བྱང་ཐང་ནག་ཆུར་བཞུགས་པའི་གླིང་སྒྲུང་དང་འབྲེལ་བའི་བཤད་སྲོལ་སྐོར་གླེང་བ། གཉིས།
རྩོམ་པ་པོ།:ཧོར་དཀར་ནོ་མོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2024-02-06
ཀློག་གྲངས།:
༄༅། །ས་ཆེན་པོར་བཅོལ་བའི་ཤེས་རིག
—བྱང་ཐང་ནག་ཆུར་བཞུགས་པའི་གླིང་སྒྲུང་དང་འབྲེལ་བའི་བཤད་སྲོལ་སྐོར་གླེང་བ།
ཧོར་དཀར་ནོ་མོ།
ནང་དོན་གནད་བསྡུས། རྩོམ་ཡིག་འདིར་བྱང་ཐང་མཐོ་སྒང་འདིར་གླིང་སྒྲུང་དང་འབྲེལ་བ་ཡོད་པའི་བཤད་སྲོལ་ཆེ་བ་ལྔ་ཙམ་སྟེ། རང་བྱུང་གི་བྲག་རྡོ་སོགས་དང་གླིང་སྒྲུང་འབྲེལ་བའི་གཏམ་རྒྱུད། གནའ་བོའི་མཁར་རྫོང་གི་མནའ་ཤུལ་སོགས་དང་གླིང་སྒྲུང་འབྲེལ་བའི་གཏམ་རྒྱུད། ཚོ་པ་དང་མི་རྒྱུད་སོགས་ཀྱི་འབྱུང་ཁུངས་དང་གླིང་སྒྲུང་འབྲེལ་བའི་བཤད་རྒྱུན། ས་མིང་དང་རི་མིང་སོགས་ནས་གླིང་སྒྲུང་དང་འབྲེལ་བའི་བཤད་རྒྱུན། འབྲོག་པའི་དམངས་སྲོལ་གོམས་ལུགས་དང་གླིང་སྒྲུང་འབྲེལ་བའི་བཤད་སྲོལ་སོགས་གླིང་སྒྲུང་དང་འབྲེལ་བ་ཡོད་པའི་བཤད་སྲོལ་བརྒྱ་ལྷག་ཙམ་ཞིག་ངོ་སྤྲོད་མདོར་བསྡུས་བྱས་འདུག
བརྡ་ཆད་གཙོ་བོ། བྱང་ཐང་ནག་ཆུ། གླིང་སྒྲུང་། བཤད་སྲོལ།
གསུམ་པ། ནག་ཆུའི་དཀྱིལ་རྫོང་བཞི་གླིང་སྒྲུང་དང་འབྲེལ་བའི་བཤད་སྲོལ།
གཅིག གསེར་རྙེད་ཆུས་དང་འབྲེལ་བའི་གླིང་སྒྲུང་བཤད་སྲོལ།
སྔར་བྱང་རིགས་ཚོ་དྲུག་གི་ལྟེ་གནས་དང་དེང་ནག་ཆུ་གྲོང་ཁྱེར་གྱི་སྲིད་འབྱོར་རིག་གསུམ་གྱི་ལྟེ་བ་ནག་ཆུ་རྫོང་ངམ་ཉེ་ཆར་མིང་དུ་བསྒྱུར་བའི་གསེར་རྙེད་ཆུས་ཞེས་པ་འདི་ནི། གེ་སར་བྱང་ལ་ཕེབས་སྐབས་སུ་དབུ་གུར་ཕུབ་ས་དང་། ཕོ་བདུད་ཀླུ་བཙན་བརྟུལ་ནས་ལྷ་རྟ་རྐྱང་ངུ་འཛིན་པའི་གནས་ཡིན་ཞེས་གྲགས་ལ། ནག་ཆུ་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ལོ་རེའི་འཆར་ཅན་གེ་སར་རྟ་རྒྱུགས་དུས་ཆེན་དང་ལྷ་རྟ་རྐྱང་ངུ་བཟུང་བའི་ས་ཆ་དེར་ལོ་རེ་རྟ་རྒྱུགས་ཐེངས་རེ་བྱེད་པའི་ལུགས་བཟང་ལྡན་ལ། སྟག་རིང་དགོན་པའི་གཙོ་གཉེར་བྱས་པའི་སྟག་རིང་རྟ་རྒྱུགས་གཉིས་ནི་བྱང་ཐང་འདིར་སྐད་གྲགས་ཤིན་ཏུ་ཆེ་བའི་རྟ་རྒྱུགས་དུས་ཆེན་ཡིན་ལ། རྒྱལ་ཁབ་དང་རང་སྐྱོང་ལྗོངས་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་གི་ཚབ་མཚོན་རང་བཞིན་གྱི་མིང་གཞུང་དུའང་ཚུད་ཡོད་པ་རེད། དེ་དང་མཚུངས་པའི་གླིང་སྒྲུང་དང་འབྲེལ་བའི་བཤད་སྲོལ་མང་པོ་ཡོད་པ་སྟེ།
དབུ་སྒར་ནི་ནག་ཆུ་ལྟེ་བའི་གྲོང་མིང་ལ་དབུ་སྒར་རམ་ཨོ་རྒོད། སེ་ཧྲུག་ཞེས་ཟེར་ཞིང་། དེར་ཤོད་ཚུལ་མི་འདྲ་བ་གཉིས་ཙམ་ཡོད་སྟེ། ཁག་གཅིག་གིས་དབུ་སྒར་ཟེར་བ་ནི་སྔར་གླིང་རྗེ་གེ་སར་རྒྱལ་པོས་བདུད་ཀླུ་བཙན་འདུལ་ལམ་འདིར་བཞུགས་སྒར་རྒྱབ་མྱོང་བའི་དབུ་གུར་ཕུབ་སར་གྲོང་པ་ཆགས་རྗེས་མིང་དེ་འདྲ་བྱུང་གླེང་བ་དང་། ཡང་ཁག་གཅིག་གིས་སྔར་འདི་ཁུལ་སྡོད་གནས་ཁང་པ་གཏན་ནས་ཆགས་མེད་སྐབས་ཀྱང་། རྒྱ་སོག་བོད་ཀྱི་འགྲུལ་བཞུད་འདུས་ས་ཡིན་སྟབས། དེ་གའི་དཔོན་རིགས་གུར་ལ་བརྟེན་ནས་གནས་སྡོད་བྱེད་ཀྱི་ཡོད་པས་ན། དེར་ཞེ་སའི་མིང་བསྣན་ནས་དབུ་གུར་སྒར་ཞེས་མིང་ཐོགས་ཞེས་དང་ཡང་ཁག་གཅིག་གིས་དབུ་སྒར་མིན་པར་ཨོ་རྒོད་ཟེར་བ་སོག་པོའི་སྐད་ཡིན་ཤས་ཆེ་ཟེར། སེ་ཧྲུག་གྲོང་ཟེར་དོན་ནི་ནག་ཆུའི་རྫོང་ནང་སོ་མཁན་ནང་དང་ཞབས་བརྟན་དགོན་པ་ཆགས་རྗེས་འཁྲིས་སུ་སྦྲ་གུར་སེར་གུར་ཕུབ་མཁན་ཁྱིམ་དུད་འགའ་ཞིག་ཡོད་འདུག་པ་ཞེས་མིང་འདོགས་ཆགས་པ་རེད་ཟེར་རྒྱུན་འདུག
བྱང་རིགས་ཚོ་པ་ནི་ད་ལྟའི་ནག་ཆུ་ས་ཁུལ་གྱི་ནག་ཆུ་རྫོང་དང་་ཨ་མདོ་རྫོང་གཉིས་ཀྱི་ཁོངས་གཏོགས་ས་སྡེ་ལ་སྔོན་དུས་བར་སྐབས་ཤིག་རིང་ཆུ་བྱང་རིགས་སམ་བྱང་རིགས་སྡེ་བཞི་ཟེར་སྲོལ་ཡོད། གེ་སར་སྒྲུང་གི་ནང་འདི་ཡུལ་ཀེ་རུའི་ཀླུ་བཙན་རྒྱལ་པོའམ་བྱེ་རི་སྟག་རྩེ་རྒྱལ་པོའི་ཁོངས་ཡིན་ཚུལ་མང་པོ་གླེང་ཡོད། བདུད་གླིང་སྒྲུང་དཔེ་ཞིག་གི་ནང་དུ་འདི་ལྟར་བརྗོད་ཡོད་པ་སྟེ། སྟོད་སྟར་སྒོ་རི་ཁྲ་མན་ཆད། །ཤར་ནག་ལྷ་འཛམ་པ་ཡན་ཆད། །ལྷོ་ལྷ་རི་སྒང་བརྒྱུད་ཚུན་ཆད། །བྱང་དཔའ་གཟི་གངས་དཀར་ཚུན་ཆད། །ཀེ་རུའི་ཀླུ་བཙན་རྒྱལ་པོའི་མངའ་ཁོངས་ཡིན་ཚུལ་ དང་། དཀར་མོ་ལུག་གླིང་ལ་བདུད་སྒར་བརྒྱབ། འབུ་ཐོ་རི་དམར་གྱི་ནུབ་ཕྱོགས་ལ་གླིང་སྒར་བརྒྱབ་ཚུལ་སོགས་འདུག
རྟ་རྐྱང་རྒོད་འདོགས་སའི་རྡོ་ལུང་འདི་ནི་གསང་གཞུང་ཤང་ས་ཁ་ཆུ་ལ་རྟ་རྐྱང་རྒོད་འདོགས་སའི་རྡོ་ལུང་ཡིན་ཞེས་བརྗོད།
རྟ་རྐྱང་རྒོད་ཆུ་འཐུང་རྗེས་ཤུལ་ནི་གསང་གཞུང་ཤང་ས་ཨ་ཅོག་གོང་མ་ལ་རྟ་རྐྱང་རྒོད་ཆུ་འཐུང་སྐབས་ར་བཞི་ས་ལ་སྤོས་པའི་རྗེས་ཤུལ་ཡིན།
རྐྱང་ལུང་ཞེས་པ་ནི་གེ་སར་བྱང་ལ་ཕེབས་སྐབས་རྟ་རྐྱང་རྒོད་ལོ་གསུམ་སྒུག་པའི་ས་ཆ་དེ་ཡིན་ཞིང་། ད་ལྟར་སྟག་རིང་ཤང་གི་རྐྱང་ལུང་ཟེར་བ་ཡིན།
རྟ་རྐྱང་རྒོད་གྱི་ཞབས་རྗེས་ནི་སྟག་རིང་ཤང་གི་ངང་ལྡན་རྫའི་ཁྲོད་དུ་ཡོད།
གེ་སར་ལུང་པ་ནི་གེ་སར་རྒྱལ་པོ་ཚུར་ཕེབས་སའི་ལུང་པ་དེར་གེ་སར་ལུང་པ་ཟེར།
སྟག་རིང་དགོན་པའི་དུར་ཁྲོད་འདི་ནི་གེ་སར་རྒྱལ་པོ་བྱང་ནས་ཚུར་ཕེབས་ནས་རྟ་རྐྱང་རྒོད་འཛིན་དགོས་བསམ་ཀྱང་ཟིན་མ་ཐུབ་པས་རྒྱལ་པོས་དགོ་བ་ཞིག་བསད་ནས་དགོ་བའི་གྲོད་པར་ཁྲག་བླུག་ནས་རྒྱལ་པོ་མིན་ཚུལ་མཛད་ནས་རྐྱང་རྒོད་བཟུང་བའི་ས་ཆ་འདི་ཡིན།
