་སྲོལ་དང་། སྐྱ་ལོ་སྟོན་པ་རྒྱལ་མཚན་ཡང་ལོ་རེ་གཉིས་བཞུགས་མྱོང་ཡོད་པའི་ས་ཆ་ཞིག་ཡིན་པར་གྲགས། གཡག་ལ་བསེ་འུ་ཞེས་པ་ནི་སྔོན་ཧོར་གླིང་ལས་བྱུང་བའི་གཡག་ལ་བསེ་འུ་ཞེས་སུ་གྲགས་པ་དེ་ངོས་འཛིན་བྱེད་མཁན་མང་པོ་ཡོད་པ་དང་གླིང་སྒྲུང་རི་བཤད་ནང་དུའང་གསལ་ཡོད།
​​​​​​​       རྟ་རྐྱང་པོའི་ཞབས་རྗེས་དེ་ནི་གེ་སར་བདུད་ཡུལ་དུ་ལོ་དགུ་བཞུགས་པའི་དུས་རྟ་རྐྱང་པོ་རང་ཡུལ་ལོག་པའི་ལམ་བར་དུ་ཞག་གཅིག་ས་ཆ་དེ་གར་བཞུགས་ནས་ཞབས་རྗེས་བཞག་པ་རེད་ཟེར།
​​​​​​​       རྒྱ་ཚའི་སྒྲུབ་ཕུག་ནི་ཤེལ་གྱི་སྒྲུབ་ཕུབ་ཞེས་སུ་གྲགས་ཏེ་དཔའ་རྒྱ་ཚའི་སྐུ་མཚམས་སུ་བཞུགས་མྱོང་ཡོད་པར་གྲགས།
​​​​​​​       དགའ་བདེའི་མཚེར་ཤུལ་གྲགས་པ་དེ་ནི་རི་མཐོ་སའི་ས་ནས་གཟིགས་པའི་སྐབས་སྦྲ་གུར་ཕུབ་པའི་ཤུལ་ཡོད་པ་དང་དེ་ཡང་བཟོ་གྲུ་བཞི་ཡིན་པ་དང་རིང་ཚད་གོམ་པ་བརྒྱད་བཅུ་ལྷག་ཙམ་ཡོད་པ་ཞིག་འདུག དེ་ནི་སྒར་རྒྱབ་པའི་ཤུལ་ཡིན་པ་ཡང་གྲགས།
​​​​​​​       གེ་སར་སེན་མོ་ཞེས་པ་ནི་རོང་པོ་ཤང་དུ་ཡོད་ཅིང་གེ་སར་རྒྱལ་པོའི་སེན་མོས་བྲིས་པའི་ཁྱུང་ཆེན་མ་བུ་ཡིན་པའི་བཤད་སྲོལ་ཡོད།
​​​​​​​       ཨ་ཆེན་གངས་རི་ནི་སོག་རྫོང་རོང་པོ་ཤང་གི་ཁོངས་སུ་གཏོགས་པའི་ཧོར་ཨ་ཆེན་གངས་རི་ཡིན་པའི་བཤད་སྲོལ་འདུག
​​​​​​​       ཉི་མ་འདོགས་སའི་ཕུར་པ་ནི་རོང་པོ་ཤང་དུ་གེ་སར་རྒྱལ་པོའི་ཉི་མ་འདོགས་སའི་ཕུར་པ་ཡིན་ཞེས་པ་བྲག་ཕུར་པ་འདྲ་བ་བཅས་མང་དུ་མཆིས།
​​​​​​​       གཉིས། སྦྲ་ཆེན་རྫོང་དང་འབྲེལ་བའི་གླིང་སྒྲུང་བཤད་སྲོལ།
​​​​​​​       སྦྲ་ཆེན་རྫོང་ནི་བོད་ལྗོངས་སུ་རྫོང་ཡོངས་སུ་གྱུར་པའི་མང་ཚོགས་ཚང་མ་གཡུང་དྲུང་བོན་ལ་དད་གུས་བླ་ན་མེད་པའི་རྫོང་གཅིག་པུ་ཡིན་པས་ཞང་ཞུང་ཤེས་རིག་མ་ཉམས་གསོན་པོར་གནས་པའི་ས་ཆ་གལ་ཆེན་ཞིག་ཡིན། ཡུལ་དེར་གླིང་སྒྲུང་དང་འབྲེལ་བའི་བཤད་སྲོལ་ནག་ཆུའི་རྫོང་ཁག་གཞན་དང་བསྡུར་ན་ཅུང་ཉུང་ཙམ་ཡིན་ཡང་རྩ་བ་ནས་མེད་པ་ཞིག་མིན། དེ་དག་ཅུང་ཙམ་བརྗོད་ན་འདི་ལྟ་སྟེ།
​​​​​​​       ད་ལྟའི་བོན་ཐ་ཤང་དུ་གནས་པའི་གནས་ཆེན་མེ་མོ་རགས་སྤུངས་ཞེས་པ་འདི་ཉིད་འབྲི་རུ་རྫོང་དང་སྦྲ་ཆེན་རྫོང་གཉིས་ཀྱི་ས་མཚམས་སུ་གནས་པའི་གནས་ཆེན་ཞིག་ཡིན་ལ། གནས་འདི་བན་བོན་གཉིས་ཀའི་དད་མོས་བླ་མེད་བྱེད་པའི་གནས་རི་རྩ་ཆེན་ཞིག་ཡིན། དེར་གླིང་སྒྲུང་དང་འབྲེལ་བའི་བཤད་སྲོལ་མང་པོ་ཡོད་པ་སྟེ། གནས་ཀྱི་ཤར་སྒོ་ནས་འཛུལ་ན་གེ་སར་རྒྱལ་པོའི་ཞབས་རྗེས་དང་ཕྱག་རྗེས་སོགས་ཡོད། ལྷོ་སྒོ་ནས་འཛུལ་ན་འབྲུག་མོའི་གཡུ་སྦྲ་རང་བྱུང་གི་རྡོ། རི་འདིའི་བྱང་ཕྱོགས་སུ་མེ་མོའི་སྲིན་རོང་འགག་ཅེས་པ་བྲག་བརྒྱུད་ཕན་ཚུན་བསྣོལ་བའི་བྲག་འགག་ཆུ་སྲིན་གྱི་གྲེ་བ་ལྟ་བུ་མཐོང་བ་ཙམ་གྱིས་བ་སྤུ་གཟེང་བར་བྱེད་པའི་བྲག་རོང་ཞིག་ཡོད་པ་དེ་སྔར་སྲིན་རྒན་ཁེ་ཚེ་རལ་པའི་གནས་ཤུལ་ཡིན་ཟེར་སྲོལ་ཡོད། དེའི་ཡས་མས་སུ་སྲིན་ཚང་ཞེས་པའི་བྲག་ཕུག་དང་། གེ་སར་སྒྲུང་གི་ནང་གསལ་ཁྲོ་ཐུང་གིས་སྲིན་ཁེ་ཚེ་རལ་པ་བཏུལ་བའི་རྗེས་ཤུལ་ཡིན་པར་གྲགས་པའི་བྲག་ལ་ཨི་ཁུང་སོགས་རི་བྲག་ཡ་མཚར་པོ་འགའ་ཞིག་ཡོད། དེའི་ཤར་ཕྱོགས་སུ་ཨ་ཁུ་ཁྲོ་ཐུང་རྒྱལ་པོས་དམ་ལ་བཏགས་པའི་སྲིན་ཁེ་ཚེ་རལ་པ་རང་བྱུང་དང་རྟ་རྐྱང་རྒོད་ཀྱི་སྣ་ཆུ་རང་བྱུང་སོགས་ཡོད། གནས་ཀྱི་ནུབ་སྒོ་ནས་འཛུལ་ན་འབྲུག་མོའི་རྣ་ལུང་ཆ་གཅིག་དང་། དེའི་ལྷོ་ཕྱོགས་སུ་ཧོར་བ་དུར་མཆོང་ལྷ་སྨུག་པོའི་གཟུགས་ཚད་ཡིན་ཟེར་བའི་རྡོ་མི་གཟུགས་ཅན་ཞིག་ཡོད། གནས་དེའི་བྱང་སྒོ་ནས་འཛུལ་ན་གེ་སར་མི་རྟ་གཉིས་འཇའ་ལམ་ལ་འཕུར་བའི་རང་བྱུང་རྡོ་ཡི་གཟུགས། འབྲུག་མོའི་གཡུ་ཡི་ཐབ་རྡོ་གསུམ། རྟ་རྐྱང་རྒོད་ཀྱི་གཏོད་ཕུར། རྟ་རྐྱང་རྒོད་ཀྱི་གཏེར་ཆུ་དང་གཏེར་ཚྭ། དེའི་ནུབ་ངོས་སུ་རང་བྱུང་བྲག་གི་སྒྲུབ་ཕུག་ཆེན་མོར་ཤི་གསོན་བྱེ་མའི་ལ་ཞེས་པའི་བྱེ་སྤུངས་ཆེན་པོ་ཞིག་ཡོད་ལ། དེ་ནས་གེ་སར་མི་རྟ་གཉིས་ཕེབས་པའི་ཞབས་རྗེས་ཡོད། དེའི་བྱང་ཕྱོགས་སུ་སྔོན་པད་མ་འབྱུང་གནས་ཀྱི་སྒྲུབ་ཕུག་ཟེར་བ་དེའི་མདུན་དུ་ཨ་ཁུ་ཁྲོ་ཐུང་གི་ཕྱག་རྔ་ཡིན་ཟེར་བའི་རང་བྱུང་རྡོ་སྒོར་མོ་རྔ་དང་འདྲ་བ་ཞིག་ཡོད། དེའི་ཕུག་ལ་གླིང་དཔའ་རྟུལ་སུམ་ཅུའི་རྟ་འདོགས་སའི་རྡོ་ལུང་སུམ་ཅུ་བཅས་ཡོད།
​​​​​​​       གཞན་ཡང་། སྦྲ་ཆེན་རྫོང་བོན་ཐ་ཤང་རྟ་རྐྱང་རྒོད་ཀྱི་སྟོད་ཕུར། གེ་སར་གྱི་རྡོ་སྐུ་རང་བྱོན། རྟ་རྐྱང་རྒོད་ཀྱི་སྟོད་ཕུར། ཁྲོ་ཐུང་གི་རྔ་རང་བྱོན་སོགས་མང་པོ་ཡོད། སྤྱིར་ཡུལ་འདི་སེར་པོ་ཧོར་གྱི་ས་ཆ་ཡིན་པར་འདོད་པའི་གླིང་སྒྲུང་ལ་དག་སྣང་ཅུང་ཞན་ཙམ་ཡོད།
​​​​​​​       གསུམ། འབྲི་རུ་རྫོང་དང་འབྲེལ་བའི་གླིང་སྒྲུང་བཤད་སྲོལ།
​​​​​​​       འབྲི་རུ་རྫོང་ནི་རྒྱལ་མོ་རྔུལ་ཆུ་རྒྱུག་ཁུལ། སུམ་པའི་ཤེས་རིག་གི་འབྱུང་ཁུངས། སུམ་པ་རུ་ཡི་ལྟེ་བ། སུམ་པ་རྒྱལ་མོའི་མངའ་འབངས་ཡིན་པས། ལོ་རྒྱུས་རིག་གནས་ཕུན་སུམ་ཚོགས་པའི་ཡུལ་ཞིག་ཡིན་ལ། གླིང་གི་སྐབས་སུ་ཕོ་བདུད་ཀླུ་བཙན་རྒྱལ་པོའི་སྐུ་མཆེད་ཀེ་རུ་ཁྲོ་བོ་སྟོབས་རྒྱལ་གྱི་མངའ་རིས་ཡིན་པར་འདོད། ནག་གླིང་དང་རྔམ་གླིང་ཞེས་པ་ནག་ཆུའི་སྒྲུང་མཁན་གྱིས་འཆད་གྱེར་བྱས་པའི་སྒྲུང་དེབ་ནང་དུ། ཁྲ་མོ་གླིང་དང་ནག་ཤོད་དབར་དུ་ས་རྩོད་ཤོར་ནས། རྒྱ་ཚ་ཞལ་དཀར་གྱིས་གླིང་དམག་དྲངས་ནས་བདུད་སྡེ་ཁྲི་སྐོར་བཅུ་གཉིས་དང་བདུད་འཁོར་རི་བ་ཆ་བརྒྱད་འཐབ་ནས། ཀེ་རུ་ཁྲོ་བོ་སྟོབས་རྒྱལ་དམར་གསོད་བཏང་སྐབས་སུ། བདུད་སྡེ་ཁྲི་སྐོར་བཅུ་གཉིས་ཀྱི་ནང་ནས། མེར་གྱི་མེར་ཁྲི་མཚལ་དམར་རྒྱལ་པོ་དེ་ཁྲ་མོ་གླིང་ལ་བློ་དཀར་བས། སྲས་མོ་མེར་བཟའ་འབུམ་སྐྱིད་དེ་རྒྱ་ཚའི་གཅུང་པོ་ཇོ་རུ་ལ་གནའ་མར་སྤྲད་རྒྱུའི་ཁ་དན་བྱས་ཀྱང་། རྗེས་སུ་བདུད་སྡེ་ཁྲི་སྐོར་བཅུ་གཉིས་དང་བདུད་འཁོར་རི་བ་ཆ་བརྒྱད་ཀྱི་སྤྱི་ཡི་དཔོན་པོ་ཀླུ་བཙན་གྱིས་བཙན་འཕྲོག་བྱས་པས། གེ་སར་བྱང་ལ་མ་ཕེབས་ཀ་མེད་ཏུ་གྱུར་པ་དང་། ཆུང་ནས་ཁ་དན་བྱས་པའི་ཆུང་མ་དང་བྱང་ལམ་བསྐྱོད་པའི་མཛའ་མོ་ཨ་སྟག་བཅས་ཀྱི་རོགས་རམ་ལ་བརྟེན་ནས་ཀེ་རུ་ཀླུ་བཙན་རྒྱལ་པོ་དམར་གསོད་གཏང་། གེ་སར་རྒྱལ་པོ་གཡུལ་གྱི་མི་ཚེའི་སྒོ་མོ་དེ་ནས་འབྱེད་པར་སྣང་། འབྲི་རུ་རྫོང་འདིར་གླིང་སྒྲུང་དང་འབྲེལ་བའི་བཤད་སྲོལ་མང་པོ་ཡོད་པ་སྟེ།