སྟག་རིང་རྟ་རྒྱུགས་བྱེད་པའི་ས་ཆ་དེར་ཝ་སྡིས་བྲག་ཟེར་བ་ཞིག་ཡོད་པ་དང་། གེ་སར་རྒྱལ་པོས་ནུས་མཐུ་དང་རྟ་རྐྱང་རྒོད་ཀྱིས་བདེན་ཚིག་ལ་བརྟེན་ནས་ཝ་སྡིས་སྲིན་མོ་སྤུན་གསུམ་བྲག་རིར་དམ་དུ་བཏགས་པ་དང་། ནམ་ཡང་མི་ལངས་པའི་སྨོན་ལམ་བཏབ། བཤད་རྒྱུན་སྟག་རིང་ཟེར་བའི་ས་ཆ་དེར་ལོ་རེ་རྟ་རེ་མ་རྒྱུགས་ན་ས་འདྲེ་ཝ་སྡིས་ལངས་ཉེན་ཡོད་ཞེས་བཤད་སྲོལ་ཆགས་ཡོད།
རྡོ་ཕྱག་རྗེས་ཐང་ནི་གསེར་གཞོང་ཤང་དུ་ཡོད་ཅིང་། དེར་རྡོ་ཕ་བོང་འབྲོང་གཡག་ཙམ་གཉིས་ཡོད་པའི་སྟེང་དུ་གེ་སར་རྒྱལ་པོ་ཞབས་རྗེས་ཆ་ཚང་ཡོད་པ་དང་ས་ཆ་དེར་བདུད་ཨ་ཆུང་གི་སྒོ་སྲུང་ཞིག་ཀྱང་ཡོད་རབས་འདུག
རལ་གྲི་འཕྲང་ནི་ཉི་མ་ཤང་གྲོང་ཚོ་བརྒྱད་པར་ཡོད་ཅིང་། སྔར་རྟ་རྣ་དགོན་པ་ཆགས་སའི་དཀྱིལ་དྲུང་ཐང་གི་ཐད་ཀར་ཡོད་པའི་ནག་ཆུ་གཙང་པོའི་ཉིན་ངོས་ཆུ་འགྲམ་གྱི་བྲག་རིའི་འཕྲང་གཟར་རལ་གྲིས་བཤགས་པ་ལྟར་ཡོད་པ་དེ་རེད། བཤད་ཚུལ་དུ་གེ་སར་གྱིས་བདུད་ཨ་ཆུང་ནག་ཆུའི་ཆུ་བརྒྱུད་འཐུར་དེད་ནས་ས་དེར་སླེབས་སྐབས་རལ་གྲི་བཏབ་པའི་ཤུལ་ཡིན་ཞེས་ཟེར་སྐད།
དུས་ལུང་ནི་ཉི་མ་ཤང་གྲོང་ཚོ་བརྒྱད་པའི་བྱིས་རོ་ཞེས་པའི་རི་བོ་དེའི་འགྲམ་གྱི་ལུང་པ་དེ་ཡིན་པ་དང་། དུས་ཞེས་པ་ནི་བྱང་འབྲོག་གི་ཁ་སྐད་ཡིན་པ་དང་རྗེས་ཟིན་པའི་དོན་ཡིན། གེ་སར་རྒྱལ་པོས་བདུད་ཨ་ཆུང་བྲོས་པའི་རྗེས་འདེད་བྱས་ནས་ས་ཆ་དེར་རྗེས་ཟིན་པའི་དུས་ལུང་ཞེས་གྲགས་པ་དང་། བདུད་ཨ་ཆུང་ས་ཆ་དེ་གར་དམ་ལ་བཏགས་ཤིང་ངལ་གསོ་བྱས་པའི་རྗེས་ཤུལ་ཁྲབ་གྱི་རྗེས་ཤུལ་ཡང་གསལ་པོ་ཡོད་པ་རེད།
གེ་སར་ཁྲབ་རྗེས་ནི་ཉི་མ་ཤང་གྲོང་ཚོ་བརྒྱད་པའི་བྱིས་རོ་ཞེས་པའི་བྲག་རི་ཞིག་ཡོད་པ་དང་། དེའི་བྲག་ངོས་སུ་ཁྲབ་རྗེས་ལྟ་བུའི་རི་མོ་ཡོད་པ་དེ་ནི་བཤད་རྒྱུན་དུ་གེ་སར་རྒྱལ་པོས་བདུད་ཨ་ཆུང་དམ་ལ་བཏགས་རྗེས་སུ་བྲག་རྡོ་དེར་རྒྱབ་བརྟེན་ནས་ངལ་གསོ་བརྒྱབ་པའི་ཁྲབ་རྗེས་ཡིན་ཟེར་སྐད་འདུག
སྟག་རིང་དང་སྟག་གསར་ཚོ་པ་གཉིས་ནི་གེ་སར་སྒྲུང་ནང་གི་བྱེ་རིའི་བྱུར་རྫོང་ནང་དུ་སྟག་རིང་རྟ་སྣ་སྡེ་པ་དང་། སྟག་གསར་རྡོ་རྗེ་ཐོག་དམར་ཟེར་བ་འཁོད་འདུག་པས། སྟག་རིང་དང་སྟག་གསར་གཉིས་ནི་སྔོན་ཚོ་པ་གཅིག་ཡིན་པ་དང་། འགོ་དཔོན་ཞུ་ཚེང་བཀྲ་དང་ཞུ་དཀར་ཚེང་ཟེར་བའི་སྤུན་གཉིས་ནང་བགོས་སྐབས་འོག་སྡེ་ཡང་བགོས་པ་རེད། སྟག་རིང་ཡུལ་དུ་སྟག་རྔམ་ཆེན་དང་གཟིག་ཁྱུང་རྫོང་། དོམ་དཔའ་སྡེར། མེ་དར་གཡང་མོ་ཁུག ཆུ་དར་དོ་སྐྱ་ཐང་། བསྐལ་པ་ཆགས་པའི་ཞོ་ཆེན་དང་ཞོ་ཆུང་ཟེར་བ་སོགས་ས་མིང་མང་པོ་ཡོད་པའི་ནང་ནས་སྟག་རྔམ་ཆེན་གྱི་མིང་གཡར་བ་དེ་ནག་ཆུ་གཙང་པོའི་ཆུ་རྒྱུན་རིང་པོར་སྦྱར་ནས་སྟག་རིང་ཟེར་བའི་ཤོག་མིང་བྱུང་སྐད། དེ་རྗེས་སྟག་རིང་ཤོག་ཁ་ཡང་ཞུ་སྤུན་གཉིས་བགོས་པ་དང་བསྟུན་ནས་སྡེ་ཡང་བགོས་པའི་དཀར་ཚེང་གི་སྡེ་ལ་སྟག་གསར་ཞེས་པའི་མིང་བྱུང་ཚུལ་འདུག
བར་ཐའི་ཇིར་གིར་དཔོན་ཚང་འདི་པར་སྔོན་ཧོར་བཤན་པ་དམར་པོའི་ཚེ་སྐྲ་དང་གོ་ཁྲབ་ཡོད་འདུག་པས། ལ་ལས་ཧོར་སྡིག་ཅན་བཤན་པ་དམར་པོའི་མི་རྒྱུད་རེད་ཅེས་གླེང་རྒྱུན་འདུག་ ཀྱང་། ཚེ་སྐྲ་དང་གོ་ཁྲབ་རིག་གསར་སྐབས་གཏོར་བརླག་ཟིན་ནས་མེད། བར་ཐའི་ཇིར་གིར་དཔོན་འདི་བོད་ས་གནས་སྲིད་གཞུང་སྐབས་བྱང་རིགས་སྟོང་བརྒྱའི་ནང་གི་གྲལ་གནས་གོང་མ་གནོན་མཁན་དང་། ལྷ་སར་དོམ་དོམ་ཉིས་བརྩེགས་བརྒྱབ་ཆོག་ལ་ཆིབས་གཡོག་གཉིས་ཁྲིད་ཆོག་པའི་ཐའི་ཇིའི་གོ་སའང་ཡོད་འདུག་ལ་ཧོར་དམ་སྡིག་རྭ་དང་ཆོས་འབྱུང་ཞེས་གྲུ་གསུམ་སྣོལ་མ་ཞིག་ཡོད་པར་སྣང་། ཉེ་ཆར་བརྟག་ཞིབ་བྱས་པ་བརྒྱུད་ནས་ཤེས་རྟོགས་བྱུུང་བར། བར་ཐའི་ཇིར་གིར་དཔོན་ཚང་འདི་ནི་ཧོར་ཇིར་གེར་གནམ་གྱི་རྒྱལ་པོའི་མི་ཐོག་བཅུ་དགུ་པ་ཨ་ཨལ་རྒྱལ་པོའི་མི་བརྒྱུད་འཕྲུལ་མེད་ཡིན་པ་མ་ཟད་བྱང་ཐང་ནག་ཆུ་འདིར་འཚོ་བ་སྐྱེལ་ནས་མི་ཐོག་ཉི་ཤུ་རྩ་གཅིག་པ་ད་ལྟར་ན་མར་ཆེ་ཤང་དུ་བཞུགས་འདུག བར་ཐ་སྒེར་གཞུང་དགུ་ནི་བྱང་རིགས་ཀྱི་སྔར་ཡོད་སྡེ་ཞིག་ཡིན་པར་ངེས་སྟེ། ནམ་ར་གྲོ་མའི་བྲག་དཀར་གྱི་སྟེང་དུ་གནའ་རབས་ཀྱི་མཁར་རྫོང་ཤུལ་ད་ལྟའང་ཨ་མདོ་རྫོང་སྟོང་མཆོད་ཆུས་ཁོངས་སྔོན་བར་ཐ་སྡེ་གསར་ནང་དུ་མཐོང་རྒྱུ་ཡོད་པ་ཡིན།
གནམ་རུ་ཚོ་པ་ནི་གནམ་མཚོ་ཕྱུག་མོའི་ཉེ་རྒྱུད་ནུབ་དང་ནུབ་བྱང་དུ་ཚོ་དང་ཚོ་བྱས་ཏེ་སྡོད་པའི་རུ་པའི་སྐོར་ཚོ་ཡོད་པ་དེ་དག་ལ་གནམ་རུ་རུ་པ་ཅེས་པའི་བསྡུས་མིང་ལ་གནམ་རུ་ཟེར་བར་གྲགས། འབྲོག་པའི་སྔར་གཏམ་དུ། གནམ་རུ་འདི་བཞིན་བདུད་ཨ་ཆུང་གི་འཛིན་བདག་ཡིན་པ་དང་བདུད་སྡེ་ནང་པའི་ཆོས་ལ་བསྒྱུར་རྗེས། རི་ཤི་ཨ་སྟག་ཀླུ་མོ་ཞེས་པ་དེ་དུ་རུའི་རྫ་རྒྱ་སྒོ་ལྷོ་བྱང་དང་། འབུ་ཆེན། འབུ་ཆུང་ཟེར་བ་སོགས་རྒྱུག་རི་ཆེན་པོ་ཞིག་ཡོད་པ་དེར་སྡོད་ཀྱི་ཡོད་རྒྱུན་འདུག
རི་པའི་གསེར་རྫོང་ནི་ཀེ་རུའི་ཁྲོ་བོ་སྟོབས་རྒྱལ་གྱི་མཁར་ཤུལ་རི་པའི་གསེར་རྫོང་ཞེས་པ་དེ་ཡིན་ཅིང་། དེ་ནི་སྔོན་བདུད་བློན་ཀེ་རུའི་ཁྲོ་བོ་སྟོབས་རྒྱལ་གྱི་བསྡད་སའི་མཁར་རྫོང་ཡིན་པར་ཡུལ་མིས་བཤད་ཅིང་ངམ་གླིང་ལས་ཀྱང་རི་པའི་གསེར་རྫོང་ཞེས་སུ་གྲགས།
སྐྱུགས་ཐང་ནི་ཤག་གཟུགས་ཞེས་པའི་ས་དེར་གེ་སར་རྟ་རྫི་ཕེབས་སྐབས་སྐྱུགས་པ་རྒྱབ་པའི་ཐང་ལ་སྐྱུག་ཐང་ཟེར། ཐང་དེར་དེའུ་ཆུང་གསུམ་ཡོད་པ་དེ་སྐྱུག་དེའུ་ཞེས་སུ་གྲགས།