ནགས་ལྷ་འཛམ་པའི་སྐུ་མདུན་དུ་གེ་སར་མི་རྟ་རང་བྱུང་དང་གེ་སར་གྱི་ཞབས་རྗེས་དང་། མདའ་ཐང་ཤང་གི་སྒོ་ལུང་སྨུག་མོར་གེ་སར་མི་རྟ་གཉིས་ཀྱི་ཞབས་རྗེས། མདའ་ཐང་ཤང་དུ་གེ་སར་བཞུགས་ཁྲི་རིམ་པ་ལྔ་བརྩེགས། རླན་ཆུ་ཤང་དུ་བདུད་ཨ་ཆུང་རྒྱལ་པོའི་སྲས་ཁྲོ་བོ་སྟོབས་རྒྱལ་གྱི་མཁར་རྙིང་དང་པུད་མོ་བརྡབ་པའི་རྗེས་དངོས། ལུང་པའི་ཕུ་ལ་ནགས་ལྷའི་རྡོ་ཕུར་བཅུ་གསུམ་ཟེར་བ་དེ་བདུད་རྒྱལ་ཁྲོ་བོ་སྟོབས་རྒྱལ་རྒྱལ་བློན་བཅུ་གསུམ་གྱི་རྟ་ཕུར་ཡིན་ཟེར་བ་དང་། བན་དཀར་ཤང་གི་སྲིན་མོ་རྫོང་ནི་སྲིན་མོ་སྤུན་དགུ་དམ་ལ་འདོགས་ཡུལ། བན་དཀར་ཤང་དུ་ཨ་ཁུ་ཁྲོ་ཐུང་གི་ཞབས་རྗེས་དང་གེ་སར་མི་རྟ་གཉིས་ཀྱི་ཞབས་རྗེས། ཚྭ་ཆུ་ཤང་གི་སོག་གི་འབར་ལྕགས་རི་རྩེར་བདུད་ཀྱི་རྭ་ཅོ།
​​​​​​​       འབྲི་རུ་རྫོང་འདི་མདོ་སྟོད་ཤོད་ཆེན་བཅོ་བརྒྱད་ཀྱི་འགོ་ཁུངས་ཡིན་པས། སྔོན་རྣལ་འབྱོར་པ་བྱང་ཆུབ་འདྲེ་བཀོལ་དེ་ཉིད་གླིང་རྗེ་གེ་སར་རྒྱལ་པོས་གདན་དྲངས་ནས་གླིང་གི་གཙོ་བོ་སུམ་ཅུ། ཐུལ་བ་སུམ་ཅུ། བླ་མཆོད་སུམ་ཅུ། མོ་བཙུན་སུམ་ཅུ་རྣམས་ཀྱིས་མི་རེས་འབུལ་བ་རེ་དང་ཞུ་བ་རེ་བྱས་སྐབས། གྲུབ་ཐོབ་ཆེན་པོའི་ཞལ་ནས་མགུར་གསུངས་པ། རླངས་ཀྱི་པོ་ཏི་སེ་རུ་ལས། ལྷོ་སྟོད་ལུང་ཆེན་བཅོ་བརྒྱད་ཀྱང་། རྣལ་འབྱོར་ང་ཡི་ཕ་ཡུལ་ཡིན་ཞེས་དང་། ལར་གྱིས་ཡུལ་ལ་ཁྱེད་རང་གང་གསུངས་དུ་འདུག་སྟེ། ལྷོ་ལུང་ཆེན་བཅོ་བརྒྱད་འདི་ཆོས་ལའང་དཀར། ས་ཆ་བཟང་། ཆོས་བྱེད་ཁྲིམས་སྐྱོང་ཅི་བྱེད་ཀྱང་ནའང་། སའི་མཐིལ། ཡུལ་གྱི་བཅུད་ཡིན་པས་ཞེས་དང་། དེ་ལས། རྣལ་འབྱོར་བྱང་ཆུབ་འདྲེ་བཀོལ། སངས་རྒྱས་རྒྱུད་འཛིན་སྤེལ་བ་ལ། ལྷོ་ཡི་སྟོད་དུ་སྤེལ་བར་བྱ་ཞེས་གསུངས་པས། མདོ་སྟོད་ཤོད་ཆེན་བཅོ་བརྒྱད་ནི་ཆུ་བོ་རྒྱལ་མོ་དངུལ་ཆུའི་གཡས་གཡོན་གྱི་ལུང་ཚན་ཆེ་བ་ཤོད་མིང་ཐོབ་པ་རྣམས་ཡིན་ནོ། །
གཉིས་པ། ནག་ཆུའི་ནུབ་རྒྱུད་ཀྱི་རྫོང་བཞི་གླིང་སྒྲུང་དང་འབྲེལ་བའི་བཤད་སྲོལ།
​​​​​​​       ནག་ཆུའི་ནུབ་རྒྱུད་ཀྱི་རྫོང་བཞི་ནི་སྤྱིར་ནག་ཚང་ཚོ་དྲུག་གི་ཁོངས་སུ་འདུས་ཤིང་། དེའི་ནང་ཡང་གཡག་པ་ཕྲུ་མ་དྲུག་ཅུ་དང་རྡོལ་པ་ཤོག་བཞི། གཤེན་སྒེར་ཚོ་པ་སོགས་ཚོ་ཆུང་མང་པོ་འདུས་ནས་ཡོད་པ་དང་། དཔལ་མགོན་རྫོང་ནི་ཕོ་བདུད་ཀླུ་བཙན་རྒྱལ་པོའི་ཕ་ས་ཡིན་པར་འདོད་ཅིང་། བྱང་གི་ཚྭ་མཚོ་བརྟན་མ་བཅུ་གཉིས་ནི་འཇང་གླིང་འཁྲུག་པའི་གཞི་མ་ཡིན་ཚུལ་སོགས་དམངས་ཁྲོད་དུ་ཁྱབ་རྒྱ་ཆེ་བ་སྟེ།
​​​​​​​       གཅིག དཔལ་མགོན་རྫོང་དང་འབྲེལ་བའི་གླིང་སྒྲུང་བཤད་སྲོལ།
​​​​​​​       བྲང་ཁོག་མཚོ་མོའི་འགྲམ་དུ་ཆགས་པའི་རྫོང་མིང་མཛེས་རུ་བཏང་ནས་དཔལ་མགོན་རྫོང་ཞེས་མིང་དུ་གྲུབ་པ་དང་། ཡུལ་འདི་ནི་གཉན་ཆེན་ཐང་ལྷའི་རི་འགྲམ། གནམ་མཚོ་ཕྱུག་མོའི་ཁུག་སོ། རྒྱ་བོད་གཉིས་ཀྱི་འགྲུལ་ལམ། མདོ་དབུས་གཉིས་ཀྱི་ཆོས་ལམ། ལྷོ་བྱང་གཉིས་ཀྱི་ཚྭ་ཚོང་གི་ལམ་ཐིག་ཡིན་པས། གླིང་སྒྲུང་གི་སྐབས་སུ། ཡར་ཁམས་བྱང་མ་རི་བཞིའི་བདུད་སྡེ་ཁྲི་སྐོར་བཅུ་གཉིས་ཀྱི་རྗེ་བོ་ཀེ་རུ་ཀླུ་བཙན་རྒྱལ་པོའི་ཕ་ས་ཡིན་ལ། བོད་ལྗོངས་ཀྱི་མཚོ་ཆེན་ཨང་གཉིས་པ་ཟི་ལིང་བདུད་མཚོ་ནི་ཕོ་བདུད་ཀླུ་བཙན་རྒྱལ་པོ་དང་བྱང་རི་ཤིའི་ཨ་སྟག་དཔའ་མོའི་བླ་མཚོ་ཡིན་པའི་བཤད་སྲོལ་ཡོད། ཡུལ་འདིའི་མི་རྣམས་ཀྱིས་ཕོ་བདུད་ཀླུ་བཙན་རྒྱལ་པོ་ནི་རང་སྡེ་གསེར་བྱེ་སྤུངས་སྤུངས། མི་སྡེ་གྲོ་ཡོས་འཁམ་འཁམ་གྱི་དཔོན་བཟང་ཞིག་ལ་མི་བརྩི་བ་མེད་མོད། དེ་དང་འབྲེལ་བའི་བཤད་སྲོལ་མང་པོ་ཡོད། ཞིབ་ཕྲ་ཟབ་མོ་སྐུ་ཆུང་རིན་པོ་ཆེ་འཇིགས་མེད་ཐེག་མཆོག་བསྟན་འཛིན་གྱིས་གཙོ་སྒྲིག་བྱས་པའི་དཔལ་མགོན་རྫོང་གནམ་མཚོའི་རིག་གནས་དཔེ་ཚོགས་ལས་གསལ། གཤམ་དུ་ཚབ་མཚོན་ཁ་ཤས་འགོད་པར་བྱ་སྟེ།
​​​​​​​       གོ་ར་གཡུ་དམར་ནི་གླིང་གེ་སར་རྒྱལ་པོས་བདུད་ཨ་ཁྱུང་འདུལ་རྗེས་སུ་གོ་ར་བཀྲ་ཤིས་གཡང་རྫོང་ཞེས་མཚན་གསོལ། ངོ་མཚར་གྱི་རི་བོ་དེར་གཡང་ཊའི་གཏེར་རྫོང་ཡོད་ཞེས་བརྫོད།
​​​​​​​       བྱ་ཁྱུང་ཞེས་པ་དེ་ནི་སྔོན་བདུད་ཨ་ཁྱུང་བླ་བྱ་བྱ་ཁྱུང་གནས་ས་ཡིན་པས་ན་བྱ་ཁྱུང་ཞེས་གྲགས་པ་དང་རི་དེའི་བཟོ་དབྱིབས་ནི་བྱ་ཁྱུང་ཆེན་ས་ལ་བབས་འདྲ་ཡོད་ཞེས་བཤད་སྲོལ་ཡོད་ལ་གླིང་སྒྲུང་ལས་གསལ།
​​​​​​​       རྟ་རྐྱང་རྒོད་ཀྱི་སྣ་ཆུ་ནི་མདོ་ཆེན་རྐྱང་རྒོད་གཡེར་བའི་བྱིན་གྱི་རླབས་པའི་ཆུ་ཡིན་པར་གྲགས།
​​​​​​​       རྟ་རྐྱང་རྒོད་ཀྱི་རྨིག་རྗེས་དུང་ལོ་འཁོར་མ་ཞེས་པ་འདི་ནི་གེ་སར་མི་རྟ་གཉིས་བདུད་ཡུལ་ཕེབས་པའི་སྐབས་སུ་བཞག་པའི་ཞབས་རྗེས་དང་པོ་དེ་ཡིན་པའི་བཤད་སྲོལ་ཡོད།
​​​​​​​       བདུད་ཨ་ཁྱུང་གི་ཕོ་བྲང་ཟེར་བའི་བྲག་ཁུང་ཆེན་པོ་དེ་ནི་བདུད་ཨ་ཁྱུང་བཞུགས་སའི་བྲག་ཕུག་ལ་ཕོ་བྲང་ཞེས་བརྗོད་སྲོལ་ཡོད་ལ་གླིང་སྒྲུང་ལས་གསལ།
​​​​​​​       བདུད་ཨ་ཁྱུང་གི་འཁྲུངས་ས་དང་ཁྱིམ་གཞིས་ཟེར་བའི་མི་བཞི་ལྔ་ཙམ་ཤོང་བའི་བྲག་སྒོང་གཟུགས་འདྲ་བ།
​​​​​​​       ཤ་སྐྱ་རྫོང་གི་ཕོ་བྲང་ལ་དུ་རུ་རྫ་ཡང་ཟེར་ཞིང་སྔོན་ཨ་སྟག་ལྷ་མོས་བསད་པའི་འབྲོང་མགོ་ལ་རྩེ་དང་ཆེ་ཆུང་མེད་པ་ཞིག་ཡོད་པའི་བཤད་སྲོལ་ཡོད།
​​​​​​​       སྤོས་ཆུ་ལྕགས་གནམ་མཆོད་བརྒྱ། དུ་རུ་རྫའི་ལྷོ་ཕྱོགས་སུ་གནས་ཞིང་། གླིང་སྒྲུང་དུ། མུན་ནག་བདུད་ཀྱི་ས་ཆ་ལ། མཆོད་རྟེན་བརྒྱ་དང་བརྒྱད་བཅུ་བཞེངས་ཟེར་བ་དེ་ཡིན་པར་སྨྲ་ཞིང་། རྒྱང་ནས་བལྟས་ན་མཆོད་རྟེན་མང་པོ་གྲལ་བསྟར་སྒྲིག་པ་དང་གཉིས་སུ་མ་མཆིས། གནས་དེར་གེ་སར་རྒྱལ་པོ་དང་རྟ་རྐྱང་རྒོད་ཀྱི་ཞབས་རྗེས་དང་བཞུགས་རྗེས་མང་པོ་ཡོད།
​​​​​​​       མཚོ་སྨན་རྒྱལ་མོ་ནི་དཔལ་མགོན་རྫོང་དང་ཨ་མདོ་རྫོང་གཉིས་ཀྱི་ས་མཚམས་སུ་གནས་ཞིང་། ཨ་སྟག་ལྷ་མོས་མཚོ་ཁ་མི་བརྡོལ་བའི་ཆེད་དུ་ཕྱོགས་བཞིར་ཁྲོ་ཕུར་བཞི་བརྡབ་པ་དང་ཤར་གྱི་ཁྲོ་ཕུར་དེ་ད་ལྟའང་མཐོང་རྒྱུ་ཡོད་ཞེས་བཤད།
​​​​​​​       ནམ་ར་ནི་སྔར་བདུད་པོ་ཨ་ཁྱུང་ངམ་ཀླུ་བཙན་རྒྱལ་པོའི་གནས་ཡུལ་ཡིན་ཞེས་སྦྲ་ནག་ཁྲི་ཤོང་མེར་བའི་མཚེར་ཤུལ་དང་ཤ་རུ་གནམ་རྫོང་། དོག་རུ་སྨུག་རྫོང་སོགས་གེ་སར་སྒྲུང་གི་ནང་དུ་འཁོད་པའི་རྗེས་ཤུལ་མི་ཉུང་བ་ཡོད། གཞན་ཡང་ནེ་རི་ཁྱུང་རྫོང་དང་ལྷ་ལྕམ་བྲག་དཀར། ནེམ་གཉེར་བྲག་དམར་སོགས་ཡོད།
​​​​​​​       གེ་སར་གྱི་མར་སྒམ་ནི་དཔལ་མགོན་རྫོང་ཕུ་པོ་ཤང་གྲོང་ཚོ་ལྔ་པའི་ག་མདུང་རི་བོའི་ནུབ་ཕྱོགས་སུ་གནས་པའི་རྫ་འཛོམས་ཞེས་པའི་རི་བོའི་འགྲམ་མ་སླེབས་ཙམ་དུ་རྡོ་གྲུ་བཞི་ཞིག་ཡོད་པ་དེ་ཡིན།
​​​​​​​       བདུད་ཨ་ཆུང་གི་རྒྱལ་སྒོ་ནི་དཔལ་མགོན་རྫོང་ནས་སྤྱི་ལེ༢༠ལྷག་ཙམ་གྱི་ག་མདུང་ལ་རྒྱབ་ནས་ཕྱིན་ན་བདུད་ཨ་ཆུང་གི་རྒྱལ་སྒོ་ཞེས་པ་རྡོ་ལེབ་ནག་པོར་ཞག་རྩི་འཁོར་བ་འདྲ་བའི་སྟེང་དུ་རི་མོ་ཡོད་པ་ཞིག་ཡོད།
​​​​​​​       ཨ་སྟག་ཀླུ་མོའི་སོ་པ་ནི་རྫ་འཛོམས་ཞེས་པའི་རི་བོའི་ཉེ་འཁོར་དུ་ཡོད།
​​​​​​​       བདུད་ཨ་ཆུང་གི་བླ་ཟངས་ནི་དཔལ་མགོན་རྫོང་བྱ་ཁྱུང་ཤང་གི་རི་ཞིག་གི་སྟེང་དུ་བྲག་ཁུང་ཞིག་ཡོད་པ་དང་། དེའི་ནང་དུ་རྡོ་བླུགས་ན་ཁྲོ་ཡི་སྐད་སྒྲ་གྲགས་ཀྱི་ཡོད།
​​​​​​​       རྨོག་ལུང་ནི་ནག་ཆུའི་སྒྲུང་མཁན་ངག་དབང་དཔལ་ལྡན་གྱི་ལྟེ་ཁྲག་འཕོ་སའི་ས་ཆ་དེའི་མིང་ཡིན་པ་དང་། ས་ཆ་དེ་ནི་ལུག་ས་ཤིན་ཏུ་བཟང་ཞིང་། ལུང་པའི་མདོ་ནི་ཤུར་རྩྭ་ཐང་རྩྭ་རྐྱང་རྐྱང་ཡིན་པ་དང་། ལུང་པའི་ཕུ་ནི་ན་རི་སྤང་ཁུག་ཤ་སྟག་ཡིན། རྨོག་ལུང་ཟེར་བའི་རྒྱུ་མཚན་ནི་གླིང་རྗེ་གེ་སར་རྒྱལ་པོ་བདུད་འདུལ་ལ་ཕེབས་སྐབས་སུ་བདུད་ཀྱི་སོ་པའི་རྨོག་བཞག་སའི་ས་ཆ་དེ་རེད་ཟེར་བ་དང་། དེའི་འགྲམ་དུ་རི་ཁྲབ་ཟེར་བའི་རི་ཞིག་ཡོད་པ་དེ་ནི་བདུད་ཀྱི་སོ་པའི་ཁྲབ་དཀར་བཞག་ས་ཡིན་པས་མིང་དེ་ལྟར་ཐོགས་པ་རེད་ཞེས་དམངས་ཁྲོད་དུ་བཤད་སྲོལ་ཡོད།
​​​​​​​       རྐྱང་པོའི་རྟ་རྗེས་ནི་མདོ་ཆེན་རྐྱང་འརྒོད་འཕེལ་བོའི་རྗེས་ཕྱི་རབས་བཞག་པ་རེད་ཟེར་སྲོལ་འདུག
​​​​​​​       གེ་སར་གཏིང་པའི་རྗེས་ནི་གེ་སར་གྱི་རྐང་པ་ཕྱི་སྟེང་རྡོ་ནག་པོའི་སྟེང་དུ་བཞག་ནས་བྱུང་བའི་རྗེས་ཤུལ་ཡིན་ཟེར་སྲོལ་འདུག
​​​​​​​       དམ་ཅན་ར་རྗེས་ནི་གླིང་གེ་སར་གྱི་སྐུ་མདུན་དུ་དམ་ཅན་ཆོས་རྒྱལ་གྱིས་ཆིབས་རའི་རྗེས་བཞག་པ་རེད་ཟེར་སྲོལ་ཡོད། རྗེས་ཤུལ་དེ་བལ་ལ་གྲོང་རྡལ་གྲོང་ཚོ་བཞི་པའི་ནང་དུ་ཡོད།
​​​​​​​       ལྕགས་མཚོ་ཞེས་པ་དེ་ནི་སྔོན་ཨ་ཁྱུང་གི་བདུད་མོ་མེར་གཟའ་འབུམ་སྐྱིད་བདུད་ཡུལ་ཁྲིད་རྗེས་གླིང་གེ་སར་ར་མདའ་ཡོང་དོགས་ཀྱི་རི་དགུ་མཚོ་དགུ་སྐོར་བའི་ཡ་གྱལ་ཞིག་ཡིན་ཞེས་དམངས་ཁྲོད་དུ་བཤད་སྲོལ་འདུག
​​​​​​​       འབྲོང་ཡར་རྗེས་ཞེས་པ་དེ་ནི་རྡོ་ནག་པོ་ཆུང་ཆུང་གི་སྟེང་དུ་རྗེས་ཆུང་ཆུང་ཞིག་ཡོད་པ་ལ་འབྲོང་ཡར་རྗེས་སུ་འབོད། ད་ལྟ་བལ་ལ་གྲོང་རྡལ་གྲོང་ཚོ་བཞི་པའི་གྲོང་མི་སྤྱིས་ལོ་ཟེར་བའི་ཁང་པའི་ཐོག་ཏུ་བཞག་འདུག
​​​​​​​       གཡག་པོ་བྲེ་རོང་ཞེས་པ་དེ་ནི་བདུད་ཨ་ཁྱུང་ངམ་ཀླུ་བཙན་གྱི་འབྲི་གཡག་ཟོག་རང་འགྲོ་ས་ཡིན་ཞེས་དམངས་ཁྲོད་དུ་བཤད་སྲོལ་ཡོད་ལ། གེ་སར་གླིང་སྒྲུང་རྒྱུད་འཛིན་པས་སྒྲུང་པའི་ཡང་ཨ་ཁྱུང་གི་གེ་སར་གཏེར་ཁ་འབུལ་བའི་དུས། གཡག་པ་བྲེ་རོང་ཁས་ས་བཟང་། ཁས་ཁྱུ་ལ་མི་གཅིག་ཁྱུ་དགུ་ཡོད། ཁྱུ་རེ་རེའི་ནང་ལ་སྟོང་རེ་ཡོད། སྟོང་གྲངས་ཀ་མ་ཐེབ་ལོ་གསུམ་སོང་། ནོར་ག་མ་མིག་དམར་ནོར་ཁྱུའི་ཐན། དེ་ཚོ་ནོར་རྫིའི་གླ་བ་སྤྲོད། གཡོག་གླ་བ་མ་སྦྱིན་སྙིང་རེ་རྗེ་ཞེས་གསལ་འདུག
​​​​​​​       ཌ་རུ་མཚོ་ཞེས་པ་དེ་ནི་གླིང་གེ་སར་གྱིས་བདུད་ཨ་ཁྱུང་ངམ་ཀླུ་བཙན་འདུལ་རྗེས་སུ་རྣམ་ཤེས་ཡར་འདྲེན་ནས་ཌ་རུ་བཞག་པའི་རྗེས་ཤུལ་དུ་མཚེའུ་ཌ་རུ་འདྲ་བ་ཆགས་པ་ལ་ཌ་རུ་མཚེའུ་ཞེས་བརྗོད་སྲོལ་དུ་ཡོད། རྗེས་ཤུལ་དེ་ནི་བྱ་ཁྱུང་གྲོང་རྡལ་དུ་ཡོད།
​​​​​​​       གླང་ཆེན་འགྱིངས་རི་ཞེས་པ་དེ་ནི་བྱ་ཁྱུང་གྲོང་རྡལ་གྱི་བྱང་ནུབ་ཀྱི་ལེ་དབར་བདུན་ཡས་མས་སུ་ཆགས་ཡོད། རི་དེའི་ཤར་ཕྱོགས་ནས་ཡར་ལྟས་ན་དབྱིབས་གླང་ཆེན་ནོར་བུ་བཀལ་འདྲའི་བཟོ་དབྱིབས་ཡོད་པ་ན་གླང་ཆེན་འགྱིང་རི་ཞེས་སུ་གྲགས་པ་དང་ས་དེར་རྟ་རྐྱང་པོའི་ཞབས་རྗེས་ཞིག་ཡོད་པ་དེ་ནི་གླིང་གེ་སར་བདུད་ཨ་ཁྱུང་བཏུལ་ཟིན་རྗེས་ཨ་ཇོའི་གསེར་ཐང་གོང་མ་དང་བདུད་ཀྱི་གཏེར་རི་ཁ་ཇོ་ཆོས་ལ་སྒྱུར་འགྲོ་བའི་སྐབས། ས་ཆ་དེ་ན་བཞུགས་ནས་རྟ་རྐྱང་པོས་རྫུན་འཕྲུལ་གྱིས་ཞབས་རྗེས་ཞིག་ཕྱི་རབས་རྣམས་ལ་བཞག་པ་དང་། གེ་སར་རྒྱལ་པོ་ས་ཆ་དེར་མཚམས་ཉིན་བདུན་བཞུགས་པའི་སྐབས་སུ་རྟ་རྐྱང་པོས་ཆུ་བབས་ནས་བྱིན་གྱིས་རླབས་ནས་ཆུ་འགོ་དོན་པ་དེར་རྐྱང་པོའི་ལུ་མ་ཞེས་ད་ལྟ་ཡང་ཡུལ་དེའི་མི་རྣམས་ཀྱིས་བརྗོད་པ་དང་། ཚེས་བཟང་དུས་བཟང་ལ་ཁྲུས་བྱེད་པར་འགྲོ་བ་དང་གླང་ཆེན་འགྱིང་རི་ལ་གནས་སྐོར་འགྲོ་བ་སོགས་བྱེད་ཀྱི་ཡོད།
​​​​​​​       མདུང་ཆག་རི་མཚོ་ཞེས་པ་དེ་ནི་གླིང་གེ་སར་སྐབས་སུ། བྱང་རི་ཤིའི་ཨ་སྟག་ཀླུ་མོའི་མདུང་ཆག་ས་ཡིན་པས་ན་མདུང་ཆག་མཚོ་འམ་མདུང་མཚོ་མེ་རི་འཁྱིལ་བ་ཞེས་པ་དང་མཚོ་དེའི་གོང་དུ་གཟིམ་མེད་མར་མེ་ཚེ་འབར་གསུམ་གྱི་ཡ་གྱལ་གཅིག་ཡོད་པར་གྲགས་ཤིང་ཡུལ་མི་རྣམས་ཀྱིས་མཐོང་བ་ཡང་མང་པོ་ཡོད། མར་མེ་ཚེ་འབར་ཞེས་པ་དེ་བལྟ་བར་ངེད་པར་དུ་ཆ་རྐྱེན་ནི་ནམ་དུས་དབྱར་ཁ་དང་། དེ་ཡང་ནམ་མཁའ་མུན་ནག་འཁྲིགས་ཞིང་རླུང་མེད་པའི་སྐབས་སུ་མཚོ་མ་འཁྱོམ་པའི་སྐབས་མར་མེ་ཚེ་འབར་དེ་མཐོང་ཐུབ་ཞེས་བཤད་སྲོལ་འདུག་ལ། མཚོ་དེའི་བྱང་ཤར་རུ་བྲག་རི་གཏོར་མ་དཀར་གཏོར་ཁ་ལྷོ་ནུབ་ཏུ་གཏད་པ་འདྲ་བ་ཞིག་ཡོད་པ་དེ་ནི་མདུང་ཆག་བྲག་གུ་གསལ་སྒྲོན་ཞེས་སུ་འབོད་པ་དེ་ཡིན། གླིང་སྒྲུང་བདུད་གླིང་ལས། མདུང་ཆག་བྲག་གུ་སྲས་དྲོང་ལ། །གནམ་ལྕགས་ཤེལ་གྱི་སྟ་གྲི་ཡོད། །དེ་མཁོ་ན་རྒྱལ་པོ་ཁྱེད་ལ་འབུལ། །ཞེས་གསུང་ཡོད།
​​​​​​​       གསེར་འབྲུག་འཁྱིལ་བ། རི་མཚོ་དེའི་ནུབ་ཕྱོགས་སུ་འབུར་བ་ཞེས་པའི་བྱེ་རི་ཞིག་ཡོད་པ་དེ་ནི་གསེར་འབྲུག་འཁྱིལ་བ་ཞེས་སུ་གྲགས་པ་དང་རི་དེའི་དབྱིབས་ནི་འབྲུག་ཐང་དུ་སྒོར་སྒོར་བྱེད་ནས་ཉལ་བའི་བཟོ་དབྱིབས་ཡོད། མཚོ་དེའི་བྱང་ནུབ་ཏུ་རི་གླང་པོ་ཆེ་འདྲ་བ་ཡང་ཡོད།
​​​​​​​       ལུ་གུ་རུ་བ་ཟེར་བའི་ས་ཆར་གེ་སར་སྐབས་ཀྱི་གནའ་ཤུལ་མང་པོ་ཡོད།
​​​​​​​       དཔའ་མོ་དང་གེ་སར་སྒྲུབ་ཕུག་ཞེས་པ་དེ་ནི་གླིང་གེ་སར་རྒྱལ་པོས་བདུད་ཨ་ཁྱུང་བཏུལ་རྗེས་ཉིན་བདུན་གེ་སར་སྒྲུབ་ཕུག་ཏུ་མཚམས་བཞུགས་པའི་ཤུལ་དང་དེའི་སྔོན་ཨ་སྟག་ཀླུ་མོ་བཞུགས་སའང་ཡིན་པར་གྲགས།
​​​​​​​       འབྲོང་ཤ་བཞག་པའི་རྗེས་དེ་ནི་འབྲོང་བསད་ནས་དངོས་སུ་འབྲོང་ཤ་བཞག་པའི་ཤུལ་ཡོད་པ་དང་བྲག་གི་ངོས་སུ་ཁྲག་རྒྱུག་ཤུལ་སོགས་ཡོད། དེའི་གཤམ་དུ་བྲག་གཏེམ་ཞིག་གི་སྟེང་དུ་འབྲོང་རྗེས་གསལ་ཞིང་དོད་པ་ཞིག་ཡོད་པ་དེ་ནི་འབྲོང་གཡག་གི་རྗེས་ཞེས་སུ་གྲགས། དེའི་བྲག་ལྡེབས་སུ་མདའ་གྲི་མདུང་གསུམ་བཞག་པའི་རྗེས་ཤུལ་ཡང་མང་པོ་ཡོད།