རྟ་རྐྱང་པོ་བརྟོད་ས་ནི་གེ་སར་རྟ་རྫི་འགྲོ་བའི་དུས་རྟ་རྐྱང་པོ་བརྟོད་ས་ཡིན་པར་གྲགས་ལ། དེ་དུས་མདོ་ཆེན་གྱིས་རྨིག་པའི་རྗེས་ཡང་དེ་ན་བཞག་པ་ལ་རྟ་རྗེས་ཞེས་ཟེར། གེ་སར་གྱིས་ཞབས་ཀྱིས་རྗེས་བཞག་པ་ན་ད་ལྟ་ཡང་ཞབས་རྗེས་ངོ་མཚར་ཅན་ཞེས་སུ་གྲགས།
ཟངས་ལུང་བྲག་དཀར་ནི་བདུད་པོ་ཨ་ཁྱུང་གི་ཟངས་རྭ་བུད་ས་ཡིན་པ་དང་གནས་དེར་འབྲི་གུང་སྐྱོབ་པ་འཇིག་རྟེན་གསུམ་མགོན་གྱི་སྒྲུབ་ཕུག་ཡོད་པ་དང་བྲག་མི་ལངས་སྟེང་དུ་སྐྱོབ་པ་རིན་པོ་ཆེས་ཕྱག་མཁར་གྱི་རྗེས་ཤུལ་སོགས་ཡོད།
མཐའ་ཁང་བྲག་རྫོང་ནི་བཙན་ཚ་ལྷ་དར་ངོ་དམར་གྱི་རྫོང་ཡིན་པར་ཡུལ་མི་རྣམས་ཀྱིས་བཤད་སྲོལ་ཡོད།
གཉིས། ཨ་མདོ་རྫོང་དང་འབྲེལ་བའི་གླིང་སྒྲུང་བཤད་སྲོལ།
ཨ་མདོ་རྫོང་འདི་སྔར་ཨ་མདོ་ཤོག་བརྒྱད་ཀྱི་ས་ཆ་ཡིན་པ་དང་། མདོ་སྨད་ཨ་རིགས་དུད་བདུན་རྗེ་ཙོང་ཁ་པ་དང་མཉམ་དུ་དབུས་གཙང་དུ་ཡོང་ནས་གནས་འདིར་གཞིས་ཆགས་པའི་ཨ་མདོ་ཞེས་པའི་མིང་ཐོགས་པར་བཤད་ལ། ས་ཆ་འདི་ནི་ནག་ཆུའི་བྱང་སྒོ་ལྟ་བུ་ཡིན་པས་ཁ་རྒྱུན་དུ། བྱང་དགྲ་འབྲོང་གཉིས་ཀྱི་ས་མཚམས། དམར་ཡག་སྟག་གི་གོང་ང་། གཙོད་ཨ་ཡུའི་འདན་པ་དུང་ལས་དཀར་ས། བྱང་རྟེའུ་ལེའི་དུད་པ་མདའ་ལས་དྲངས་ས། རྡོ་ཨ་དཀར་གྱི་ཉི་མ་ལྡེ་ས། རྩྭ་འཇག་མའི་ཤུ་གླུ་ལེན་ས་ཞེས་བཤོད་པ་དང་། གནས་འདི་ནི་བྱང་རི་ཤིའི་ཨ་སྟག་ཀླུ་མོའི་ཕ་ས་དངོས་ཡིན་པར་གྲགས། གནས་མཆོག་འདིར་ཡང་གླིང་སྒྲུང་དང་འབྲེལ་བའི་བཤད་རྒྱུན་མང་པོ་ཡོད་དེ།
སྒྲོལ་སྐུ་དགོན་ནི་ཨ་མདོ་རྗོང་མཁར་གྱི་ལྷོ་ཤར་ནས་བར་ཐག་སྤྱི་ལེ༤༥ཙམ་གྱི་སར་གནས། རི་བོ་དགེ་ལུགས་པའི་གྲུབ་མཐའ་འཛིན་པའི་ཆོས་སྡེ་འདི་རྗེ་གྲུབ་ཁང་པ་སྐུ་ཕྲེང་བཞི་པ་བློ་བཟང་ཚུལ་ཁྲིམས་བསྟན་པའི་རྒྱལ་མཚན་གྱིས་ཕྱག་བཏབ། མེར་བཟའ་གཉིད་དུ་ཡུར་བའི་སྐབས་སུ་རྗེ་བཙུན་སྒྲོལ་མའི་སྐུ་ཞིག་གནང་བ་རྨིས་པ་དང་གཉིད་ལས་སད་སྐབས་རྡོ་སྐུ་སྒྲོལ་མ་རང་བྱུང་ཞིག་རྙེད་པས་སྒྲོལ་སྐུ་དགོན་མིང་ཐོབ་ཞེས་བཤད་སྲོལ་ཡོད་ཅིང་། རྡོ་སྐུ་རང་བྱུང་དེ་དགོན་པའི་ཤར་ཁུལ་གྱི་བྲག་ཁུག་དེར་ཡོད་པ་དང་གསལ་པོ་རང་མི་འདུག་ཞེས་ཨ་མདོ་བ་ཉམས་སྡིས་ཀྱིས་བཤད། གནས་འདིའི་སྒྲོལ་མའི་སྐུ་རང་བྱུང་གྱི་གཡས་ཕྱོགས་སུ་ནམ་ར་རང་བྱུང་། དེའི་གཡོས་འོག་ཏུ་བར་རྡོའི་འཕྲང་ལམ། དེའི་འོག་ཏུ་འབྲུག་མོའི་ཞབས་རྗེས། དེའི་འོག་ཏུ་འདན་མའི་ཕྱག་ངར་གྱི་རྗེས། དེའི་གཡས་ཀྱི་སྟེང་དུ་ཁྲོ་ཐུང་གི་བོན་ཞྭའི་རྗེས། དེའི་གཡས་ཀྱི་སྟེང་དུ་གླིང་གི་སྤྱི་དཔོན་རོང་ཚ་ཁྲ་རྒན་གྱི་ཞབས་རྗེས། དེའི་འོག་ཏུ་གེ་སར་རྒྱལ་པོའི་ཞབས་རྗེས་སོགས་ཡོད།
མཐའ་ཁང་དགོན་ཞེས་པ་ནི་སྔར་གླིང་གི་དུས་སུ་ངམ་ཡུལ་མཐའ་ཁང་ཞེས་བྱ་བའི་མིང་ད་ལྟ་བར་རང་འཇགས་སུ་གནས་པར་བཤད། མིང་གཞན་ལ་ཐང་དཀར་དགོན་ཟེར་ཞིང་། དེ་ནི་རྗེ་སྒྲུང་ཁང་ཉིད་ཀྱིས་འདི་གའི་ས་དབྱིབས་ནི་ཁྱུང་གི་རྭ་བར་དང་བྱ་ཐང་དཀར་གྱི་གཤོག་པ་བརྐྱངས་པ་འདྲ་བ་འདུག་པས་ཨ་མདོ་ཐང་དཀར་དགོན་ཡང་ཟེར་སྲོལ་ཡོད། སྤྱི་ལོ༡༨༨༠ལོར་སྒྲུབ་ཁང་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་བསྟན་འཛིན་རྒྱ་མཚོ་དགུང་ལོ་བཅུ་གསུམ་གྱི་སྐབས་སུ་ཨ་མདོར་ཆིབས་སྐྱོད་སྐབས་སུ་དེང་གི་དགོན་པའི་ལྷོ་ནུབ་ཀྱི་བྲག་ཝ་ཤེ་མ་ཞེས་པའི་སར་ཞག་བཞུགས་གནང་། དེའི་མཚན་མོར་རྗེ་ཉིད་ཀྱི་མནལ་ལམ་དུ་མཐའ་ཁང་ནས་ཡོང་བའི་དབང་ཆེན་ཡང་གསང་གི་རྒོད་མ་ལྕགས་ཀྱུ་མ་དང་དང་དེའི་སྲུང་མ་དྲག་རྩལ་ཐོག་འབེབས་ཅན་རྟ་ནག་རྟིང་དཀར་ལ་ཆིབས་ནས་ཞུས་དོན། མཐའ་ཁང་དྲག་པོ་ཞེས་པའི་བྲག་ཁུང་འཇིགས་སུ་རུང་བ་འདི། བྱང་ཕྱོགས་བསྟན་འགྲོའི་དཔལ་མགོན་ཁྱེད་ལ་དབང་། སྔོན་ཨུ་རྒྱན་པད་མ་འབྱུང་གནས་དང་། འཛམ་གླིང་སེང་ཆེན་རྒྱལ་པོས་ལུང་བསྟན་ཡིན་པས་སང་ཉིན་མཐའ་ཁང་དུ་བཞུགས་སྒར་ཕེབས་ཏེ་དགོན་པ་གསར་ཆགས་ཀྱི་རྟེན་གཞི་གནང་རོགས་ཞུས་འཕྲལ་དྲག་རྩལ་ཐོག་འབེབས་ནས་མཐའ་ཁང་དགོན་པ་ཆགས་པ་ན་དེའི་བཀའ་སྡོད་ཆོས་དང་མཐུན་ཞིང་མཐུན་རྐྱེན་སྡོང་གྲོགས་འབར་བ་དང་མ་རུངས་པ་རྣམས་ཚར་གཅོད་ཀྱི་ལས་བྱེད་ཅེས་པ་དང་གློ་སྙིང་ཕུལ་བ་མནལ་ལམ་དུ་ཤར། སྐབས་དེར་སྡེ་དཔོན་གཉིས་ཀྱིས་དགོན་པ་སྔོན་མའི་གནས་ཡུལ་ལམ་ཡང་ན་གྲོ་གད་ཀྱི་ཉིན་ངོས་སུ་ཆགས་གནས་ཆག་པའི་ཡར་ཞུ་ཕུལ་ཀྱང་རྗེ་ཉིད་ཀྱིས་སྔོན་མའི་མནལ་ལམ་དུ་ཤར་ཚུལ་གྱི་རྒྱུ་མཚན་རྣམས་སྡེ་དཔོན་ལ་ཞིབ་ཅིང་ཕྲ་བ་གསུང་འཕྲལ་དགོན་པ་ས་གནས་འདི་རུ་གཏན་ནས་སྡོད་པའི་ཐག་གཅོད་ཀྱི་བཀའ་བསྐྱར་དུ་སྩལ་ནས་དགོན་པ་ས་དེར་ཆགས་བཏབ་བོ། །ཐང་དཀར་དགོན་པའི་གཡས་གཡོན་དུ་རྟ་རྐྱང་རྒོད་ཀྱི་ཞབས་རྗེས་མང་པོ་ཡོད་པ་དང་། དགོན་པའི་འོག་དུ་གནས་པའི་བྲག་ཁུང་ནང་དུ་རང་བྱུང་རྣམ་པ་མང་པོ་ཡོད།
ཤེལ་ཕྱག་རི་བོ་ནི་སྟོད་མ་ཤང་སྲིད་གཞུང་ནས་མི་རིང་བར་གནས་པའི་ཤེལ་ཕྱག་རི་བོར་གེ་སར་བྱང་ལམ་དུ་ཕེབས་སྐབས་ཀྱི་གསོལ་ཕོག་བརྒྱག་ས་དང་མེ་བཏང་ས། རྟ་འདོགས་སའི་རྗེས། རི་མགོ་ནས་སོ་ལྟ་བྱ་ཚུལ། འབྲུག་མོ་དང་ཁ་བྲལ་བའི་ཁང་ཁར་ལ་ཟེར་བའི་ལ་དང་། རྒྱ་ཚ་དང་བཀའ་ཐག་བཅད་པའི་བཀའ་ཐག་ཕུག་པ་སོགས་དེ་མིན་ཞབས་རྗེས་ཡང་མང་པོ་ཡོད།