​​​​​​​       དཔའ་མོའི་ཐག་ཕུར་ཞེས་པ་ནི་དེའི་སྐབས་སུ་བྱང་རི་ཤིའི་ཨ་སྟག་ཀླུ་མོ་ཐག་འཐག་སའི་རྡོ་ཕུར་ཡིན་པ་དང་། ཨ་སྟག་ཀླུ་མོ་ཐག་རྡོ་ཕུར་ལ་རྟེན་ནས་ཐག་ཕུར་བྱེད་པར་ན་ཐག་ཕུར་ཞེས་སུ་གྲགས།
​​​​​​​       བྲོ་ར་ཞེས་པ་དེ་ནི་དཔའ་མོའི་མ་མཁའ་འགྲོའི་བྲོ་འཁྲབ་ས་ཡིན་པས་ན་བྲོ་ར་ཞེས་སུ་གྲགས།
​​​​​​​       བྱ་རྒོད་པོ་རང་བྱོན་ཞེས་པ་དེ་ནི་བྲག་དཀར་པོ་བྱ་རྒོད་པོ་ཐང་ལ་བབ་འདྲའི་བྲག་དཀར་པོ་ཞིག་ཡོད། དེ་ནི་དཔའ་མོའི་འབྲོང་བསད་རྗེས་འབྲོང་ཤ་ལ་བབས་པའི་བྱ་རྒོད་པོ་ཡིན་པར་གྲགས། རྗེས་ཤུལ་དེ་ནི་མ་ཆེན་ཤང་གྲོང་ཚོ་དང་པོའི་ས་ཁོངས་སུ་ཡོད།
​​​​​​​       ཁ་ཇོ་ཞེས་པ་དེ་ནི་གནམ་རུ་ཚོ་ལྔའི་རྒྱབ་རི་ཡིན་ཞིང་། ལོ་ལྟར་བོད་ཟླ་ལྔ་པའི་ཚེས་བཅོ་ལྔ་ལ་འཛམ་གླིང་སྤྱི་བསང་བཏང་སྲོལ་ཡོད། དེ་སྔོན་སྒྲུང་མཁན་ཆོས་དབྱིངས་རྡོ་རྗེའམ་ཚེ་རིང་རྒྱལ་པོས་བཤད་པའི་བདུད་གླིང་ལས། ཁ་ཇོའི་གསེར་ཐང་གོང་མ་ལ། གསེར་སྟ་རེ་བཀོ་བཞིན་ཡག་པའི་འཇབ། དེ་མཁོ་ན་རྒྱལ་པོ་ཁྱེད་ལ་འབུལ་ཞེས་པ་དང་ཡང་གཅིག གཞི་བདག་བཀའ་གཏད་འཇོག་པའི་ནང་། ཁ་ཇོ་རིན་ཆེན་ཞེས་པ་འདི་མ་འོངས་ཕྱི་རབས་དོན་དུ་ལ། གེ་སར་ང་ཡིས་བཀའ་གཏད་འཇོག རི་རྩེ་དཔའ་སྟོད་དགྲ་ལྷ་འཁོར། ཕོ་རྒྱུད་དར་བའི་རྟེན་འབྲེལ་ཡོད། རི་སྐེད་མ་དང་མཁའ་འགྲོའི་འཁོར། མོ་རྒྱུད་ཆུ་ལས་རིང་བའི་རྟགས། རི་གཤམ་འོག་མ་ཀླུ་ལ་ཟུག ཡུལ་འདིར་ལོངས་སྤྱོད་ཆེ་བའི་རྟགས། མ་འོངས་ཡུལ་འདིའི་སྐྱེ་གཟུགས་ཆུང་ཞེས་སུ་གྲགས།
​​​​​​​       བསེ་བ་ལྷ་ཁང་ནི་ཁ་ཇོའི་མདུན་དུ་ཆགས་པ་དགོན་པ་དེ་ཡིན་ལ། དེ་ནི་སྔོན་གེ་སར་རྒྱལ་པོས་སྨོན་ལམ་བཏབ་ནས། ཕྱི་རབས་སུ་དུས་ལ་བབས་དུས་དགོན་གཅིག་ཕྱག་འདེབས་ཞེས་སུ་གྲགས་ཤིང་དེ་ནི་ད་ལྟ་བསེ་བ་ལྷ་ཁང་ཞེས་པ་དེ་ཡིན་པར་གྲགས། དགོན་པའི་ལྷོ་ཕྱོགས་སུ་གོམ་བཅུའི་ཡས་མས་སུ་གེ་སར་ཆིབས་པ་རྐྱང་རྒོད་འཕེལ་བོའི་ཞབས་རྗེས། དགོན་པའི་ནུབ་ཕྱོགས་སུ་གོམ་བཞི་ལྔ་ཙམ་ལ་བྲག་ནག་པོ་མདུང་རྩེ་འདྲ་བ་ཞིག་ཡོད་པས་རྟ་རྐྱང་པོ་འདོགས་ས་ཡིན་པར་གྲགས། དགོན་པའི་གཡས་ཕྱོགས་ཞབས་སུ་ཆུ་འགོ་ཆུང་ཆུང་ཞིག་ཡོད་པ་དེ་གེ་སར་ཚག་ཕོག་རྒྱབ་སྐབས་ཇ་ཆུ་བྱེད་མྱོང་ཡོད་པ་དང་དེ་ན་ཞག་བདུན་སྒྲུབ་པ་མཛད་ནས་ས་བདག་དབང་དུ་བསྡུས་པར་གྲགས།
​​​​​​​       རྟ་རྐྱང་པོའི་བརྟོད་ཐག་དྲུད་ཤུལ་ཞེས་པ་དེ་ནི་ཡུལ་དེའི་བཤད་སྲོལ་ལྟར་ན། གླིང་གེ་སར་རྒྱལ་པོས་བདུད་ཨ་ཁྱུང་འདུལ་བའི་དུས་སུ། བྱང་ལ་ལོ་དགུ་འགོར་བའི་རྟ་རྐྱང་པོ་རི་ལ་སོང་ནས་བརྟོད་རག་དྲུད་པའི་ཤུལ་ཡིན་ཞེས་པ་ཁ་ཇོའི་བྱང་ཤར་དུ་ལེ་དབར་བཅོ་ལྔའི་ཡས་མས་མཚམས་སུ་སླེབས་པའི་ས་ཐིག་ཞིག་ཡོད།
​​​​​​​       ཁྲོག་རོ་ནི་གེ་སར་གྱིས་གསེར་ཁྲོག་རྒྱབ་ཤུལ་ཡིན་ཞེས་པ་ས་ཁ་མདོག་དམར་ཞིང་མིས་བརྐོས་ནས་སྤུངས་པ་ལྟར་ཆུང་ཆུང་མང་པོ་ཞིག་ཡོད། དེ་ནི་གླིང་སྒྲུང་དང་བཤད་སྲོལ་གཉིས་ལས་བྱུང་བའི་གེ་སར་རྒྱལ་པོས་གསེར་དྭངས་སྙིགས་ཕྱེས་ནས་གསེར་ཁྲོག་རྒྱབ་པས་ན་ད་ལྟ་ས་མིང་ལ་ཁྲོག་རོ་ཞེས་སུ་འབོད།
​​​​​​​       གཉིས། ཉི་མ་རྫོང་དང་འབྲེལ་བའི་གླིང་སྒྲུང་བཤད་སྲོལ།
​​​​​​​       དེ་ཡང་རྒན་རབས་ངག་རྒྱུན་དུ། སྟོད་ཀྱི་ཏི་སེ་དང་མ་པང་། བར་གྱི་རྟ་སྒོ་དང་དྭང་ར། དབུས་ཀྱི་ཐང་ལྷ་དང་གནམ་མཚོ་བཅས་ལ་གངས་རི་རི་མཚོ་ཆ་དྲུག་ཟེར་ཞིང་། དེ་ནི་བོད་གངས་ཅན་ལྗོངས་ཀྱི་བླ་རི་སྟོང་གི་དཔོན་པོ། ཆུ་བརྒྱའི་འདུས་མདོ། ས་གནད་ཀྱི་དམིགས་འཛིན། ཟབ་གཏེར་གནས་རི་རྩ་ཆེན་ཡིན་ལ། ཉི་མ་རྫོང་ནི་བར་གྱི་རྟ་སྒོ་དང་དྭང་རའི་འགྲམ་དུ་ཆགས་ཤིང་། ཞང་ཞུང་བར་པའི་ཤེས་རིག་ཀྱི་ལྟེ་གནས་ཞིག་ཡིན་མོད། འདི་གར་ཡང་གླིང་སྒྲུང་དང་འབྲེལ་བའི་བཤད་སྲོལ་མི་ཉུང་བ་ཞིག་ཡོད་པ་སྟེ།
​​​​​​​       ཨ་སྟག་ཤ་རྫོང་ནི་ཨ་སྟག་ལྷ་མོའི་ཁྱིམ་གཞིས་ཀྱི་ཤུལ་པའི་བཤད་སྲོལ་ཡོད།
​​​​​​​       སྒོ་ཁྱི་འདོགས་སའི་ཤུལ་ཞེས་པ་དེ་ནི་བྱང་རི་ཤིའི་ཨ་སྟག་ཀླུ་མོའི་སྒོ་ཁྱི་འདོགས་ས་ཡིན་པར་གྲགས་པས་ངོ་མཚར་ཅན་གྱི་རྡོ་ཞིག་ཡོད།
​​​​​​​       གོས་འཁྲུས་ས་ནི་གེ་སར་རྒྱལ་པོས་རང་ཉིད་ངོ་སྤྲོད་བྱ་ཕྱིར་བྲག་ལ་བཞག་པའི་ཕྱག་རྗེས་དེ་ད་ལྟ་སྤྱན་ལམ་དུ་མཇལ་རྒྱུ་ཡོད།
​​​​​​​       བློ་བདེ་སྤང་ཤོང་ནི་གེ་སར་རྒྱལ་པོས་བདུད་རྒྱལ་རྟུལ་ཏེ་ཐུགས་བློ་བདེ་མོར་གནས་པའི་ས་ཆ་ཞིག་ཡིན།
​​​​​​​       མགར་ར་ལ་ནི་ཉི་མ་རྫོང་འོམ་བུ་ཤང་ཁོངས་སུ་ཡོད་ཅིང་། ཧོར་གླིང་གཡུལ་འགྱེད་ལས། གླིང་གེ་སར་མགར་རའི་ཨ་གཡོག་ཐང་རྙེད་རྫུན་དེ་མགར་བ་ཆོས་དར་རྒྱལ་པོའི་གླང་གི་སོལ་བ་བསྐལ་ནས་འགྲོ་བའི་ལ་ཡིན་པས་ན་མགར་བ་ལ་ཞེས་པ་ཐོག་པ་དང་། དེ་མིན་གཞན་ཞིག་ནི་དེར་ས་སྔོན་པོ་ཞིག་ཡོད་པ་དེ་ཁང་པའི་གྱང་ལ་བྱུག་ན་ས་དགྲ་འགོག་པ་དང་ཕྱུགས་ཟོག་ལ་བྱུག་ན་སྤྱང་དགྲ་འགོག་ཐུབ་པའི་བཤད་སྲོལ་ཡོད།
​​​​​​​       གེ་སར་རྒྱལ་པོའི་ཕྱག་རྗེས་ཞེས་པ་དེ་ནི་གླིང་གེ་སར་གྱིས་ཕྱི་རབས་པ་རྣམས་ལ་བཞག་པའི་རྟེན་ཞིག་ཡིན་ཞེས་ཡུལ་མི་དེ་རྣམས་ཀྱིས་བཤད་སྲོལ་ཡོད་ལ། གནས་འདིར་རྟ་རྐྱང་རྒོད་ཀྱི་རྨིག་པའི་རྗེས་ཡང་ཡོད།
​​​​​​​       བདུད་ཀྱི་རྟ་སྒོ་གངས་རི་ཞེས་པ་ནི་བོད་ཀྱི་གྲགས་ཆེན་གྱི་གངས་རི་ཞིག་ཡིན་ལ། བདུད་ཨ་ཁྱུང་གི་མངའ་ཁོངས་ཀྱི་ས་ཆ་ཞིག་ཡིན་པར། གླིང་སྒྲུང་ལས། ཨ་ཁྱུང་རྒྱལ་པོའི་ཤོ་ར་དེ། སྟོད་ཀྱི་རྟ་སྒོའི་ཡུལ་ལ་བཞག་ཞེས་པ་དང་སྟོད་རྟ་སྒོ་དཀར་པོ་མན་ཆད་ནས་ཞེས་པ་ཡང་ཡོད།
​​​​​​​       མགར་ཆོས་དར་རྒྱལ་པོའི་སོལ་བ་ལེན་རྗེས་ནི་ཧོར་གླིང་སྐབས་སུ། གེ་སར་ཨ་གཡོག་ཐང་རྙེད་སྤྲུལ་བའི་དུས་མགར་བའི་སོལ་བ་ལེན་ས་ཞེས་གྲགས་པ་དང་དེར་ས་སོལ་བ་དང་འདྲ་བ་མང་པོ་ཞིག་ཡོད།
​​​​​​​       འབྲོང་རྗེས་ནི་ཧོར་གླིང་སྐབས་སུ། གླིང་གེ་སར་རྒྱལ་པོ་མགར་བའི་ཨ་གཡོག་ཐང་རྙེད་སྤྲུལ་བའི་དུས་བླ་འབྲོང་འདུལ་བའི་སྐབས་སུ་བཞག་པའི་བྲེ་སེར་འབྲོང་གི་རྨིག་རྗེས་ཡིན་ཞེས་བཤད་སྲོལ་འདུག
​​​​​​​       ཞྭ་ནག་དྲག་པ་མགོ་འབུལ་ཞུ་ས་ཞེས་པ་ནི་སྒྲུང་མཁན་ངག་དབང་དཔལ་ལྡན་གྱིས་བཤད་པའི་གླིང་སྒྲུང་ལས་གསལ་བ་ལ། བདུད་སྡེ་ཤོག་ལས་ནག་ཚང་ཞྭ་ནག་དྲག་པ་གླིང་གེ་སར་ལ་མགོ་འབུལ་ཞུ་ས་ཡིན་ཞེས་སུ་གྲགས།
​​​​​​​       གསུམ། ཤེལ་ཚྭ་རྫོང་དང་འབྲེལ་བའི་གླིང་སྒྲུང་བཤད་སྲོལ།
​​​​​​​       ཤེལ་ཚྭ་རྫོང་ནི་མ་སངས་གཡའ་སྤང་སྐྱེས་ཀྱི་ཡུལ་དང་ས་སྐྱ་འཁོན་གྱི་རུས་བརྒྱུད་འབྱུང་ཁུངས་ཡིན་པར་ངོས་འཛིན་ཞིང་། ཡུལ་འདི་གར་ཡང་གླིང་སྒྲུང་དང་འབྲེལ་བའི་བཤད་སྲོལ་མི་ཉུང་བ་ཞིག་ཡོད་པ་སྟེ།
​​​​​​​       གེ་སར་རྒྱལ་པོའི་ཕྱག་རྗེས་ཞེས་པ་དེ་ནི་བདུད་གླིང་སྐབས་སུ། གླིང་གེ་སར་རྒྱལ་པོའི་བདུད་འདུལ་རྗེས་སུ་བྲག་དམར་སྟེང་དུ་དངོས་སུ་མིས་བཞག་པ་བཞིན་གྱི་ཕྱག་རྗེས་ཕྱི་རབས་མི་ལ་བཞག་པའི་སྒྲུབ་རྟགས་ཞིག་ཡིན་ཞེས་དམངས་ཁྲོད་དུ་བཤད་སྲོལ་ཡོད།
​​​​​​​       རྟ་རྐྱང་རྒོད་ཀྱི་རྨིག་རྗེས་ནི་མདོ་ཆེན་རྐྱང་རྒོད་བདུད་ཨ་ཁྱུང་རྟུལ་རྗེས་སུ་བཞག་པ་ཞིག་ཡིན་པར་གྲགས།
​​​​​​​       གེ་སར་རྒྱལ་པོའི་རྫུན་འཕྲུལ་ཕུག་པ་ནི་སྔོན་གླིང་གེ་སར་བདུད་འདུལ་བའི་དུས་སུ་རྫུ་འཕྲུལ་མཛད་ནས་བྲག་སྲིབ་དུ་འཛུལ་བའི་གནས་ཡིན།
​​​​​​​       གེ་སར་རྒྱལ་པོའི་ཆིབས་ཁྲི་ནི་གེ་སར་རྒྱལ་པོའི་བདུད་འདུལ་བའི་ཚེ་ལམ་བར་དུ་བཞུགས་སའི་ཁྲི་ཞིག་ཡིན་པར་བཤད་སྲོལ་ཡོད།
​​​​​​​       བདུད་ཨ་ཆུང་གི་ལུག་ཁྱུ་བསྐོར་ས་ཞེས་པའི་ས་ཆ་དེ་ནི་ཕོ་བདུད་ཀླུ་བཙན་རྒྱལ་པོའི་དགོང་མོར་ལུག་ཁྱུ་བསྐོར་ས་ཡིན།
​​​​​​​       རྐྱང་ཚ་མཁར་ཤུལ་ཞེས་པའི་གནའ་ཤུལ་ནི་བཤད་སྲོལ་ལ། གླིང་སྒྲུང་ནང་གི་དཔའ་མོ་ཨ་སྟག་ཀླུ་མོའི་མཁར་རྫོང་ཡིན་ཚུལ་གླེང་། མ་ཡོ་ཤང་གི་གྲོང་ཚོ་གཉིས་པའི་རྐྱང་ཚའི་ལུང་མདོར་ཆགས་ཡོད་པ་དང་། མཁར་ཤུལ་དེའི་འཛུགས་སྐྲུན་རྒྱ་ཁྱོན་མ་མཐར་སྨི་ངོས་སྙོམས་གྲུ་བཞི་མ༤༠༠ཙམ་ཞིག་བྱུང་ཡོད་བཟོ་འདུག་ལ། མཁར་ཁུལ་གྱི་དཀྱིལ་དུ་ཐོག་རྡིབ་པའི་ཤུལ་ཀོང་དོང་གཏིང་རིང་པོ་འདུག་པར་དཔག་ན། མཁར་ཤུལ་དེའི་རྩིག་རྡོ་རྣམས་ཀྱང་ས་ཆ་དེའི་ཉེ་འཁོར་དུ་མེད་པའི་རྡོ་ཤ་སྟག་རེད་འདུག མཁར་ཤུལ་གྱི་མདུན་དུ་རྒྱ་ཁྱོན་ཆེ་བའི་ཐང་ཆེན་གྱི་སྟེང་དུ་གྲལ་བསྟར་འགྲིག་པའི་མཐོ་ཚད་སྨི་གཅིག་ཙམ་གྱི་རྡོ་ཟུར་བརྒྱ་ལྷག་ཙམ་བསྒྲིགས་པའི་དཀྱིལ་དུ་བགྲོད་ལམ་ལྟ་བུ་ཞིག་ཡོད་པ་ནི་ཕལ་ཆེར་རྟ་དམག་འགོག་པའི་ཆེད་དུ་སྒྲིག་པ་འདྲ་མོད།
​​​​​​​       སྟག་ལུང་འབྲི་རྭ་ཕུག་ནི་ཇོ་མོ་རྒྱལ་གངས་རི་བོའི་རྒྱབ་ངོས་སྟག་ལུང་གི་ལུང་མདོར་ཡོད་ཅིང་། སྤྱི་ལོའི་དུས་རབས་བཅུ་པའི་ནང་ཙམ་ལ་བོན་གྱི་གྲུབ་ཐོབ་ཆེན་པོ་ཁྲ་ཚང་འབྲུག་ལྷ་དང་། ཕ་དམ་པ་སངས་རྒྱས་རྣམ་གཉིས་གནས་དེར་སྒྲུབ་པ་ཡུན་རིང་བཞུགས་པ་མ་ཟད། ལུང་མདོ་རུ་མཆོད་རྟེན་བཞེངས་པ་དང་། རྫུ་འཕྲུལ་འགྲན་རེས་མཛད་ཚུལ་སོགས་ཀྱི་བཤད་སྲོལ་ཡོད། གང་ལྟར་གཤམ་གྱི་ཆུ་ཚན་ཡོད་སར་ཕུག་པ་གཅིག་དང་། རི་སྣའི་བྲག་ཉིན་དུ་ཕུག་པ་གོང་འོག་གཉིས་བཅས་ཡོད་པ་མ་ཟད། གླིང་རྗེ་གེ་སར་གྱི་ཆིབས་རྟ་རྐྱང་པོའི་ཞབས་རྗེས་ཞེས་པ་ཕ་བོང་ཞིག་གི་ལོགས་ལ་རྡོ་ཀྱོང་གཏིང་ཚད་ལི་སྨི༢༥ཙམ་ཞིག་ཡོད་པ་སོགས་གནའ་ཤུལ་འགའ་མཆིས།
སེང་ལྕམ་འབྲུག་མོའི་སྨྱོ་ཆས་ནི་དེ་སྔ་གཡག་པ་ཁུལ་དུ་སེང་ལྕམ་འབྲུག་མོའི་སྨྱོ་ཆས་ཞེས་སུ་གྲགས་པ་ཡུལ་སྐད་ལ་གོས་ཞེས་སྣམ་བུ་དང་འགོ་སྣམ་གང་རུང་གི་གཞིའི་སྟེང་དུ་ཚོས་གཞི་སྣ་འཛོམས་ཀྱི་སུལ་མང་དུ་གཏོད་ཅིང་། ཁྲ་སྒྲིག་པའི་ཞེང་ཆེན་པོ་ཞིག་ཁོག་སྨད་ལ་གྱོན་པ། དེ་ལ་དགུན་ཁ་ཚར་སྟོད་དང་སྟོད་སློག་ཟེར་བའི་པགས་ཚགས་ཀྱི་སྟོད་ཐུང་མཐའ་ལ་རྒྱན་ཆུང་ཆུང་བརྒྱབ་པ། དབྱར་དུས་སུ་ཚར་རུ་མིན་པ་སྣམ་བུ་རྒྱ་ཐིག་དང་སྔོ་ཐིག་སོགས་ཀྱིས་བཟོས་པའི་སྟོད་གོས་གཡས་གཡོན་གཉིས་ནས་མདོ་རལ་ཅན་ལ་རྒྱ་སློག་སྔོ་ལྡན་ཟེར་བ་བཅས་གྱོན་པའི་ལོགས་རྣམས་སུ་མེ་ལོང་དང་། ཁེམ་བུ། དེ་མིན་རྒྱུན་འདོགས་རྒྱན་ཆའི་རིགས་མང་པོ་འཕྱང་འཕྲུལ་དུ་འདོགས་པ་བཅས་ཀྱི་གྱོན་གོས་ས་ཆ་གཞན་ལ་མེད་པ་ཞིག་ཡིན་པས་བཤད་སྲོལ་དུ་འབྲུག་མོ་ཧོར་གྱི་བཙན་འཕྲོག་བྱས་པའི་སྨྱོ་ཆས་ཞེས་ཟེར་བ་དང་། ད་ལྟ་ནི་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཚབ་མཚོན་རང་བཞིན་གྱི་མིང་གཞུང་ནང་དུ་ཚུད་ཡོད།
​​​​​​​       རྟ་རྐྱང་པོའི་རྟ་ཆག་ཞེས་པ་འདི་ནི་ཡུལ་བཤད་སྲོལ་དུ། གླིང་གེ་སར་རྒྱལ་པོ་རྒྱ་གར་ཆོས་རྫོང་འབེབ་པར་འགྲོ་བའི་ལམ་བར་དུ་མདོ་ཆེན་རྐྱང་རྒོད་འཕེལ་བོ་ལ་ཆག་སྤྲད་པའི་ཤུལ་ཡིན་ཞེས་གླེང་སྲོལ་འདུག རྗེས་ཤུལ་དེ་ནི་བ་ཚྭ་གྲོང་ཚོ་བཞི་པའི་ས་ཁོངས་སུ་ཡོད།
​​​​​​​       གེ་སར་བཞུགས་ཁྲི་དང་མདའ་འབེན་འཇོག་ས་ཞེས་པ་དེ་ནི་ཡུལ་མིའི་བཤད་སྲོལ་དུ། གླིང་གེ་སར་བདུད་ཡུལ་དུ་ཕེབས་པའི་སྐབས་སུ་རི་རྩེ་རུ་བྲག་ཆེན་པོ་ཞིག་ཡོད་པ་དེའི་སྟེང་འབེན་བྱེད་ནས་བདུད་ཀླུ་བཙན་ཐོད་མདའ་འཕྲོད་མིན་མདའ་རྟགས་བཞག་པ་རེད་ཞེས་བཤད་སྲོལ་དུ་ཡོད།
​​​​​​​       རྟ་རྐྱང་པོའི་སྟོད་ཕུར་ཞེས་པ་དེ་ནི་གླིང་གེ་སར་རྒྱལ་པོ་དེ་རུ་བཞུགས་པའི་སྐབས་སུ། རྟ་རྐྱང་པོ་འདོགས་སའི་བྲག་ཕུར་བ་ལྟ་བུ་ཡོད་པ་ཞིག་འདུག དེར་རྟ་རྐྱང་པོ་བཏགས་པ་ན་རྐྱང་པོའི་སྟོད་ཕུར་ཞེས་སུ་གྲགས་ཞེས་ཡུལ་མིའི་བཤད་སྲོལ་འདུག
​​​​​​​       གེ་སར་གྱི་མདའ་རྒྱབ་པའི་ཤུལ་ལས་ཆུ་སྒྲ་ཉན་རྒྱུ་ཡོད་པ་ནི་གེ་སར་རྒྱལ་པོ་ས་དེར་ཕེབས་སྐབས་མངོན་མཁྱེན་གྱིས་བྲག་དེའི་ནང་ཆུ་ཡོད་པ་མཁྱེན་ནས་མདའ་རྒྱབ་ནས་བྲག་གཏོར་ནས་དེའི་གཏིང་དུ་ཆུ་སྒྲ་ཉན་རྒྱུ་ཡོད་པ་ཞིག་ཕྱི་རབས་པ་རྣམས་ལ་བཞག་ཞེས་ཡུལ་དེའི་མི་རྣམས་ཀྱི་བཤད་སྲོལ་འདུག
​​​​​​​       གེ་སར་གསོལ་ཐབ་ཞེས་པ་ནི་གེ་སར་ས་དེར་ཕེབས་སྐབས་ཚ་ཕོག་རྒྱབ་དགོས་དགོངས་ནས་ཐབ་རྡོ་འཚོལ་སྐབས་བྲག་ཐབ་ཁ་འདྲ་བ་ཞིག་མཐོང་ནས། དེའི་ནང་དུ་ཇ་བཀོལ་ནས་གེ་སར་ཐབ་རྡོ་བྱས་པས་ན་གེ་སར་ཐབ་རྡོ་ཐོག་པ་རེད་ཞེས་ཡུལ་མིའི་བཤད་སྲོལ་དུ་མཆིས།
​​​​​​​       རྟ་རྐྱང་པོའི་ཞབས་རྗེས་ཞེས་པ་དེ་ནི་གེ་སར་ཇ་བཀོལ་ནས་ཕྱི་ཉིན་འགྲོ་གྲབས་བྱ་སྐབས་མདོ་ཆེན་གྱིས་བྲག་རྗེས་འདྲ་བའི་སྟེང་དུ་ཞབས་བཞག་ནས་བྱིན་གྱིས་རླབས་པར་ན་རྐྱང་པོའི་ཞབས་རྗེས་ཞེས་དམངས་ཁྲོད་དུ་བཤད་སྲོལ་འདུག
​​​​​​​       རྟ་རྐྱང་པོའི་སྣ་ཆུ་དང་ལག་རྗེས་ཞེས་པ་དེ་ནི་གླིང་གེ་སར་རྒྱལ་པོའི་ཆིབས་པ་རྐྱང་རྒོད་ཀྱི་བྲག་དཀར་པོ་རྟའི་སྣ་ཁུང་འདྲ་བ་ཞིག་ཡོད་པ་དེའི་སྟེང་དུ་ཆུ་ལ་བྱིན་གྱིས་རླབས་ནས་སྣ་ཆུ་དང་། དེའི་ཉེ་འགྲམ་དུ་ལག་པའི་རྗེས་བཞག་པས་ན་ལག་རྗེས་ཐོག་པ་རེད་ཞེས་ཡུལ་དེའི་མང་ཚོགས་རྣམས་ཀྱིས་བཤད་སྲོལ་འདུག