འབབ་རོང་ནི་བྲག་སྨུག་གྲོང་བརྡལ་གྱི་གྲོང་ཚོ་བཞི་པར་གནས་ཞིང་། དེར་གེ་སར་གྱི་ཞབས་རྗེས་དང་རྐྱང་རྒོད་ཀྱི་རྨིག་རྗེས་སོགས་བཤད་རྒྱུན་མང་པོ་ཡོད།
དཔའ་མོའི་རྡོ་རྫོང་ནི་ཨ་མདོ་རྫོང་གི་ནུབ་ཕྱོགས་སུ་གནས་ཞིང་། ས་ཆ་དེར་གཟི་དང་བྱུ་རུ། དུང་སིལ་སོགས་བུད་མེད་ཀྱི་རྒྱན་ཆ་མང་པོ་སྒྲུག་རྒྱུ་ཡོད་ལ་ལོ་རྒྱུས་ཀྱི་བཤད་སྲོལ་མང་པོ་ཡོད།
བཅུག་རྡེའུ་ནི་དཔལ་མགོན་རྫོང་དང་ཨ་མདོ་རྫོང་། བར་རྟ་སོགས་སུ་འགྲུལ་བསྐྱོད་སྐབས་སུ་གེ་སར་གྱིས་མཛད་གནང་བའི་བཅུག་རྡེའུ་ཟེར་བའི་སོག་སྣེ་མང་པོ་སྒྲུག་རྒྱུ་ཡོད་རབས་འདུག
ཨ་ཁུ་ཁྲོ་ཐུང་རྒྱལ་པོའི་ཁྲོ་ཟངས་ནི་གོ་ར་རྫ་ཟིལ་རྩེ་མོར་ཡོད། གེ་སར་རྒྱལ་པོའི་བཞུགས་ཁྲི་ནི་གནམ་མཚོ་བཀྲ་ཤིས་དོ་ལ་ཡོད། གོ་ར་ནི་བདུད་གྱི་བླ་རི་འདི་བྱང་མ་ཤང་གྲོང་ཚོ་གནས་ཡོད། བདུད་ཨ་ཆུང་གི་གསས་མཁར་དགུ་བརྩེགས་ཞེས་པའི་ས་ཆ་དེར་བདུད་ཨ་ཆུང་གི་གསས་མཁར་དགུ་རྩེགས་ཡོད་པ་དང་། གོ་ར་རི་ནས་མདའ་མདུང་གི་རྩེ་མོ་མང་པོ་སྒྲུག་རྒྱུ་ཡོད་པ་རེད།
གནམ་ཤར་སུམ་མདོ་ནི་བྱང་མ་ཤང་གྲོང་ཚོ་བདུན་པར་གནས་ཤིང་། ས་ཆ་དེ་ནི་བདུད་ཨ་ཆུང་དམ་ལ་བཏགས་པའི་ས་ཆ་དངོས་དེ་ཡིན་པའི་བཤད་སྲོལ་ཡོད། དེར་གེ་སར་རྒྱལ་པོའི་ཐབ་རྡོ་གསུམ་ཡོད་པ་དང་། ཐབ་རྡོ་དེ་དག་ཉིན་དཀར་ཕལ་བའི་ཐབ་རྡོ་དང་གཉིས་སུ་མེད་ཀྱང་མཚན་མོར་འོད་ཟེར་འཕྲོ་བ་ཞིག་ཡོད་རབས་འདུག སུམ་མདོ་དེར་གནའ་ཤུལ་མང་པོ་ཡོད་པ་དང་དེའི་ནང་ནས་གནའ་ཤུལ་ཆེ་ཤོས་དེར་ཁང་མིག༨༠ལྷག་ཙམ་ཡོད་པར་སྣང་། ས་ཆ་དེར་ད་དུང་རིགས་གསུམ་མགོན་པའི་སྐུ་རང་བྱོན་དང་རྟ་རྐྱང་རྒོད་ཀྱི་རྨིག་རྗེས་བཅས་ཡོད།
ཆུ་ནག་ནི་མཚོ་ནག་འགྲམ་གྱི་གནས་མོ་དགོན་པའི་ཉེ་འགྲམ་དུ་ཆུ་ནག་ཟེར་བའི་ཆུ་མིག་ཞིག་ཡོད་པ་དང་། དེ་ནི་རྟ་རྐྱང་ངུ་ཆུ་འཐུང་ནས་མགོ་བོ་བཏེགས་སྐབས་བྲག་ཐོག་ཏུ་སྣ་བརྡབ་ནས་ཁྲག་ཤོར་བའི་ཆུ་ཡིན་ཟེར་སྲོལ་ཡོད་པ་དང་། ཆུ་དེ་མཚོ་ནག་གི་ཆུ་དང་མི་འདྲ་བར་ཁྲག་མདོག་ལྟར་ཡོད་ཅིང་ཆུ་དེས་ཕོ་བར་ཕན་ཟེར།
རྐྱང་རྔོག་ཤང་ནི་ནག་ཆུ་ཨ་མདོ་རྫོང་གི་ཤང་ཞིག་ཡིན། བཤད་སྲོལ་ལྟར་ན། གླིང་རྗེ་གེ་སར་རྒྱལ་པོ་བདུད་ཡུལ་དུ་ལོ་དགུ་བསྡོད་སྐབས་ལྷ་རྟ་རྐྱང་རྒོད་འཕེར་བ་དེ་བྱང་ཐང་གི་རྐྱང་ཁྱུ་དང་འདྲེས་ནས་ཐང་ལ་སྦྲེལ་སློག་བརྒྱབ་ནས་རྔོག་མ་དགུང་ལ་གཟེང་བའི་ས་ཆ་ཡིན་པར་གྲགས་པའི་མིང་དེ་ལྟར་ཐོགས་ཞེས་གྲགས།
སྒྲོ་གད་རྡོ་རྗེ་གནམ་རྫོང་ཕྱུག་མོ་ནི་ཨ་མདོའི་ཡུལ་གྱི་རྒྱབ་རི་གལ་ཆེན་ཞིག་ཡིན་ཞིང་། གླིང་སྒྲུང་ནང་དུ་བཤད་པའི་ངམ་རི་རྡོ་རྗེ་རྩེ་་རྒྱལ་ཟེར་བ་དེ་ཡིན་པར་བཤད་སྲོལ་ཡོད།
ཨ་མདོའི་མཚོ་ནག་འདི་ནི་རྒྱལ་མོ་རྔུལ་ཆུའི་ཆུ་སྟོད་ནག་ཆུ་གཙང་པོའི་འབྱུང་ཁུངས་ཡིན་ཞིང་། དེ་ཡང་གླིང་སྒྲུང་ནང་དུ་ངམ་མཚོ་སྨུག་རླངས་དྭངས་མེད་ཟེར་བ་དེ་ཡིན་པར་བཤད་སྲོལ་ཡོད།
གསང་ཁ་སྒང་ནི་ཨ་མདོ་རྫོང་དུ་འགྲོ་བའི་ལམ་ཁར་གནས་ཤིང་ས་ཆ་དེ་ནས་ཨ་མདོ་རྫོང་ཁྲ་ལྷམ་མེར་མངོན་ཐུབ། གླིང་སྒྲུང་ནང་དེ་ནི་སྤང་མཁར་ན་རོ་དགུ་ཆོད་ཟེར་བ་དེ་ཡིན་པར་བཤད།
ག་གོར་ཆུ་དང་གསང་ཆུ་ནི་ཐང་གོ་ལའི་རི་རྒྱུད་ལྷོ་ངོས་སུ་འབབ་ཤིང་གླིང་སྒྲུང་ནང་དུ་ངམ་ཆུ་སྦྲུལ་ནག་འཁྱུག་ཆེན་ཟེར་བ་དེ་ཡིན་པར་བཤད།
བྱང་འབྲོག་སྦྲ་ནག་སྒོ་དཀར་ནི་བྱང་འབྲོག་གི་སྦྲ་ནག་ཕལ་ཆེར་ནི་ཆེ་ཆུང་དབྱེ་བ་མེད་པར་རལ་ནག་ཁ་སྦྱོར་མི་བྱེད་པར་བལ་ལས་གྲུབ་པའི་སྒོ་དཀར་དང་ཁུག་དཀར་གཏོང་སྲོལ་ཡོད། དེ་ཡང་ཁ་རྒྱུན་དུ་བྱང་འབྲོག་ཁུལ་འདི་དེ་སྔ་གླིང་སྒྲུང་ནང་གི་བདུད་སྡེ་ཡིན་པས་བདུད་ཨ་ཁྱུང་གིས་རང་སྡེ་གསེར་ཕྱེ་སྤུངས་སྤུངས། མི་སྡེ་གྲོ་ཡོས་འགམ་འགམ་ཡིན་པས་དམག་འཐབ་སྐབས་སུ་རང་སྡེ་དང་མི་སྡེ་མི་ནོར་བའི་མཚོན་རྟགས་ཡིན་པར་བཤད་སྲོལ་ཡོད།
ཚེ་རུ་མཚོ་ནི་བདུད་མོ་མེ་བཟའི་བྱིས་པ་སྐྱེས་སྐབས་མགོ་ཆུ་གྲགས་པའི་ཚེ་རུ་མཚོ་ཟེར་བ་ཡིན། མཚོ་དེའི་གོང་དུ་དོ་ཞིག་ཡོད་པ་ནི་བདུད་ཨ་ཁྱུང་གི་བྱིས་པའི་རོ་རུ་གྲགས་པའི་དོ་མགོ་ཡིན།
རྟ་རྐྱང་པོའི་ཞབས་རྗེས་ནི་གོ་རའི་ཁྲོ་ཕུར་དུ་ཡོད་པའི་རྟ་རྐྱང་པོའི་ཞབས་རྗེས་དེ་མདོ་ཆེན་རྐྱང་རྒོད་གཡེར་བའི་ཡུལ་དེའི་ས་བདག་རྣམས་དབང་དུ་བསྡུས་ནས་ཕྱི་རབས་ཡུལ་དེར་གནོད་པ་ལས་སྲུང་བ་རེད་ཞེས་བཤད་སྲོལ་ཡོད།
གེ་སར་ཞབས་རྗེས་དེ་ནི་སྨིག་རུར་ཡོད་པའི་གེ་སར་ཞབས་རྗེས་ཞིག་ཡིན་པ་དང་དེ་ནི་བྲག་དཀར་པོའི་སྟེང་དུ་གསལ་ལ་ཁྱད་དུ་མཚར་བ་སེང་ཆེན་ནོར་བུ་དགྲ་འདུལ་གྱིས་མ་འོངས་བྱང་ཡུལ་དུ་བསྟན་པ་དར་ཞིང་རྒྱས་པའི་སྨོན་ལམ་དང་བཅས་བཞག་ཡིན་ཞེས་བཤད་སྲོལ་ཡོད།
འདུ་ར་རྫོང་གཞུང་ན་ཐང་ནི་ངམ་གླིང་གཡུལ་འགྱེད་ལས་གསུང་པས། འདུ་ར་རྫོང་གཞུང་ན་ཐང་ཞེས་པ་ནི་བདུད་སྒར་རྒྱབ་སའི་ཡིན་པར་གྲགས་ཤིང་། ད་ལྟ་ཡང་ཡུལ་དེའི་མི་རྣམས་ཀྱིས་བཤད་སྲོལ་དུ་གནས་ཡོད།
ཨ་སྟག་ཀླུ་མོའི་མདའ་འབེན་རྩེ་ས་ནི་དཔའ་མོ་ཨ་སྟག་གིས་འབེན་དེའུ་ལྷོ་བྱང་ནི་བདུད་སྒར་རྒྱབ་པའི་སྐབས་སུ་བྱང་རིའི་ཤིའི་ཨ་སྟག་ཀླུ་མོའི་མདའ་འབེན་རྩེ་སར་ཡིན་པ་ན་འབེན་ར་ཞེས་སུ་གྲགས་ལ་དེ་འང་དེའུ་མཐོ་དམན་གཉིས་ཡོད།
ཨ་ཁྱུང་གི་རྫོང་ཆེ་ཆུང་ནི་གོ་རའི་མདུན་དུ་ཡོད་པའི་བདུད་པོ་ཨ་ཁྱུང་གི་རྫོང་ཆེ་ཆུང་གཉིས་ཡོད་ཅིང་། བཤད་སྲོལ་དུ་སྔོན་བདུད་པོ་ཨ་ཁྱུང་གིས་ས་ཆ་དེར་མཁར་བརྩེགས་ནས་བསྡད་པ་ཡིན་ཞེས་སུ་གྲགས་ལ་ད་ལྟ་ཡང་ཁང་པའི་བརྩེགས་རྡོ་ལྟར་ཤུལ་འགའ་ཞིག་མཐོང་རྒྱུ་ཡོད།