​​​​​​​       སྒ་བདེ་ཨོག་སོ་ལ་ཞེས་པའི་དེའུ་ཆུང་དེ་ནི་སྒ་བདེ་ཆོས་སྐྱོང་བེར་ནག་གིས་དགྲ་སྲིན་ཡོད་མེད་ཨོག་སོ་བལྟས་པ་ན་སྒ་བདེའི་ཨོག་སོ་ཞེས་ས་མིང་དུ་ཐོགས།
​​​​​​​       ཐག་ཕུར་ནག་ཆེན་ནག་ཆུང་ཞེས་པ་དེ་ནི་ཐང་དཀྱིལ་ཞིག་ཏུ་རྡོ་ཚོམ་དེའུ་ཆུང་གཉིས་འདུག དེའི་ནང་དུ་སྲིན་མོའི་རྡོའི་ཐག་ཕུར་འཚོལ་དུ་ཕྱིན་པས་ན་ཐག་ཕུར་ནག་ཆེན་ནག་ཆུང་ཞེས་ཡུལ་དེའི་བཤད་སྲོལ་འདུག
​​​​​​​       བཞི། མཚེའུ་གཉིས་རྫོང་དང་འབྲེལ་བའི་གླིང་སྒྲུང་བཤད་སྲོལ།
​​​​​​​       མཚེའུ་གཉིས་རྫོང་ནི་སྔར་མི་མེད་ལུང་ལྟར་སྣང་ཡང་། དོན་དུ་གནའ་སྔ་མོ་ནས་ཁྱི་ར་བ་སོགས་ཀྱི་རྔོན་རྒྱག་བཞིན་ཉུག་མར་གནས་པའི་འབྲོག་ས་ཞིག་ཡིན་པར་ཐེ་ཚོམ་མེད་ལ། ཡུལ་འདིར་གླིང་སྒྲུང་དང་འབྲེལ་བའི་བཤད་སྲོལ་མང་པོ་ཡོད་པ་སྟེ།
​​​​​​​       རྟ་ཕུར་ཞེས་པ་ནི་བར་གླིང་ཤང་གྲོང་ཚོ་དང་པོའི་རྟ་ཕུར་ཞེས་པའི་ས་ཆར་ཡོད་པའི་གེ་སར་རྗེས་ཤུལ་ཞིག་ཡིན་ཞིང་། དེ་ནི་བྱང་ཨ་སྟག་དཔའ་མོའི་འདོ་བ་རག་དཀར་ཐང་ལེབ་ཞེས་པ་དེ་འདོགས་ས་ཡིན་པར་གྲགས། ལྷོ་ཕྱོགས་ནས་ཞིབ་པར་ལྟས་ཚེ་བྲག་གི་དབྱིབས་ནི་ཕུར་བ་ས་ལ་རྡིག་ནས་ཕུར་མགོ་གཟུགས་ཡོད་པའི་རྟ་ཕུར་ཞེས་གླིང་སྒྲུང་དང་བཤད་སྲོལ་གཉིས་བྱུང་ཡོད།
​​​​​​​       དཔའ་མོའི་འབེན་ར་ཞེས་པ་དེ་ནི་བྱང་རི་ཤིའི་ཨ་སྟག་ཀླུ་མོའི་ལོ་གསུམ་དམག་གྲ་སྒྲིག་པའི་དུས་མདའ་རྟགས་བཞག་པ་ཞིག་ཡིན་ཞེས་གླིང་སྒྲུང་དང་བཤད་སྲོལ་གཉིས་ལས་བྱུང་ཡོད་ལ། བྱང་ཕྱོགས་རྩ་སྐྱ་གཙང་པོའི་ལྷོ་ཕྱོགས་ཀྱི་ཐང་དཀྱིལ་དུ་རྩེ་མོར་བྲག་ནག་པོ་ཡོད་པ་དང་གཤམ་དུ་བྱེ་རི་ནར་མོ་ཞིག་ཡོད། དེའི་སྒང་དཀྱིལ་དུ་བྲག་ཧ་ཤོ་ཞིག་ཡོད་པ་དེ་ནི་བྱང་ཨ་སྟག་ཀླུ་མོའི་ཕྱི་རབས་པ་མདའ་རྟགས་བཞག་པ་ཞིག་ཡིན་པར་གྲགས།
​​​​​​​       ཐག་ཕུར་ཞེས་པ་དེ་ནི་རྟ་ཕུར་གྱི་བྱང་ཤར་ཕྱོགས་སུ་བྲག་དེའུ་ཆུང་ཆུང་ནག་ཙོག་གཉིས་ཡོད་པ་དེ་ཐག་ཕུར་ཞེས་བཤད་སྲོལ་དུ་གྲགས།
​​​​​​​       ནོར་རྡང་ཞེས་པ་དེ་ནི་ཨ་སྟག་ཀླུ་མོའི་ནོར་འདོགས་ས་ཡིན་པར་གྲགས་ཤིང་དེའང་རྟ་ཕུར་གྱི་བྱང་ཤར་དུ་ཡོད།
​​​​​​​       ཁྱི་ཕུར་ཞེས་པ་དེ་ནི་རྟ་ཕུར་གྱི་མདུན་ཕྱོགས་སུ་ལྕགས་ཕུར་རྩེ་མོ་གནམ་ལ་གཏད་འདྲའི་བྲག་ནག་པོ་ཟུར་གསུམ་ཞིག་ཡོད་པ་དེ་བཤད་སྲོལ་དུ་དཔའ་མོའི་སྒོ་ཁྱི་འདོགས་སའི་ཕུར་པ་ཡིན་པར་གྲགས།
​​​​​​​       སོ་བ་ལྟ་ས་དེ་ནི་ཨ་སྟག་ཀླུ་མོའི་དམག་གྲ་སྒྲིག་པའི་དུས་དགྲ་བོ་ཡོང་གི་ཡོད་མེད་ལྟ་སའི་ཐང་དཀྱིལ་དུ་བྲག་རི་ཞིག་ཡོད་པ་དེ་ལ་ཟེར། དེའི་ནུབ་མདུན་དུ་བྲག་ཕུག་ཆུང་ཆུང་ཞིག་ཡོད་པ་དེ་ནི་དཔའ་མོ་མཚམས་བསྡད་སའི་བྲག་ཕུག་ཡིན་པའི་བཤད་སྲོལ་ཡོད།
​​​​​​​       དམག་གྲ་སྒྲིག་སའི་ཐང་ཞེས་པ་དེ་ནི་ཨ་སྟག་ཀླུ་མོའི་དམག་གྲ་སྒྲིག་སའི་ཐང་ཡིན་པར་གྲགས། དེ་ནི་གླིང་སྒྲུང་དང་བཤད་སྲོལ་གཉིས་ལས་བྱུང་བ་ཞིག་ཡིན།
​​​​​​​       སྨན་རི་སྐར་མ་ཚར་བདུན་ནི་བར་གླིང་ཤང་གྲོང་ཚོ་གཉིས་པའི་ས་ཁོངས་དུ་ཡོད་པའི་གེ་སར་རྗེས་ཤུལ་ཞིག་ཡིན་ལ། རིག་གསར་སྐབས་མིང་བསྒྱུར་ནས་ཟ་བཅོམ་ཞེས་སུ་འབོད། རི་བོ་དེ་ནི་བར་གླིང་ཤང་གི་རྒྱབ་རི་ཡིན་པ་དང་སྨན་རི་སྐར་མ་ཚར་བདུན་ཞེས་པ་དེ་ནི་ནམ་མཁའི་སྨན་བདུན་སྐར་མ་ལྟར་རི་དུམ་བུ་བདུན་ཡོད་པ་ན་སྨན་རི་སྐར་མ་ཚར་བདུན་ཞེས་འབོད་པ་དང་མེ་བཟའ་འབུམ་སྐྱིད་དབྱར་དུས་བསྡད་མྱོང་བའི་ས་ཆ་ཡིན་པར་གྲགས།
​​​​​​​       སྨན་མཚོ་དཀར་མོའི་དུང་མཚོ་ནི་སྨན་རི་སྐར་མ་ཚར་བདུན་རི་དེའི་མདུན་དུ་མཚོ་ཆེན་པོ་ཞིག་ཡོད་པ་དེར་ཟེར་ཞིང་། དེའི་མིང་ལ་སྔོན་ཨ་ཁྱུང་གི་སྐབས་སུ་སྨན་མཚོ་དཀར་མོའི་དུང་མཚོ་ཞེས་སུ་གྲགས་པ་དང་། མཚོ་དེ་སྔོན་གནས་མཚོ་ཡིན་པར་གྲགས་ལ་གླིང་གེ་སར་གྱིས་བྱིན་རླབས་ཞེས་བཤད་སྲོལ་དུ་གནས་ཡོད། རིག་གསར་སྐབས་སུ་མཚོ་དེའི་བྱང་ཕྱོགས་སུ་དབུལ་པོ་དུམ་བུ་ཞིག་བསྡད་ནས་དེའི་སྒོ་ཕྱུག་ཁྱི་དང་སྤྱང་ཀི་གཏོར་བས་ཁྱི་སྤྱང་མཚོ་ཞེས་འབོད།
​​​​​​​       སྨན་ཐང་འུ་གུའི་ཐང་ཞེས་པ་དེ་ནི་བར་གླིང་ཤང་གི་ལྷོ་ཕྱོགས་སུ་ཡོད་པ་དང་དེ་ལ་ཐང་སྟོད་ཐང་སྨད་གཉིས་སུ་དབྱེ། ཐང་སྟོད་ནི་མེ་བཟའི་ལུ་གུ་འཚོ་ས་ཡིན་པ་དང་། ཐང་སྨད་ནི་མ་མོ་འཚོ་ས་ཡིན་པར་བཤད་སྲོལ་དུ་གྲགས་ལ་གླིང་སྒྲུང་ལས་ཀྱང་གསལ།
​​​​​​​       མ་སྟར་ཞེས་པ་དེ་ནི་བར་གླིང་ཤང་གི་ལྷོ་ཕྱོགས་རི་ཐང་མཚམས་སུ་བྲག་དཀར་པོ་གཉིས་ཤིབ་ནས་སྟར་བ་གོང་འོག་གཉིས་ཡོད། དེའི་གོང་མ་དེ་མ་སྟར་གྲགས་པ་དང་འོག་མ་དེ་ར་སྟར་ཞེས་སུ་གྲགས། དེ་ནི་མེ་བཟའི་སྨོན་ལམ་བཏབ་ནས་ཕྱི་རབས་ཡུལ་དེར་ར་སྟར་དང་མ་སྟར་ཞེས་སུ་གྲགས་ནས་ཡུལ་དེར་དཀར་འོ་ཞོ་ཆེ་བའི་རྟེན་འབྲེལ་ཡོད་ཞེས་གླིང་སྒྲུང་ལས་གསལ།
​​​​​​​       ཞོ་བཟང་ཞེས་པ་ནི་ར་སྟར་དང་མ་སྟར་གཉིས་ཀྱིས་དབར་དུ་རྟ་རུ་མཚོའུ་ཆུང་ཆུང་ཞིག་ཡོད་དེ་མེ་བཟའི་ཞོ་ཟངས་ཞེས་བཤད་སྲོལ་གྲགས་ལ་གླིང་སྒྲུང་བདུད་གླིང་ལས་གསལ།
​​​​​​​       འོ་བཟང་ནི་ཞོ་ཟངས་ཀྱི་ལྷོ་ཕྱོགས་སུ་གོམ་པ་ཆིག་སྟོང་ཡས་མས་སུ་ཡང་མཚེའུ་ཆུང་ཆུང་ཞིག་ཡོད་པ་དེ་ནི་མེ་བཟའི་འོ་ཟངས་ཞེས་སུ་གྲགས་ལ་གླིང་སྒྲུང་དུ་ཡང་གསལ།
​​​​​​​       ཞོ་མདུང་ཞེས་པ་དེ་ནི་ར་སྟར་མ་སྟར་གཉིས་ཀྱི་མདུན་ངོས་སུ་སྐྱེ་ཀེར་རེར་ཐང་དཀྱིལ་དུ་ཡ་མཚན་ཆེན་པོའི་ངང་དུ་ཆགས་ཡོད་པ་དང་། སྟེང་དུ་ཆུ་ཚན་སྒྲ་དང་ལྡན་པའི་ངང་ཁོལ་གྱི་ཡོད། ཡིན་ནའང་འཁོར་ཡུག་སྲུང་སྐྱོབ་དེ་ཙམ་མེད་པའི་དབང་གིས་ད་ལྟ་ཆུ་ཚན་ཉམས་རྒུད་དུ་སོང་ཡོད། དེ་ནི་མེ་བཟའི་ཞོ་མདོང་ཡིན་པར་གྲགས།
​​​​​​​       རྐྱང་པོའི་ལག་དོང་ཡག་ནི་ཆུ་ཤང་གྲོང་ཚོ་གཉིས་པའི་ས་ཁོངས་དུ་ཡོད་པའི་གེ་སར་རྗེས་ཤུལ་ཞིག་ཡིན་ལ། རྐྱང་པོའི་ལག་དོང་དེ་ནི་མཚེའུ་གཉིས་རྫོང་གི་ཤར་ཕྱོགས་གྲུ་གསུམ་ལ་ཞེས་པ་དེའི་སྒང་མདུན་དུ་དོང་ཆེན་པོ་བཞི་ཡོད་པ་དེ་རྟ་རྐྱང་པོའི་ལག་ཧབ་རྒྱབ་པའི་རྗེས་ཤུལ་ཡིན་ཞེས་ཡུལ་མིའི་བཤད་སྲོལ་དུ་ཡོད།
​​​​​​​       རྫ་ཨ་གཡེར་ཞེས་པ་དེ་ནི་མཚེའུ་གཉིས་རྫོང་གི་བྱང་ནུབ་ཕྱོགས་སུ་ལེ་དབར་བཅོ་ལྔའི་ཡས་མས་སུ་ཡོད་ལ། རི་དེ་ནི་ས་བྱང་གི་གཡེར་པོ་སྤུན་གསུམ་གྱི་ཡ་གྱལ་ཞིག་ཡིན་པ་དང་། ཨ་སྟག་ཀླུ་མོའི་འབྲོང་དེད་ས་ཡིན་པར་གྲགས།
​​​​​​​       གངས་ཤེལ་གཡེར་ཞེས་པའི་གངས་རི་དེ་ནི་ས་བྱང་གི་གཡེར་པོ་སྤུན་གསུམ་གྱི་ཡ་གྱལ་ཞིག་ཡིན་པ་དང་། ཨ་སྟག་ཀླུ་མོའི་རི་ཤི་རྒས་པོ་འབྲོང་གི་བསད་རྗེས་ཤ་ལན་ལེན་སྐབས་སུ། ཉིན་འབྲོང་སྲིབ་དང་སྲིབ་འབྲོང་ཉིན་ལ་དེད་པའི་སྐབས་ཀྱི་གངས་གཙོ་བོ་ཞིག་ཡིན་པར་ཡུལ་དེའི་བཤད་སྲོལ་དང་གླིང་སྒྲུང་ལས་ཀྱང་གསལ།
​​​​​​​       མཚོ་སྔོ་གཡེར་དེ་ནི་ས་བྱང་གི་གཡེར་པོ་སྤུན་གསུམ་གྱི་ཡ་གྱལ་ཞིག་ཡིན་པ་དང་། ཨ་སྟག་ཀླུ་མོའི་ཆིབས་པ་འཛིན་ས་ཡིན་པར་གྲགས།
​​​​​​​       སེང་ཆེན་དབུ་ཞྭ་ནི་ཡག་ཤང་གི་བྱང་ཕྱོགས་སུ་ཡོད་པ་དང་བྲག་རྨོག་དཀར་འདྲ་བ་ཞིག་ཡོད། དེ་ལ་སེང་ཆེན་དབུ་ཞྭ་ཞེས་ཡུལ་དེའི་མི་རྣམས་ཀྱིས་འབོད།
​​​​​​​       མཚལ་རྡོའི་ཚྭ་མཚོ་འདི་ནི་འཇང་ཕྱི་གླིང་ཡུལ་གྱི་ཚྭ་མཚོ་བསྟན་མ་བཅུ་གཉིས་ཀྱི་ཡ་གྱལ་ཡིན་པར་གྲགས་ལ། འཇང་མཚལ་དམར་དཔོན་པོའི་ཚྭ་ཁ་འཛིན་ས་ཡིན་པའི་བཤད་སྲོལ་ཡོད།
​​​​​​​       མཆོར་ཚྭ་མཚོ་དེ་ནི་འཇང་ཕྱི་གླིང་ཚྭ་མཚོ་བསྟན་མ་བཅུ་གཉིས་ཀྱི་ཡ་གྱལ་ཞིག་ཡིན་པར་གྲགས། ཚྭ་མཚོ་དེ་ནི་འཇང་ཕྱི་གླིང་བློན་པོ་མེ་ཞགས་རྒྱལ་པོའི་ཚྭ་ཁ་འཛིན་ས་ཡིན་པར་གྲགས།
​​​​​​​       གཏོར་ཟོར་དུག་མཚོ་ཞེས་པ་དེ་ནི་འཇང་གི་བློན་པོ་ཨོག་ཚོམ་ཐོབ་པའི་མི་གསུམ་གྱི་ཡ་གྱལ་འཇང་བྱུར་ལྷ་རྒོད་པོའི་ཨོག་ཚོམ་ཅན་རྟ་འདོ་ཆེན་རྐྱང་པོས་དུག་མཚོར་སྐྱུར་ས་ཡིན་པར་གྲགས། དུག་མཚོ་དེ་ཚ་རྔམ་ཆེ་ཞིང་བྱེའུ་མཚོ་སྟེང་འཕུར་སྐབས་དུག་གི་རླངས་པའི་མཚོ་ནང་དུ་ལྷུང་འགྲོ་བ་དང་ཆུ་དེ་ར་ལུག་གིས་འཐུང་ན་འཆི་བར་འགྱུར་འགྲོ་བའི་ཁྱད་ཆོས་འདུག་ཞེས་ཡུལ་མིས་བཤད་ཀྱི་འདུག ཡིན་ནའང་ཉིས་སྟོང་ལོར་རྗེས་སུ་བྱང་ཕྱོགས་མཚོ་དང་མཚེའུ་སོགས་ཆུ་བོ་རྣམས་རྒྱས་ནས་མཚོ་དང་ཆུ་ཕྲན་མང་པོ་ཞིག་འདྲེས་པས་ད་ལྟ་དེ་ལྟར་མི་འདུག་ཞེས་གསུངས།
​​​​​​​       གཏོར་ཟོར་རི་ཞེས་པ་དེ་ནི་འཇང་གླིང་ལས་བྱུར་ལྷ་ཀེང་རུས་ལངས་ནས་ཨ་ཁུ་ཁྲོ་ཐུང་གི་གཏོར་མ་རྒྱབ་ནས་རི་བྲག་གི་བཀོད་པ་བཞག་ཞེས་ཡུལ་མི་རྣམས་ཀྱི་བཤད་སྲོལ་ཡོད།
​​​​​​​       དབང་དར་ཚྭ་མཚོ་ཞེས་པ་དེ་ནི་འཇང་གི་ཕྱི་གླིང་ཚྭ་མཚོ་བསྟན་མ་བཅུ་གཉིས་ཀྱི་ཡ་གྱལ་ཞིག་ཡིན་པ་དང་བཤད་རྒྱུན་དུ་འཇང་མཐིང་རོང་སེང་ལྷ་རྒོད་པོའི་ཚྭ་ཁ་འཛིན་ས་ཡིན་པར་གྲགས།
​​​​​​​       འབོ་ལུགས་གངས་རི་ནི་ཡག་ཆུ་ཤང་གྲོང་ཚོ་དང་པོའི་ས་ཁོངས་སུ་ཡོད་པའི་གེ་སར་རྗེས་ཤུལ་ཞིག་ཡིན་པར་ངོས་འཛིན་བྱེད་ཅིང་། འབོ་ལུགས་གངས་རི་ཞེས་པ་ནི་མཚེའུ་གཉིས་རྫོང་གི་བྱང་ཤར་ཕྱོགས་སུ་ལེ་དབར་བདུན་བཅུའི་སར་བསྐྱོད་ན་སླེབས་ཀྱི་ཡོད། འབོ་ལུགས་ཞེས་པ་དེ་ནི་གནའ་སྔ་མོ་སྤྱི་ཚོགས་རྙིང་པའི་ཚད་གཞི་འཇལ་ཚད་འབོའི་ནང་དུ་གངས་དཀར་པོ་ཞོ་བླུགས་ནས་ཁེངས་ཏེ་ས་ལ་ལུག་པ་བཞིན་ཡོད་པ་ན་འབོ་ལུགས་ཞེས་པ་དང་། དེ་ནི་གླིང་གེ་སར་གངས་ཁྲོད་སྒྲུབ་པ་ཞག་བདུན་མཛད་ནས་གཏེར་མང་པོ་ཞིག་སྦས་ཞེས་གླིང་སྒྲུང་ལས་གསལ། ད་ལྟ་ནི་འཛམ་གླིང་སྟེང་རིམ་པ་གསུམ་པའི་གངས་རི་ཞེས་མཚན་སྙན་ཐོབ་ཡོད།
​​​​​​​       རྔ་མོང་རི་མཚོ་གཉིས་ནི་སྟོད་མ་ཤང་གྲོང་ཚོ་བཞི་པའི་ས་ཁོངས་དུ་ཡོད་པའི་གེ་སར་རྗེས་ཤུལ་ཞིག་ཡིན་པ་དང་། རྔ་མོང་ཞེས་པའི་རི་དེ་ནི་སྟོད་མ་གྲོང་ཚོ་བཞི་པ་དང་གསུམ་པའི་ས་མཚམས་སུ་བསང་རྒྱའི་གཏོར་མ་བཅས་པ་ལྟར་བརྗིད་ཉམས་ལྡན་པའི་ངང་ཆགས་ཡོད། རི་དེ་ནི་སྔོན་བྱོན་སྐྱེས་ཆེན་དམ་པ་མང་པོ་ཞིག་ཕེབས་མྱོང་འདུག་ལ། དེ་ཚོས་བྱིན་གྱིས་མང་པོ་རླབས་མྱོང་ཡོད་ཞེས་ཡུལ་མི་རྣམས་ཀྱི་གསུང་གི་འདུས་ལ་ལོ་རེར་རྟ་རྒྱུགས་དང་རི་གསོལ་ཡང་བྱེད་ཀྱི་ཡོད།
​​​​​​​       བཙན་རྫོང་ཚྭ་མཚོའམ་བརྡའུ་ཚྭ་མཚོ་དཀར་མོ་ཞེས་པ་ནི་སྔོན་འཇང་ཕྱི་གླིང་ཚྭ་མཚོ་བསྟན་མ་བཅུ་གཉིས་ལས་ཚྭ་མཚོའི་ཨ་མ་ཡིན་པར་གྲགས་ཤིང་། འཇང་གླིང་གཡུལ་འགྱེད་མཛད་པའི་སྐབས་སུ། བརྡའུ་ཚྭ་མཚོ་དཀར་མོ་ཞེས་པ་དང་འཇང་གླིང་གཡུལ་འགྱེད་མཛད་ནས་རྫོང་བཙན་པོ་གཡུལ་རྒྱལ་འདན་མས་བླངས། དེའི་མིང་ལ་བཙན་རྫོང་ཕྱུག་མོ་ཞེས་གླིང་སྒྲུང་ལས་གསུང་ཡོད་པ་དང་། བཀའ་བློན་འདན་མ་དང་ཤན་པ་རྨེ་རུ་སྟེ་ཤན་འདན་སྟག་སེང་ཁ་སྤྲོད་ཀྱིས་ཚྭ་མཚོ་བླངས་ཏེ། གེ་སར་དང་སྤྱི་དཔོན་གྱིས་ཕྱི་རབས་བོད་ལ་སྨོན་ལམ་དང་བཞག་པ་མཛད། དེ་དུས་འདན་མའི་སྨོན་ལམ་བཏབ་པ་དེ་ཕྱིས་འབྱུང་ཀརྨ་པ་སྐུ་ཕྲེང་རིམ་བྱོན་གྱི་བླ་མཚོ་ཡིན་ཞེས་བཤད་སྲོལ་ཡོད་ལ། མཚུར་ཕུ་དགོན་གྱི་ཡང་དེ་ལ་དམིགས་བསལ་གྱི་མཚོ་འབུལ་སོགས་བྱེད་ཀྱི་ཡོད།
​​​​​​​       ལྷ་རི་དཀར་ནག་ཞེས་པ་དེ་ནི་འཇང་གླིང་སྐབས་ཀྱི་འཇང་ཕྱི་གླིང་ལྕགས་རྡོ་སྔོན་པོ་དང་དཔའ་ལ་གཉིས་དམར་འཛིང་བྱེད་སྐབས་གྱད་ངོམ་བྱེད་ས་ཡིན་པར་གྲགས་ཤིང་། དེའུ་ནག་པོ་དེ་ནི་འཇང་འཆི་མེད་ལྕགས་རྡོ་ནག་པོས་ཤེད་ཀྱི་བཀྱག་ནས་བཞག་པ་དང་། དེའུ་དཀར་པོ་དེ་ནི་དཔའ་ལའི་གྱད་ཀྱི་བཞག་པ་ཡིན་ཞེས་གྲགས་ཤིང་། དཔའ་ལས་གླིང་དཀར་རྒྱལ་བའི་རྟེན་འབྲེལ་དུ་བཞག་པའི་ལྷ་རི་དཀར་པོ་དེ་ཅུང་མཐོ་བ་ཡོད་ཞེས་ཡུལ་དེའི་མི་རྣམས་ཀྱི་བཤད་སྲོལ་ཡོད།
​​​​​​​       འདན་མའི་ཀླུ་བསང་བཏང་སའི་བྲག་རྡོ་དེ་ནི་འདན་མ་བྲག་དེའུ་ཡིས་བྱང་ཤར་མདུན་དུ་བྲག་རྡོ་འབྲོང་གཡག་གི་རོ་ཙམ་ཞིག་ཡོད། དེ་ནི་བཀའ་བློན་འདན་མ་གཡུལ་རྒྱལ་ཐོག་རྒོད་ཀྱིས་ཨ་མ་བཙན་རྫོང་ཚྭ་མཚོ་དང་ཡུལ་དེའི་ཀླུ་ལ་བསང་བཏང་ས་ཡིན་པར་གྲགས་ཤིང་འདན་མའི་ཀླུ་བསང་བཏང་ས་ཞེས་པ་དང་དེ་ན་ཀླུ་བསང་བཏང་ན་ཕན་པ་ཆེ་ཞེས་སུ་གྲགས།
​​​​​​​       གླིང་གི་དུར་ས་དང་འཐབ་ར་ཞེས་པའི་གྱང་རོ་འདི་དག་ནི་སྟོད་མ་གྲོང་ཚོ་གསུམ་པ་དང་བཞི་པའི་ས་མཚམས་སུ་ཁང་ཤུལ་གྱི་རྡོ་བརྩེགས་མང་པོ་ཡོད། ཡུལ་མི་རྣམས་ཀྱིས་གྱང་རོ་ཞེས་འབོད་པ་དང་། དེ་ནི་སྔོན་འཇང་གླིང་སྐབས་གླིང་གི་སྒར་འབབ་ས་རེད་ཟེར་བ་དང་། བཤད་སྲོལ་གཞན་ཞིག་ནི་འཇང་གླིང་དམག་རྒྱག་ས་རེད་ཞེས་ཟེར། ལོ་རབས་བརྒྱ་བཅུའི་ནང་རྩ་རྒྱབ་པའི་མདེའུ་སོ་མང་པོ་ཞིག་རྙེད་རྒྱུ་ཡོད་པ་དང་། ད་ལྟ་ཡང་རེ་གཉིས་བརྙེད་ནས་ཉར་བ་ཡང་ཡོད། ཡིན་ནའང་། དེ་སྔོན་རྩ་སྐྱ་གཙང་པོའི་ཟམ་པ་དང་མང་ཚོགས་སྡོད་ཁང་རྒྱབ་པའི་སྐབས་རྡོ་དེ་དབོར་བས། ད་ལྟ་ཤུལ་ལས་དེ་སྔོན་ནང་བཞིན་མེད། སྤྱི་ལོ༢༠༠༨ལོར་གླིང་གི་དུར་ས་ཞེས་རང་སྐྱོངས་ལྗོངས་རིམ་པའི་རིག་དངོས་མིང་གཞུང་ནང་དུ་བཞག་ཡོད།