བདུད་སྒར་གྱི་ཐལ་སྤུངས་གྲགས་པའི་ཐལ་བ་ཆེ་ཆུང་དེ་ནི་བདུད་ཀྱིས་སྒར་ཟླ་ལམ་གསུམ་དུ་བསྡད་པའི་སྐབས་ཐལ་བ་སྤུངས་བའི་ས་ཆ་ཡིན་ཞེས་སུ་གྲགས།
སྦས་ས་ཤིར་སྙིང་སྨུག་རྟགས་ཞེས་པའི་རི་ཆུང་དེ་ནི་བཤད་སྲོལ་དུ། ཀེ་རུ་རྒྱལ་རབས་གོང་མའི་ཕ་ཆོས་དམ་པ་བཅུ་གཉིས་ས་ཆ་དེར་སྦས་ཞེས་སུ་གྲགས། གོ་རའི་མདུན་གྱི་རྩ་དེའུ་མཁར་ཤུལ་ཡང་ས་དེར་ཡོད།
རི་གུ་མཁར་དམར་རྔ་རྫོང་ནི་རྒྱལ་མཚན་མཐོ་པོའི་མདུན་གྱི་མཁར་ཤུལ་རི་ཁུག་ཟུར་ཟེར་བའི་རི་གུ་མཁར་དམར་རྔ་རྫོང་ཞེས་ངམ་གླིང་ལས་ཚིགས་སུ་ཟིན་པ་དེ་ནི་རྡོ་བརྩེགས་ཤུལ་ཁག་ལྔ་ཡོད།
རྟ་རྐྱང་པོའི་ཞབས་རྗེས་ནི་ཁོང་ལུང་ཆུ་ཚན་གྱི་སྨན་ལྷའི་རང་བྱུང་བྲག་གི་སྟེང་དུ་གླིང་གེ་སར་རྒྱལ་པོའི་ཆིབས་པ་མདོ་ཆེན་རྐྱང་རྒོད་ཀྱི་མངོན་ཤེས་མཁྱེན་ནས་ཕྱི་རབས་པ་ལ་བཞག་པ་ཞིག་ཡིན་ཞེས་བཤད་སྲོལ་ཡོད།
བདུད་མཁར་ཤ་རུ་གནམ་རྫོང་ནི་ཕོ་བདུད་ཀླུ་བཙན་རྒྱལ་པོའི་མཁར་རྫོང་ཡིན་པར་བཤད་ལ། དེའི་བྱང་དུ་སྐྱོག་མོའི་གནམ་རྫོང་ཟེར་བའི་མཁར་ཤུལ་ད་ལྟ་གནས་ཡོད།
ཨ་མདོ་རྫོང་བྱང་མ་གྲོང་རྡལ་གྲོང་ཚོ་ལྔ་པའི་ནང་དུ་ཡོད་པའི་གེ་སར་རྗེས་ཤུལ་ཁག་ནི་བདུད་མཁར་ཤར་རུ་གནམ་རྫོང་ནུབ་ཕྱོགས་སུ་ཤ་རུ་དར་ཆུང་ལུང་པ་ཡོད་པའི་མཁར་ཤུལ་ཡོད།
ཀླུ་བཙན་ར་ལྷས་ཞེས་པ་ནི་བདུད་མཁར་ཤར་རུ་གནམ་རྫོང་ལྷོ་ཕྱོགས་སུ་ཕྱུག་པོའི་མཁར་ཤུལ་ཞེས་པ་དེ་ཡིན། དེ་ནི་ལུང་པ་ཁུག་ཁུག་གཅིག་ཡོད་པ་དེ་ཀླུ་བཙན་ར་ལྷས་ཞེས་པ་དང་དེ་ན་ལ་བདུད་ཀླུ་བཙན་གྱིས་ར་ལྷས་བྱེད་པར་ན་བདུད་ཀླུ་བཙན་ར་ལྷས་ཞེས་སུ་གྲགས།
ཨ་ཁྱུང་ལྕགས་གྱད་ནི་རི་ཆུང་ཞིག་ཡོད་པ་དེ་ལ་ཟེར་ ཞིང་། སྔོན་བདུད་ཨ་ཁྱུང་གི་ལྕགས་གྱད་བཙུགས་པར་ན་ཨ་ཁྱུང་ལྕགས་གྱད་ཞེས་སུ་གྲགས།
སྤང་དཀར་ན་རོ་དགུ་བརྩེགས་ཞེས་པ་ནི་སྤང་དཀར་པོ་ན་རོ་དགུ་བརྩེགས་པ་བཞིན་མཛེས་ཉམས་ལྡན་པའི་ས་ཆ་དེ་ནི་བདུད་ཀྱི་སྤང་དཀར་ན་རོ་དགུ་བརྩེགས་ཞེས་སུ་གྲགས།
གོ་རའི་གནམ་ཤར་སུམ་མདོ་རིགས་གསུམ་མགོན་པོ་ཞེས་པ་ནི་གླིང་རྗེ་གེ་སར་རྒྱལ་པོས་རབ་གནས་མཛད་མྱོང་བ་དང་ཕྱི་རབས་བྱང་ཕྱོགས་སུ་བདུད་ཀྱི་བསྟན་པ་མི་དར་བའི་ཕྱིར་བྱིན་གྱིས་རླབས་པའོ་ཞེས་གླིང་སྒྲུང་དང་ངག་རྒྱུན་གཉིས་སུ་མཐུན་ཡོད།
གེ་སར་ཐབ་རྡོ་ཞེས་པ་ནི་གླིང་གེ་སར་རྒྱལ་པོ་ཞག་བཞུགས་ནས་རྡོ་གསུམ་ཐབ་རྡོ་བྱེད་པར་ན་གེ་སར་ཐབ་རྡོ་ཞེས་སུ་གྲགས།
གེ་སར་མདའ་རྗེས་དང་རྐྱང་པོའི་ཞབས་རྗེས་ནི་དཀར་འཕེལ་བྲག་ཏུ་རྟ་རྐྱང་པོའི་ཞབས་རྗེས་དང་གེ་སར་མདའ་རྗེས། གེ་སར་མི་རྟ་གཉིས་བཞུགས་པའི་སྐབས་གེ་སར་གྱི་བྲག་ལ་མདའ་རྒྱབ་ནས་ཕྱི་རབས་དཔའ་རྟགས་བཞག་པ་དང་། མདོ་ཆེན་རྐྱང་པོས་དེ་ན་ཞབས་རྗེས་བཞག་ནས་ཕྱི་རབས་པ་རྣམས་ཀྱིས་དཀར་འཕེལ་བྲག་གི་གེ་སར་མདའ་རྗེས་དང་རྐྱང་པོའི་ཞབས་རྗེས་ཞེས་སུ་གྲགས།
བདུད་པོའི་བླ་ལུག་རྫི་བོ་ལུག་རྫི་བྲག་དཀར་ནི་ཨ་མདོ་བྱང་མ་གྲོང་ཚོ་དྲུག་པར་ཡོད་པའི་བྲག་དེའུ་གཏོར་ཟོར་འདྲ་བ་ཞིག་ཡོད་པ་དེ་བཤད་སྲོལ་དུ་བདུད་པོའི་བླ་ལུག་རྫི་བོ་ཞེས་འབོད།
བདུད་པོའི་འབག་གེ་དེའུ་ནི་དེའི་མར་གཤམ་དུ་དེའུ་ཆུང་ཆུང་ཞིག་ཡོད་པ་དེ་བདུད་པོའི་འབག་གེ་རེད་ཞེས་བཤད།
དཀར་མོ་ལུག་གླིང་ཞེས་པའི་ས་ཆ་དེ་ནི་བདུད་ཨ་ཁྱུང་གིས་ལུག་ཁྱུ་མཚོ་ས་ཡིན་པར་གྲགས། དཀར་མོ་ལུག་གླིང་ལུག་ས་བཟང་ཞེས་གསུང་ཡོད།
རྒོད་ཚང་བྲག་དམར་ནི་བདུད་པོ་ཨ་ཁྱུང་གི་བློན་པོ་བཙན་ཚ་ལྷ་དར་ངོ་དམར་གྱི་མཁར་ཤུལ་རྒོད་ཚང་བྲག་དམར་ནི་སྔོན་བྲག་དམར་དེ་ན་རྒོད་ཐང་དཀར་གྱི་ཚང་མང་པོ་ཞིག་ཡོད་པ་ན་རྒོད་ཚང་དང་མཁའ་གཡེར་ཞེས་པ་ནི་མཐོ་རྔམ་ཆེ་ཞིང་གཡེར་རེར་ཡོད་པ་ན་མཁའ་གཡེར་ཞེས་སུ་གྲགས།
བདུད་བློན་མི་ནག་སྟོབས་ལྡན་དབུ་སྐྲའི་རྗེས་ནི་དབུ་སྐྲ་སྒ་བདེའི་སྨོན་ལམ་བཏབ་ནས་གཏོར་བ་ལ་ཤིང་གླང་མ་སྐྱེས་ཞེས་སུ་གྲགས། ས་གཞན་ན་མེད་པའི་ཤིང་གླང་མ་མང་པོ་ཡོད།
གྲོ་ལུང་ཤེལ་དཀར་ནི་བདུད་བློན་སྤྱང་ཚ་ཉི་མ་ཁྲི་ཐུབ་ཀྱི་མཁར་ཤུལ་ཡིན་པའི་མིང་ལ་གྲོ་ལུང་ཤེལ་དཀར་རྫོང་ཞེས་སུ་གྲགས།
སྒོམ་ལུང་པདྨ་བཞི་རྫོང་ཞེས་པ་དེ་ནི་བདུད་གནམ་ལྷ་ཁྲི་དཀར་སྟག་ལྷའི་མཁར་ཤུལ་ཡིན་ཞེས་ཡུལ་དེའི་མི་རྣམས་ཀྱི་གསུང་ལ་ངམ་གླིང་ལས་ཀྱང་ཚིགས་སུ་ཟིན་ཡོད།
གེ་སར་མན་མདང་ནི་བདུད་སྡེ་ཆོས་ལ་སྒྱུར་སྐབས་གླིང་རྗེ་གེ་སར་རྒྱལ་པོས། ལ་ཆེན་རེ་ལ་ལབ་རྩེ་དང་ལུང་ཆེན་རེ་མན་མདང་རེ་བཞེངས་གསུངས་པ་ལྟར་སྲབ་ལུང་པའི་མདའ་རུ་གེ་སར་མན་མདང་། གྲོ་མ་ལུང་པའི་མདའ་རུ་གེ་སར་མན་མདང་། ལིས་དམར་ལུང་པའི་མདའ་ལ་གེ་སར་མན་མདང་། ལུང་ཡོང་ལུང་པའི་མདའ་རུ་གེ་སར་མན་མདང་། ནག་ཙོག་ལུང་པའི་མདའ་རུ་གེ་སར་མན་མདང་བཅས་ནི་མན་མདའ་ཆེན་པོ་མེད་པ་གྲངས་ཉུང་བ། ཡི་གེ་རྣམས་རྙིང་པ་ཡིན་པའི་ཁྱད་ཆོས་ལྡན་ལ། ད་ལྟ་ཡང་གེ་སར་མན་མདང་ཞེས་ཡུལ་མི་རྣམས་ཀྱིས་ས་མིང་དེ་དུས་རྒྱུན་འབོད་ཀྱི་ཡོད།
ནེ་ལི་སྤྲུལ་ས་དང་ནེ་ལེ་རྗེས་ནི་ཁྲ་སྐྱོག་ལར་ལ་གེ་སར་ནི་ལི་སྤྲུལ་ས་ཞེས་པ་དེ་འདྲེན་མེད་གླིང་རྗེ་གེ་སར་རྒྱལ་པོ་ཕོ་ལོ་ལྔ་གསུམ་བཅོ་ལྔར་བདུད་ཡུལ་དུ་བྱོན་པའི་དུས་སུ་རྫུ་འཕྲུལ་གྱིས་ནེ་ལེ་སྤྲུལ་ས་ཡིན་པ་དང་ནེ་ལེའི་རྗེས་ཡང་ཡོད།