​​​​​​​       རྟ་རྐྱང་པོའི་བརྟོད་རྩྭ་ཞེས་པ་འདི་ནི་རི་ནག་པོ་རྩེ་དགུ་ཞེས་པའི་དེའི་མདུན་དུ་ངོ་མཚར་ཆེན་པོའི་ངང་ཡུལ་དེ་ན་མེད་པའི་དམིགས་བསལ་གྱི་རྩྭ་འཇག་མ་ལོ་རིང་ཞིང་སྦོང་མཐུག་པ་རྒྱ་ཁྱོན་གོམ་པ་བརྒྱ་ལྷག་ཙམ་ཞིག་ཡོད། དེ་ནི་འཇང་གླིང་སྐབས་གླིང་གེ་སར་བཞུགས་ནས་རྟ་བརྟོད་ས་ཡིན་པར་གྲགས་ཤིང་། འཇང་གླིང་ལས། མི་གཅིག་འཐུང་པའི་ཆུ་གཅིག་ཡོད། རྟ་གཅིག་རྒྱག་པའི་རྩ་གཅིག་ཡོད། ཞེས་པ་དེས་དེར་ཡིན་ཞེས་ཡུལ་དེའི་མི་རྣམས་ཀྱི་བཤད་སྲོལ་ཡོད་ལ་བྱང་ནག་ཆུའི་བབས་སྒྲུང་ལས་ཀྱང་གསལ།
​​​​​​​       གེ་སར་སྒྲུབ་ཕུག་ནི་རྐྱང་པོའི་བརྟོད་རྩྭ་དང་གཞི་གཅིག་ཆགས་ཡོད་པ་དང་སྟོད་རྩྭའི་སྟེང་གི་བྲག་གཏེམ་རྒྱ་ཆེ་ལ་ཁ་ལྷོ་ཕྱོགས་སུ་གཏད་པ་ཞིག་ཡོད། དེ་གར་གེ་སར་སྒྲུབ་པ་མཛད་ནས་ཡུལ་དེའི་མི་མ་ཡིན་པའི་ས་བདག་དང་བདུད་འདྲེ་དབང་དུ་བསྡུས་ས་ཡིན་ཞེས་བཤད་སྲོལ་ཡོད་ལ་གླིང་སྒྲུང་ལས་ཀྱང་གསལ།
​​​​​​​       གེ་སར་སྒྲུབ་ཆུ་དང་སྒྲུབ་ཕུག་ནི་བརྟོད་རྩྭ་གཉིས་ཀྱི་མཚམས་སུ་ཆུ་ཆུང་ཆུང་ཞིག་ཡོད་པ་དེ་ནི་གེ་སར་གྱིས་ཇ་ཆུ་བྱེད་ནས་འགྲོ་ཁར་བྱིན་གྱིས་རླབས་ནས་གེ་སར་སྒྲུབ་ཆུ་ཞེས་སུ་གྲགས།
​​​​​​​       འདན་མ་བྲག་དེའུ་ཞེས་པ་དེ་ནི་འཇང་ཕྱི་གླིང་ཚྭ་མཚོ་རྩོད་པའི་དུས་སུ། ཨ་མ་བཙན་རྫོང་འདན་མའི་བླངས་ནས་བཀའ་བློན་འདན་མས་དར་ལྕོགས་བཙུགས་པ་ན་འདན་མ་བྲག་དེའུ་ཞེས་སུ་གྲགས།
​​​​​​​       རྟ་དངུལ་ཕྲུག་འདོགས་སའི་རྡོ་ཨ་དཀར་ཉི་ཟླ་རང་བྱུང་ཞེས་པ་དེ་ནི་འདན་མ་བྲག་དེའུ་ཡིས་ལྷོ་མདུན་དུ་བྲག་ཕུར་བ་འདྲ་བ་ཞིག་ཡོད་ལ། དེའི་ལྡེབས་སུ་རྡོ་ཨ་དཀར་གྱི་ཉི་ཟླ་རང་བྱོན་དུ་ཡོད། དེ་ནི་འདན་མའི་འདོ་བ་དངུལ་ཕྲུག་ལྡན་པ་འདོགས་ས་ཡིན་པར་གྲགས།
​​​​​​​       འདན་མའི་ཚྭ་ཕུད་མཆོད་པའི་རྗེས་ཤུལ་ནི་འདན་མ་བྲག་དེའུ་སྟེང་དུ་རྡོ་ཨ་དཀར་རྩིང་ཞིབ་མང་པོ་ཞིག་ཡོད་པ་དེ་རྣམས་འདན་མའི་ཚྭ་ཕུད་མཆོད་ས་ཡིན་ཞེས་བཤད་སྲོལ་ཡོད།
​​​​​​​       འདན་མའི་ཞབས་རྗེས་ནི་འདན་མ་བྲག་དེའུ་མདུན་ངོས་བྲག་སྟེང་དུ་ཡོད་ལ། དེ་ན་འདན་མའི་མ་མདུང་བཙུགས་ཤུལ་ཡང་བྲག་ངོས་ནས་གསལ་ལྷང་ངེར་གནས་ཡོད།
​​​​​​​       འདན་མའི་དར་ཤིང་འཛུགས་ས་ནི་འདན་མའི་བྲག་དེའུ་སྒང་དུ་རྡོ་སྤུངས་ཆུང་ཆུང་ཞིག་ཡོད། དེ་ནི་འདན་མས་ཚྭ་མཚོ་བླངས་རྗེས་སུ་དར་ལྕོག་རྒྱག་ས་ཡིན་པར་བཤད་སྲོལ་ཡོད།
​​​​​​​       གཡུ་འབྲུག་རང་བྱོན་ཞེས་པ་དེ་ནི་འདན་མ་བྲག་དེའུ་སྒང་མདུན་དུ་བྲག་ནག་པོའི་སྟེང་དུ་རྡོ་ཨ་དཀར་གྱིས་གཡུ་འབྲུག་རང་བྱོན་ཞིག་ཡོད། དེ་ནི་འདན་མའི་རབ་གནས་བྱེད་པ་རེད་ཞེས་བརྗོད།
​​​​​​​       གླིང་གི་དཔའ་རྟུལ་སུམ་ཅུའི་མཚོན་བྱེད་བྲག་ཞེས་པ་དེ་ནི་ཨ་མ་བཙན་རྫོང་ཕྱུག་མོའི་ལྷོ་ཤར་ནས་རྒྱང་གིས་ལྟས་པ་ན། མགར་དེའུ་མདུན་ངོས་སུ་བྲག་ནག་མང་པོ་ཞིག་ཡོད་པ་དེ་རྣམས་ཀྱི་དཀྱིལ་དུ་དཔའ་རྟུལ་སུམ་ཅུ་དམག་གྲ་སྒྲིག་འདྲ་ལྟ་བུ་གཅིག་རྒྱབ་གཅིག་བྱས་ནས་ཆགས་ཡོད།
​​​​​​​       ཤན་པའི་བླ་རྡོ་ནི་མགར་དེའུ་མདུན་གྱི་གཤམ་དུ་སྡིག་པའི་འཛུལ་ཁུང་གི་སྒོ་ཁར་རྡོ་ཟླུམ་པོ་ཞིག་ཡོད་པ་དེ་ཤན་པའི་བླ་རྡོ་ཡིན་པར་གྲགས།
​​​​​​​       གེ་སར་སྒྲུབ་ཕུག་དང་རྔ་བྲག་ལ་འདོགས་སའི་རང་བྱོན་དེ་ནི་གླིང་གེ་སར་གྱིས་བཙན་རྫོང་ཚྭ་མཚོ་འམ་བརྡའུ་ཚྭ་མཚོ་དཀར་མོ་ཞེས་སུ་བྱང་ཤར་དུ་ཁྱུང་ཆེན་ཐང་ལ་བབས་འདྲའི་མགར་དེའུ་ཤར་མའི་ནུབ་ཟུར་དུ་བྲག་ཕུག་ཆེན་པོ་ཞིག་ཡོད། དེའི་ནང་དུ་སྐུ་མཚམས་ཉིན་བདུན་དུ་བཞུགས་ནས་དེར་བྱིན་གྱིས་རླབས་པའི་དུས་རྔ་འདོགས་སའི་བྲག་ཨ་ལོང་རང་བྱོན་དུ་ཡོད།
​​​​​​​       རྟ་རྐྱང་པོ་འདོགས་ས་ཞེས་པ་དེ་ནི་གེ་སར་སྒྲུབ་ཁང་གི་འགྲམ་དུ་བྲག་ཁུག་ཞིག་ཡོད་པ་དེ་ན་ཡིན།
​​​​​​​       མེ་ལོང་རང་བྱོན་ནི་རྟ་རྐྱང་པོ་འདོགས་སའི་བྲག་གི་ཟུར་དུ་བྲག་མེ་ལོང་ལྟ་བུ་སྒོར་མོ་ངོས་བདེ་བ་ཞིག་ཡོད། དེ་ནི་གེ་སར་རྒྱལ་པོའི་སྲིད་པའི་མེ་ལོང་རང་ཤར་གྱི་བྱིན་གྱིས་རླབས་པའི་ཤུལ་ཡིན་ཞེས་སུ་གྲགས།
​​​​​​​       དཔའ་ལའི་གྲི་རྟགས་བཞག་རྗེས་དེ་ནི་འཇང་གླིང་དུས་སུ་སེང་དཔའ་ལ་མི་སྤྱང་དཀར་པོས་བྲག་སྟེང་དུ་གྲི་གཡུག་ནས་གྲིའི་རྗེས་ཕྱི་རབས་བཞག་པར་བཤད་སྲོལ་དུ་ཡོད།
​​​​​​​       རྟ་རྐྱང་པོའི་ཞབས་རྗེས་དེ་ནི་འདོ་ཆེན་རྐྱང་རྒོད་འཕེལ་བོའི་བྲག་གི་སྟེང་དུ་རྗེས་བཞག་པ་རེད་ཞེས་བཤད་སྲོལ་འདུག
​​​​​​​       ཇ་དང་འོ་མའི་རག་ཏ་འདི་ནི་མགར་དེའུ་རིའི་མདུན་གཤམ་དུ་བྲག་རྡོ་སྔོན་པོ་ཆུང་ཆུང་གི་སྟེང་དུ་རྡོ་སྦུག་སྦུག་གཉིས་ཡོད་པ་ནི་ཇ་དང་འོ་མའི་རག་ཏ་ཡིན་པར་གྲགས་ཤིང་། ཡུལ་མི་རྣམས་ཀྱིས་དེ་ན་ལ་ཇ་དང་འོ་མ་བླུགས་ནས་མཆོད་འབུལ་བྱེད་སྲོལ་ཡོད།
​​​​​​​       ཤན་པའི་སྐུ་རྗེས་ནི་མགར་དེའུ་གོང་མའི་སྒང་དུ་ཡོད། དེར་བྲག་དཀར་པོ་བཟོ་དབྱིབས་ཉག་ཉག་མིའི་རོ་སྟོད་ཀྱི་རྗེས་འདྲ་བ་ཞིག་ཡོད་པ་དེ་ནི་ཤན་པའི་སྐུ་རྗེས་ཞེས་སུ་གྲགས། འདན་མ་དང་སྡིག་སྤྱོད་ཤན་པ་གཉིས་ཀྱིས་བཙན་རྫོང་ཚྭ་མཚོ་འམ་བརྡའུ་ཚྭ་མཚོ་བླངས་ནས་མགར་དེའུ་གོང་མའི་སྟེང་དུ་བཞུགས་ནས་བློ་བདེ་པོའི་ངང་ངལ་གསོས་ནས་ཕྱི་རབས་ལ་བཞག་པའི་རྗེས་ཤུལ་ཞིག་ཡིན་ཞེས་གྲགས།
​​​​​​​       ཨ་སྟག་བྲག་དེའུ་ནི་སྟོད་མ་ཤང་གྲོང་ཚོ་གསུམ་པའི་ས་ཁོངས་སུ་ཡོད་པའི་གེ་སར་རྗེས་ཤུལ་ཞིག་ཡིན་པ་དང་། དེ་ནི་ཐང་དུ་བྲག་དེའུ་ནག་པོ་གོང་དུ་སྐར་ཁུང་ཡོད་པ་ཞིག་འདུག ཡུལ་མི་རྣམས་ཀྱིས་ཨ་སྟག་ཀླུ་མོ་དེ་ན་བཞུགས་མྱོང་ཡོད་ཞེས་བཤད་སྲོལ་འདུག
​​​​​​​       ག་ཁྱུང་ཞེས་པ་དེ་ནི་ཞི་བདེ་ཤང་གྲོང་ཚོ་དང་པོར་ཡོད་པ་དང་། གླིང་སྒྲུང་ལས་གནའ་སྔ་མོ་བདུད་ལུང་སྐྱོག་མོ་དང་དུས་དེང་སང་ལྷ་ལུང་སྐྱོག་མོ་ཞེས་པ་དེ་ཡིན་པའི་བཤད་སྲོལ་ཡོད།
​​​​​​​       བྱང་དཔའ་མོའི་ཁྱུང་རྫོང་གོང་མ་ནི་ཚོ་བྱང་ཤང་གིས་ཁོངས་སུ་ཡོད་ལ་བྱང་དཔའ་མོ་ཨ་སྟག་ཀླུ་མོ་འཁྲུངས་སའི་ཡུལ་ཡིན་པ་དང་བྲག་ཁྱུང་ཆེན་འདྲ་བའི་དེའུ་སྟེང་དུ་མཚོ་བདུན་ཡོད་པའི་རི་དེར་དཔའ་མོའི་ཁྱུང་རྫོང་གོང་མ་ཞེས་སུ་གྲགས།
​​​​​​​       རི་ཤིའི་གྲོག་རོང་ནི་དཔའ་མོའི་ཕ་ཚབ་རི་ཤི་རྒས་པོ་ཁྱི་ར་བ་འགྲོ་བའི་རོང་ཆེན་པོ་ཞིག་ཡོད་པ་ལ་དེ་ན་དྲོད་ཆེ་ཞིང་རི་དྭགས་མང་པོ་བསད་སར་ཡིན་པར་ན་རི་ཤི་གྲོག་རོང་ཞེས་སུ་གྲགས།
​​​​​​​       རི་ཤིའི་རྙིང་ར་འཛུགས་ས་དེ་ནི་རི་ཤི་རྒས་པོའི་རི་དྭགས་རྙིང་བཙུགས་ནས་གསོད་པའི་ས་ཆ་ཡིན་པས་རི་ཤིའི་རྙི་ར་ཞེས་སུ་གྲགས། །

རྩོམ་ཁུངས། ༢༠༢༣ལོའི«བོད་ལྗོངས་སྒྱུ་རྩལ་ཞིབ་འཇུག»དུས་དེབ་གཉིས་པ།
འབྲེལ་ཡོད་འོས་སྦྱོར།