ཨ་ཁྱུང་རྟས་དྲུད་རྗེས་ཞེས་པ་ནི་གོང་དུ་གེ་སར་ནེ་ལེ་སྤྲུལ་ནས་དེར་འཕུར་བའི་བདུད་རྟས་བདུད་ཨ་ཁྱུང་དྲུད་ཤུལ་ཞེས་པའི་ས་དམར་པོ་ངོ་མཚར་བ་ཞིག་ཡོད།
ཟབ་མོ་བདུད་བློན་ཁྱི་ཁ་ར་སོ་རྗེས་མཁར་ཤུལ་ཞེས་པ་ནི་བདུད་ཨ་ཁྱུང་གི་སོ་པའམ་བློན་པོ་ཁྱི་ཁ་ར་སོ་ཞེས་པ་དེས་བསྡད་ས་ཡིན་པར་གྲགས། བྲག་དེའི་རྒྱབ་ཕྱོགས་སུ་བྲག་དམར་རལ་གྲིས་བཤགས་འདྲ་ངོ་མཚར་ཅན་ཞིག་ཡོད་པ་དེ་ནི། དཔའ་ལའི་ལེབ་ཆེན་དབྱུག་པའི་རྗེས་བྲག་ཤུལ་ངོ་མཚར་ཅན་རེད་ཞེས་ཡུལ་མི་རྣམས་ཀྱིས་གསུང་།
རྟ་རྐྱང་པོའི་སྟོད་ཕུར་ཞེས་པ་ནི་སྒོ་ལྕགས་ལུང་པར་རྟ་རྐྱང་པོའི་སྟོད་ཕུར་ཞེས་པའི་རྡོ་མདུང་ཞིག་ཡོད་པ་དེ་ནི་རྐྱང་པོ་འདོགས་ས་ཡིན་པར་གྲགས་ལ་ཞབས་རྗེས་ངོ་མཚར་ཅན་ཞིག་ཡོད།
གེ་སར་ཞབས་རྗེས་ཞེས་སུ་འབོད་པ་དེ་གླིང་རྗེ་གེ་སར་རྒྱལ་པོས་ཕྱི་རབས་མི་མ་ཡིན་པའི་འགྲོ་བའི་གནོད་པ་མི་སྐྱེལ་བའི་ཕྱིར་དུ་བཞག་པར་གྲགས།
མདུང་མཚོ་ཞེས་པ་ནི་བདུད་ཨ་ཁྱུང་བདུད་རྟའི་དྲུད་དེ་མདུང་ཤོར་སའི་མཚོ་ཡིན་པར་ན་མདུང་མཚོ་ཞེས་དུས་དེ་ནས་ཐོག་པ་དང་བཤད་སྲོལ་དུ་མདུད་ཨ་ཁྱུང་གི་མདུང་དེའི་ནང་ཡོད་ཞེས་བརྗོད།
ཨ་ཁྱུང་ཟངས་རྭ་བུད་ཤུལ་ནི་ལིས་དམར་ལ་རྒྱབ་བདུད་པོའི་ཟངས་ར་བུད་ཤུལ་ངོ་མཚར་ཅན་གྱི་ལུང་པ་དམར་པོ་ཞིག་ཡོད། དེ་ནི་བདུད་པོ་ཨ་ཁྱུང་བདུད་རྟའི་བརྡབ་ནས་ཟངས་རྭ་བུད་ཤུལ་ཡིན་ཞེས་ཡུལ་མི་རྣམས་ཀྱིས་གསུངས།
སྒྲོལ་མ་དཀར་མོ་རང་བྱོན་ནི་ཉི་ལུང་དེའུ་ཞེས་སྒྲོལ་མ་དཀར་མོ་རང་བྱོན་ཡོད་པ་དེ་ནི་སྐྱ་ལོའི་སེང་ལྕམ་འབྲུག་མོའི་ལས་ལྷ་ཡིན་པར་གྲགས།
བྲག་ཆོས་བརྩེགས་ཞེས་པའི་བྲག་ཟླུམ་གཟུགས་ཅན་དེ་ནི་གླིང་གི་དུས་བྲག་དེར་ཆོས་ཀྱི་པོ་ཏི་བརྩེགས་པར་ན་བྲག་ཆོས་བརྩེགས་ཞེས་སུ་གྲགས།
གསུམ། ལྷ་རི་རྫོང་དང་འབྲེལ་བའི་གླིང་སྒྲུང་བཤད་སྲོལ།
ལྷ་རི་རྫོང་ནི་དབུས་དང་དྭགས་ཀོང་གིས་བྱང་ལྷ་རི་འགོ་ཟེར་བ་དང་བྱང་འབྲོག་ཧོར་གྱིས་ལྷོ་རི་འགོ་ཟེར་བའི་བྱང་མིན་རོང་མིན། ཡུལ་མིན་འབྲོག་མིན། དབུས་མིན་ཁམས་མིན་ཞིག་སྟེ། བྱང་རོང་གཉིས་ཀྱི་ས་མཚམས། ཁམས་བོད་གཉིས་ཀྱི་བར་མཚམས། རྒྱ་བོད་བར་གྱི་གཞུང་ལམ། ས་རི་བོང་འདྲ་བའི་སྤོར་སྣ། ལམ་ཀོ་རུ་རིས་ཀྱི་མདུད་མདོ་ལ་ཆགས་པས། ཡུལ་དེར་འབྲོག་དབུས་ཁམས། ཀོང་ཉང་སྤོ་གསུམ་གྱི་ཚོང་རིགས་འདུ་འཛོམས་ལྟེ་གནས་ཞིག་ཡིན། ལྷ་རི་རྫོང་གི་མེར་བཟའི་རྟ་རྭ་ཞེས་པའི་གནའ་བོའི་མཁར་ཤུལ་འདི་ནི་རྟ་རྭ་ཙམ་ཡིན་པར་ས་སྐྱའི་ལྷ་ཁང་ཆེན་མོ་དང་འབྲི་གུང་ལྷ་ཁང་ཆེན་མོ། ཆུ་ཤུལ་གྱི་གྱེར་རུ་ལྷ་ཁང་ཆེན་མོ་ལྟར། རྡོ་ཆེན་གྱི་བརྩིགས་པ་ཤ་སྟག་ཡིན་ལ། རྒྱབ་རི་བྲག་ལ་མདུན་དུ་གཙང་པོ། ཆུ་བོའི་གཡོན་བསྐོར་དང་རི་བོའི་གཡས་བསྐོར་བྱས་པའི་རི་སྐེད་དུ་མེར་བཟའི་རྟ་རྭ་དང་། ཐང་སྟེང་དུ་མཁར་ཤུལ་ཆེ་བ་གཉིས་ཙམ་ཡོད་པ་འདི་དག་དུས་མཉམ་གྱི་མཁར་ཤུལ་ཡིན་པར་མངོན། མང་ཚོགས་ཀྱིས་བཤད་སྲོལ་དུ་མེར་བཟའ་འབུམ་སྐྱིད་ཀྱི་ཡབ་མེར་ཁྲི་རྒྱལ་པོའི་མཁར་རྫོང་ཡིན་པར་བརྗོད། ཞིབ་ཕྲའི་གནས་ཚུལ་ནི་གཤམ་གསལ་ལྟར་ན།
མེར་བཟའི་རྟ་རྭ་ཞེས་པའི་མཁར་ཤུལ་འདི་ནི་ཐོག་མར་གནའ་རབས་ཀྱི་ལོ་རྒྱུས་གླེང་སྲོལ་དུ། བྱང་མེར་གཞུང་ཞེས་པའི་རྩྭ་ཐང་འདི་ནི་མེར་སྟོད་ཁམས་པ་ཇ་འཁུར་དང་མེར་སྨད་ཀུན་དགའ་ར་བ། མེར་དཀྱིལ་གད་པ་གྲུ་གསུམ་ཟེར་བ་མེར་གྱི་རི་དམར་གཞུང་བརྒྱུད་སྟོད་སྨད་བར་གསུམ་གྱི་ཡུལ་ས་རྒྱ་ཆེ་ཞིང་རྩྭ་ཆུ་འཛོམས་པོ་ཡོད་པས་མེར་སྡེ་རུ་བ་བཅོ་བརྒྱད་ཟེར་བ་ཆགས། དེའི་འགོ་འཛིན་མེར་ཁྲི་མཚལ་དམར་རྒྱལ་པོ་དང་། དར་བཟའ་སྐྱིད་གཉིས་ལ་མེར་སྟོད་ལྷ་ལུང་ཟེར་བའི་ས་ཆར་བུ་མོ་མཁའ་འགྲོའི་མཚན་རྟགས་ཅན་ཞིག་འཁྲུངས་པའི་མིང་ལ་མེར་བཟའ་འབུམ་སྐྱིད་བཏགས། བུ་མོ་དེ་གཞན་དང་མི་འདྲ་བ་ཞིག་ཡོད་སྟབས་ལྷ་ཀླུ་གཉན་གསུམ་བུ་མོ་དང་མཉམ་དུ་འཚོགས་ནས་མི་ཐབ་ཀྱི་ལྟོ་ཆས་བསྐོལ་སྐབས་ཐབ་གསུར་ཤོར་བས་རྐྱེན་ལ་བརྟེན་བདུད་ཀླུ་བཙན་རྒྱལ་པོའམ་ཨ་ཆུང་རྒྱལ་པོ་ལ་ཕོག་ཐུག་ཤོར་བས་བདུད་ཨ་ཆུང་རྒྱལ་པོས་མེར་སྡེ་བརླགས་ནས་མེར་བཟའ་ཆུང་མར་ཁྲིད་པའི་གླེང་སྲོལ་དེ་འདྲ་འཇགས་ཡོད་པ་དང་། སྐབས་དེར་བདུད་པོ་ཀླུ་བཙན་རྒྱུག་སའི་ལམ་དང་། མེར་བཟའི་རྟ་རྭ་རྡོ་བརྩིགས་བཅས་ད་དུང་མངོན་སུམ་མཐོང་རྒྱུ་ཡོད་པ་མ་ཟད། དེ་རྒྱུད་ལ་གནའ་སྔ་མོའི་རྡོ་ཡི་ལག་ཆ་དང་། རྡོ་སྣོད་སོགས་ཀྱང་ཡོད་སྐད། བདུད་ཀྱིས་མེར་སྡེ་བཅོམ་སྐབས་ལུང་ཁུག་ཁ་ཤས་སུ་ལུས་པའམ་བྲོས་འཁྱམས་བྱས་པའི་སྡེ་ཉུང་ངུ་ལྷག་ཡོད་འདུག་པ་དེ་དག་སྦྲ་ཁའི་མེས་པོ་ཡིན་བཟོ་འདྲ།
སྦྲ་ཁ་ཟེར་བའི་མིང་ཐོགས་སྟངས་ནི་སྔོན་དུ། ཡུལ་དེར་བགེགས་བར་ཚབས་ཆེན་བྱུང་བ་དེ་རེ་ནག་ཁ་སྦྱོར་བྱས་པས་ལན་པར་བརྩིས་ནས། དེ་ཚུན་སྦྲ་ཡི་ཁུག་ལིང་དཀར་པོ་བཟོས་ཏེ་སེམས་ཅན་གྱི་སྤུ་ག་ལྟར་བྱས་ནས་གྭ་པ་ཡིན་སྟབས། སྦྲ་ཁ་ཟེར་བའི་མིང་བཏགས་པ་རེད་ཟེར་རྒྱུན་འདུག་ལ། དེ་ལ་འབྲི་གུང་ཟེར་བའི་ཚིག་གྲོགས་སྦྱར་དགོས་དོན་ནི། འདམ་སྦྲ་ག རྭ་སྒྲེང་སྦྲ་ག་སོགས་མིང་འདྲ་ཁ་ཤས་ཡོད་པ་དེ་དག་ཟློས་སྐྱོན་མི་ཡོང་པའི་ཆེད་དུ་དཔོན་མིང་སྡེ་ལ་སྦྱར་བ་ཡིན་འདུག
ཧོར་བ་དུར་འདྲ་གཟུགས་བྲག་རི་ནི་གུ་ཡེར་ལུང་པའི་གཡས་རིའི་རྩེ་ལ་བྲག་མི་གཟུགས་ཧོར་ཆས་བྱས་འདྲ་འགའ་ཞིག་ཡོད་པ་དེ་དག་ནི། ཧོར་གླིང་འཁྲུག་སྐབས་ཧོར་གྱིས་གླིང་འབྲུག་མོ་བཙན་འཕྲོག་བྱས་རྗེས་གསལ་ཤིང་རྩེར་སྐྱོན་སྐབས་སྲུང་བྱ་བྱེད་མཁན་ཧོར་ཤན་པས་གཙོས་བ་དུར་འགའ་ཡི་འདྲ་གཟུགས་ཡིན་ཟེར་སྲོལ་ཡོད།
གླིང་དཔའ་ཐུལ་འདྲ་བརྙན་བྲག་རི་ནི་གུ་ཡེར་ལུང་པའི་གཡོན་རིའི་རྩེ་ལ་གླིང་གི་ར་མདའ་དཔའ་རྒྱ་ཚ་གཙོས་པའི་དཔའ་ཐུལ་འགའ་ཡི་འདྲ་བརྙན་ཡིན་ཟེར་བ། ཁྲབ་རྨོག་རལ་གྲི་ཆིབས་རྟ་དང་ལྡན་པ་ལྟ་བུ་ཡ་མཚན་པའི་བྲག་རི་མང་པོ་ཡོད།
བྲག་རྡོལ་ནི་བྲག་རྡོལ་ལུང་པ་ཟེར་བ་དེར། སྔར་གླིང་གེ་སར་རྒྱལ་པོས་བདུད་ཨ་ཆུང་འདེད་སྐབས་ལ་ཁ་དམར་གྱི་ཐོག་ནས་མདའ་འཕངས་བས་བྲག་རྡོལ་གྱི་བྲག་ལ་ཕོག་པས་བྲག་ཟངས་ཐལ་དུ་ཕུག་པའི་མདའ་རྗེས་གསལ་པོ་ཡོད་པ་འདི་ཡིན་ཞེས་གླེང་སྲོལ་ཡོད། གནས་དེར་གླིང་གེ་སར་རྒྱལ་པོའི་ཁྲབ་རྨོག་གི་རྗེས་ཤུལ་དང་རྟ་རྐྱང་པོའི་འདོགས་ལུང་། བདུད་ཀླུ་བཙན་གྱི་འཕང་པའི་མདའ་རྗེས་བཅས་གླིང་དང་འབྲེལ་བའི་བཤད་སྲོལ་མང་པོ་ཡོད།
ཀླུ་བཙན་གྱི་རྭ་ཅོ་ཡ་གཅིག་གཏོར་བའི་ཤུལ་འདི་ནི་བྲག་རྡོལ་ལུང་པའི་གནས་འདིར་སྒྲུབ་ཕུག་གོང་འོག་གཉིས་ཡོད་ ཅིང་། དེའི་ནང་བདུད་གླིང་འཁྲུགས་སྐབས་བཞག་པའི་གནའ་ཤུལ་སྟེ། ཕུག་པ་འོག་མར་གླིང་གེ་སར་རྒྱལ་པོའི་ཁྲབ་རྨོག་དང་རྟ་རྐྱང་པོའི་འདོགས་ལུང་ཟེར་བ་བྲག་ལ་ཨི་ཁུང་རང་བྱོན་ཡོད་པ་དང་། བདུད་ཀླུ་བཙན་གྱི་འཕང་པའི་མདའ་རྗེས་སོགས་ཡོད།
སངས་ཆེན་གསུམ་མདོའི་ཕ་བོང་ཆེན་པོ་འདི་ནི་གླིང་རྗེ་གེ་སར་རྒྱལ་པོས་བདུད་ཀླུ་བཙན་ལ་འུར་རྡོ་བརྒྱབ་ནས་ཀླུ་བཙན་གྱི་རྭ་ཅོ་ཡ་གཅིག་གཏོར་བའི་ཤུལ་ཡང་ཡོད་ལ་འུར་རྡོའི་རྡོ་དེ་ཡང་སངས་ཆེན་གསུམ་མདོའི་ཐང་དཀྱིལ་དུ་ཡོད་པའི་ཕ་བོང་ཆེན་པོ་དེ་ཡིན་པར་བཤད་སྲོལ་ཡོད།
ལྷ་རྟ་རྐྱང་བུའི་རྨིག་རྗེས་ནི་བྲག་ཕུག་གོང་མར་མཚལ་གྱི་མ་ཎི་རང་བྱོན་དང་། རྡོ་དཀར་གྱི་ངོས་ལ་མཆོད་རྟེན་གྱི་བཟོ་ལྟ་འདྲ་བ། ལྷོ་ངོས་སུ་མནའ་བཤགས་དང་སྡིག་བཤགས་འབུལ་ས། ལྷ་རྟ་རྐྱང་བུའི་རྨིག་རྗེས་སོགས་མཐོང་རྒྱུ་ཡོད།
ལུག་ལྷས་ཐང་ཟེར་བ་དེ་ནི་བདུད་ཀླུ་བཙན་གྱི་ལུག་ལྷས་ཡིན་སྐད་དང་། སྲིབ་ལུང་མདོའི་བྲག་རྨིག་ཞིག་ཡོད་པ་དེར་འབྲོག་པ་རྣམས་ཀྱི་ལུག་ནད་གཞོལ་བའི་བཤད་སྲོལ་ཡོད།
ར་ས་ལྷ་རྒོད་ནི་ཡུལ་དེའི་གནས་རི་ཞིག་ཡིན་ཅིང་། ལྷ་རི་རྩྭ་ཟ་རུ་བཞིའི་ནང་གི་སངས་པ་ཟེར་བ་ལྷ་རི་ནས་བྱང་ངོས་སྨི་ཏི་རྒྱུད་དམ་ནུབ་མེར་གཞུང་རྒྱུད་དུ་སྐྱོད་སའི་ས་ལམ་འཁེལ་བ་དང་། འབྲི་རྒན་ལ་རྒྱུད་སངས་གཞུང་གང་བོ་ནས་བར་ཁམས་ཀྱི་ཕྱོགས་འགྲུལ་ལྟོས་ཆེན་འགྲོ་སའི་ལམ་རྒྱུད་ཡིན། སངས་ཆེན་སུམ་མདོའི་མདུན་ངོས་ར་ས་ལྷ་རྒོད་ཞེས་པའི་རི་དེ་ནགས་ལྷ་འཛམ་པའི་ཚོང་དཔོན་ཡིན་པ་དང་། ཡུལ་ལྷ་དྲག་རྩལ་ཅན་དུ་བརྩིས་ནས་ཡུལ་མིས་བསང་གསོལ་བྱེད་པ་རེད།
བཞི། གཉན་རོང་རྫོང་དང་འབྲེལ་བའི་གླིང་སྒྲུང་བཤད་སྲོལ།
གཉན་རོང་རྫོང་ནི་སྤྱི་ལོ༡༩༤༢ལོར་ཧོར་ཚོ་སོ་དགུ་དེ་རྫོང་འགོ་དྲུག་ཏུ་བསྒྱུར་སྐབས་བཀའ་ཤག་སྲིད་གཞུང་ནས་ཨར་རྫ། བེ་སོག བྲ་བོ། གེ་མོ་བཅས་ཀྱི་ཁྲལ་བསྡུ་ཁྲིམས་གནོན་གྱི་བྱེད་པོ་གཉན་རོང་རྫོང་གསར་དུ་བཙུགས་པ་རེད། ཡུལ་འདིར་གླིང་སྒྲུང་དང་འབྲེལ་བའི་བཤད་སྲོལ་ཁ་ཤས་ཡོད་པ་སྟེ།
རྐྱང་འདྲོག་ལུང་པ་ནི་གཉན་རོང་རྫོང་སེ་ཆེན་ཤང་དུ་གནས་པའི་ལུང་པ་ཞིག་ཡིན་པ་དང་། ལུང་པ་དེ་ནི་ཨ་མདོ་རྫོང་གི་ན་སེར་དང་གཉན་རོང་རྫ་དམར་ཟེར་བའི་ས་མཚམས་ཡིན་པ་དང་། བཤད་སྲོལ་ལྟར་ན། ལུང་པ་དེ་ནི་གླིང་རྗེ་གེ་སར་རྒྱལ་པོ་ནག་པོ་བདུད་ཀྱི་ཡུལ་དུ་མེ་བཟའི་མུན་འཐུམ་རིལ་བུ་ཟས་ནས་མི་ལོ་དགུ་ཙམ་འགོར། སླར་ཕ་ཡུལ་དུ་ལོག་དགོས་པས་ལྷ་རྟ་རྐྱང་རྒོད་ལོ་དགུ་རྐྱང་དང་འདྲེས་ནས་མེར་བཟས་བཟུང་ཀྱང་མ་ཐུབ་ནས་འདྲོག་ནས་ཤོར་བའི་ལུང་པ་ཡིན་པས་རྐྱང་འདྲོག་ལུང་པ་ཞེས་ཟེར།
གཞུ་ཤུབས་ལུང་པ་ནི་གཉན་རོང་རྫོང་སེ་ཆེན་ཤང་དུ་གནས་པའི་ལུང་པ་ཞིག་ཡིན་པ་དང་། ལུང་པ་དེ་ནི་ཨ་མདོ་རྫོང་གི་ན་སེར་དང་གཉན་རོང་རྫ་དམར་ཟེར་བའི་ས་མཚམས་རྐྱང་འདྲོག་ལུང་པ་ཟེར་བའི་ས་འདྲེས་ཡིན་པ་དང་། བཤད་སྲོལ་ལྟར་ན་ལུང་པ་དེ་ནི་གླིང་རྗེ་གེ་སར་རྒྱལ་པོས་ལྷ་རྟ་རྐྱང་རྒོད་འདྲོག་ནས་ཤོར་བའི་སྐབས་སུ་གེ་སར་གྱི་གཞུ་ཤུབས་བོར་བའི་ས་ཆ་ཡིན་པར་སྨྲ།
སྤྱིར་བཤད་སྲོལ་དེ་དག་དབྱེ་བ་ཕྱེ་ན་རིགས་མི་འདྲ་བ་ཆེ་བ་ལྔ་ཙམ་ཡོད་པ་སྟེ། གཅིག་ནི་རང་བྱུང་གི་བྲག་རྡོ་སོགས་དང་གླིང་གེ་སར་སྒྲུང་གི་གཏམ་རྒྱུད་འབྲེལ་བ་ཡོད་པ། དེ་དག་ནི་བོད་ཞེས་པའི་མཐོ་སྒང་གི་མི་རིགས་འདི་དང་རང་བྱུང་ཁམས་དབར་གྱི་ལོ་ངོ་ཁྲི་ཕྲག་ནང་དུ་གཅིག་ལ་གཅིག་བརྟེན་གྱི་འདུ་ཤེས་ཟབ་མོ་མཚོན་ཡོད་པ་སྟེ། ངག་རྒྱུན་དུ་ཨ་ཕ་གཉན་ཆེན་ཐང་ལྷ་དང་། ཨ་མ་གནམ་མཚོ་ཕྱུག་མོ། ཞེས་ཟེར་བཞིན་རི་བོ་ཕ་ཡི་འདུ་ཤེས་དང་ཆུ་བོ་མ་ཡི་འདུ་ཤེས་ཡོད་ལ། རི་བསྐོར་དང་མཚོ་བསྐོར་ཞེས་པ་དོན་དངོས་ཐོག་ཏུ། མེས་པོ་གོང་མའི་བླ་རི་བླ་མཚོ་དེ་དག་ཕ་མ་ལ་བསྐོར་བ་རྒྱག་པར་འགྲོ་བ་བཞིན་བསྐོར་བ་སྐོར་ནས་དད་གུས་མཚོན་པར་བྱེད་ཡོད། དེར་བརྟེན་བེམ་པོར་གྱུར་བའི་རང་བྱུང་གི་བྲག་རྡོ་དེ་དག་ལ་བླ་སྲོག་གསར་པ་ཞིག་སྤྲད་ནས་འགྲོ་བ་མི་དང་གཏིང་ཟབ་གྱི་འབྲེལ་བ་ཞིག་ཚུགས་སོང་བ་ནི་འཛམ་བུ་གླིང་གཞན་ལ་མེད་པའི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐབས་ཤེས་བླ་ན་མེད་པ་ཞིག་ཡིན།
གཉིས་ནི་གནའ་བོའི་མཁར་རྫོང་གི་མནའ་ཤུལ་སོགས་ལ་གླིང་གེ་སར་སྒྲུང་གི་གཏམ་རྒྱུད་ཡོད་པ་སྤྱིར་འཛམ་གླིང་གི་ལོ་རྒྱུས་ནི་ཤེས་ཡོན་པས་བྲིས་པ་ཞིག་ཡིན་ལ་ཤེས་ཡོན་པ་ནི་གནས་གཞི་བརྟན་འཁེལ་ཡིན་པའི་ཞིང་པ་མང་མོད། དེར་བརྟེན་ཞིང་པའི་རིག་གནས་ནི་ཤོག་ཐོག་གི་ཤེས་རིག་དང་། འབྲོག་པའི་རིག་གནས་ནི་ངག་ཐོག་གི་ཤེས་རིག་ཞིག་ཡིན་པའི་ཆ་ནས་བཤད་ན། ཞིང་པའི་ཤེས་རིག་ནི་ཤོག་ཐོག་ཏུ་གནས་པའི་འགྱུར་དཀའ་བ་དང་། འབྲོག་པའི་ཤེས་རིག་ནི་ངག་ཐོག་ཏུ་གནས་པའི་འགྱུར་སླ་བ་ནི་ཆོས་ཉིད་ཡིན་མོད། བྱང་འབྲོག་ཁུལ་དུ་མིང་ཙམ་མེད་པའི་གནའ་བོའི་མཁར་ཤུལ་མང་པོ་ཞིག་གེ་སར་གྱི་སྒྲུང་དང་སྦྱར་ནས་བཤད་སྲོལ་མང་པོ་ཆགས་ཡོད་ལ། ཁ་ཤས་ནི་དུས་སྐབས་དེའི་དུས་སུ་བྱུང་བའི་གནས་ཚུལ་ངོ་མ་ཞིག་ཡིན་ཀྱང་ཨ་ཁུའི་པོ་ཏི་དམར་ཆུང་ལག་ལ་འཆང་བའི་སྤྱི་དཔོན་རོང་ཚ་ཁྲ་རྒན་ལས། ཤེས་ཡོན་ཅན་དཀོན་པའི་ཁྲ་མོ་གླིང་གི་ལོ་རྒྱུས་ངོ་མ་མཐོང་བར་དཀའ་ན། ཤེས་རིག་ལྟེ་བའི་ཡུལ་དང་རྒྱང་ཐག་རིང་བའི་བྱང་འབྲོག་ཡུལ་གྱི་ཁུག་སོའི་ཚོ་དཔོན་ག་གེ་མོའི་ལོ་རྒྱུས་ནི་དེ་བའི་དབེན་པའི་གནས་སུ་གྱུར་བ་ནི་བཤད་མ་དགོས་ཞིག་རེད་མོད། འོན་ཀྱང་། གནའ་བོའི་གྱང་གོག་དང་འབྲོག་རྒན་གྱི་དྲན་ཤེས་ཐར་ཐོར་འདི་དག་ཡང་ཤིན་ཏུ་དཀོན་པའི་ནོར་བུ་ཤ་སྟག་ཡིན་པའི་བདག་གཅེས་སུ་འཛིན་རྒྱུ་ནི་དུས་རབས་འདིའི་ལས་འགན་ཉག་གཅིག་ཡིན།
གསུམ་ནི་ཚོ་པ་དང་མི་རྒྱུད་སོགས་ཀྱི་འབྱུང་ཁུངས་དང་གླིང་གེ་སར་སྒྲུང་གི་བཤད་རྒྱུན་དང་འབྲེལ་བ་ཡོད་པ། སྤྱིར་བོད་རིགས་ཀྱི་ཚོ་པའི་འཕེལ་ཕྱོགས་དང་རྒྱབ་རི་ལ་གནས་པར་གྲགས་པའི་གཞི་བདག་གི་འགྲོ་ཕྱོགས། རིགས་རུས་ཀྱི་མཆེད་ཚུལ་དག་མཚུངས་པ་ཡིན་སྟེ། བོད་རིགས་ནི་གནའ་ནས་ད་བར་དུ་དད་པའི་བདག་པོར་གྱུར་པའི་མི་རིགས་ཡིན་ལ་རིགས་རུས་ཆོ་འབྲང་ལ་ཤིན་ཏུ་བརྩི་བའི་མི་རིགས་ཞིག་ཀྱང་ཡིན། རིགས་རུས་ནས་ཚོ་པ་དང་། ཚོ་པ་ནས་རིགས་རུས་གྱི་འཕེལ་འགྱུར་ནི་འགྲོ་བ་མིའི་རིགས་ཀྱི་འཕེལ་ཕྱོགས་ཡིན་པས་བྱང་ཐང་གི་ཚོ་པ་དང་མི་རྒྱུད་སོགས་ཀྱི་འབྱུང་ཁུངས་དང་གླིང་གེ་སར་སྒྲུང་གི་བཤད་རྒྱུན་དང་འབྲེལ་བ་ཡོད་པ་འདི་དག་ལ་ཞིབ་འཇུག་གཏིང་ཟབ་བྱས་ཐུབ་ན། བྱང་ཐང་གི་ཚོ་བ་དང་རུས་བརྒྱུད་ཀྱི་འཕེལ་འགྱུར་མང་པོ་ཤེས་ཐུབ་མོད།
བཞི་ནི་ས་མིང་དང་རི་མིང་སོགས་ནས་གླིང་གེ་སར་སྒྲུང་དང་འབྲེལ་བ་ཡོད་པ་ས་མིང་དང་རི་མིང་སོགས་ཀྱི་མིང་ཚིག་ནི་ཤིན་ཏུ་འགྱུར་དཀའ་བ་ཡིན་པས་ས་མིང་རིག་པ་ཞེས་པའི་རིག་ཚན་ཞིག་ཡོད་པ་དང་། ས་མིང་དང་རི་མིང་སོགས་ལ་བརྟེན་ནས་ལྐོག་གྱུར་གྱི་གནས་ཚུལ་མང་པོ་ཞིག་ཤེས་རྟོགས་ཐུབ་པས་ཐེངས་འདིར་ནག་ཆུ་དང་འབྲེལ་ཡོད་ཀྱི་དཔེ་དེབ་བརྒྱ་ལྷག་བལྟ་ཀློག་བྱས་ནས་གླིང་སྒྲུང་དང་འབྲེལ་བའི་མིང་ཚིག་བརྒྱ་དང་སུམ་བཅུ་ལྷག་ཙམ་འཚོལ་བསྡུ་བྱས་ཡོད་ཀྱང་ས་ཡུལ་དངོས་སུ་ཕྱིན་ནས་ཞིབ་འཇུག་གཏིང་ཟབ་མ་ཐུབ་པའི་ས་ཕག་དབྱུག་ནས་གཡང་ཁྲི་དགུག་པའི་རེ་བ་དང་བཅས།
ལྔ་ནི་འབྲོག་པའི་དམངས་སྲོལ་གོམས་ལུགས་དང་གླིང་གེ་སར་སྒྲུང་འབྲེལ་བ་ཡོད་པ་བཅས་རེད། གེ་སར་གྱི་སྒྲུང་འདི་ཉིད་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མངོན་མིན་རིག་གནས་ཤུལ་བཞག་ཚབ་མཚོན་རང་བཞིན་གྱི་མིང་གཞུང་ནང་དུ་འཇུག་དོན་ནི། གླིང་སྒྲུང་ནི་འབྲོག་པའི་འཚོ་བ་མཚོན་པའི་གཏེར་མཛོད་ཞིག་ཡིན་པས་རེད་མོད། དེར་བརྟེན་བྱང་ཐང་གི་ས་གཤིས་མཐོ་ཞིང་དུས་ད་ལྟ་ཡང་འབྲོག་པའི་འཚོ་བ་སྐྱེལ་སྟངས་དང་འདུ་ཤེས་འཛིན་སྟངས་ནི་གེ་སར་གྱི་དུས་རབས་དང་ཕལ་ཆེར་གཅིག་མཚུངས་གནས་ཡོད་པས་གེ་སར་རིག་གནས་འཛིན་སྐྱོང་སྤེལ་གསུམ་གྱི་གཙོ་བོའི་སྟོབས་ཤུགས་ཡིན་ལ། གེ་སར་གྱི་དཔའ་མཛངས་དང་བློ་གྲོས། སྙིང་སྟོབས་བཅས་མི་ཉམས་ཡུན་གནས་ཀྱི་རེ་བ་ཡང་ཡིན་ནོ། །
རྩོམ་ཐུང་འདིའི་དཔྱད་གཞི་གཙོ་བོ་ནི་ནག་ཆུ་སྲིད་གྲོས་གྱིས་བསྒྲིགས་པའི་ནག་ཆུའི་ལོ་རྒྱུས་རིག་གནས་དཔྱད་གཞིའི་རྒྱུ་ཆ་བདམས་བསྒྲིགས་ཞེས་པའི་དཔེ་ཚོགས་དང་ནག་ཆུ་རིག་གནས་ཅུད་ཀྱིས་བསྒྲིགས་པའི་བྱང་ཐང་ཤེས་རིག་དཔེ་ཚོགས། དཔལ་མགོན་རྫོང་གི་གནམ་མཚོའི་རིག་གནས་དཔེ་ཚོགས། སོག་རྫོང་གི་ལོ་རྒྱུས་རིག་གནས་དཔེ་ཚོགས། ནག་ཆུ་རྫོང་གི་གང་བཟང་ཤེས་རིག་དཔེ་ཚོགས། སྦྲ་ཆེན་རྫོང་གི་ཞང་ཞུང་རིག་གནས་དཔེ་ཚོགས། ཤན་རྩའི་དམངས་ཁྲོད་རིག་གནས་དཔེ་ཚོགས། ལྷ་རིའི་འདོད་འབྱུང་རིག་གནས་དཔེ་ཚོགས་སོགས་ནག་ཆུ་རྫོང་ཁག་སོ་སོའི་བསྡུ་སྒྲིག་བྱས་པའི་དཔེ་དེབ་བརྒྱ་དང་ལྔ་བཅུ་ལྷག་ཙམ་ཡོད་པ་དེ་དག་ལས་བཏུས་པའི་དོན་རེ་རེ་བཞིན་མཆན་བུ་མ་བཀོད་དོ། །ནག་ཆུ་རིག་གནས་ཅུད་དང་མང་ཚོགས་སྒྱུ་རྩལ་ཁང་། གེ་སར་ཞིབ་འཇུག་ལྟེ་གནས་བཅས་ཀྱིས་ལས་གནས་འགན་འཁྲི་གང་ལེགས་ཁུར་བ་དང་། ནག་ཆུའི་གྲགས་ཅན་སྒྲུང་མཁན་ཆོས་དབྱིངས་རྡོ་རྗེ་གཙོ་བོར་བྱས་པའི་སྒྲུང་མཁན་རྣམ་པས་རྒྱུ་ཆ་འཚོལ་བསྡུ་སོགས་རོགས་འདེགས་གང་ལེགས་གནང་བར་ཐུགས་རྗེ་ཆེ་ཞེས་ཞུའོ། །
རྩོམ་ཁུངས། ༢༠༢༣ལོའི«བོད་ལྗོངས་སྒྱུ་རྩལ་ཞིབ་འཇུག»དུས་དེབ་གསུམ་པ།
འབྲེལ་ཡོད་འོས་སྦྱོར།