༄༅། །དཔྱིད་འདེབས་སྨོན་ཚིག
རྩོམ་པ་པོ།:སྒོ་མེ་བ་དབང་རྡོས་བསྡུ་སྒྲིག་བྱས།
ཡོང་ཁུངས།:མཚོ་ལྷོ་བོད་ཡིག་ཚགས་པར།
དུས་ཚོད།:2024-03-08
ཀློག་གྲངས།:
༄༅། །དཔྱིད་འདེབས་སྨོན་ཚིག
---ལྷ་ཁང་ཐང་སྡེ་བའི་ཐོང་ཁ་ཕྱེ་ཚུལ།
སྤྱིར་ཆོལ་ཁ་གསུམ་གྱི་ཐོང་ཁ་ཕྱེ་ཚུལ་ལ་རིགས་མི་འདྲ་བ་མང་ནའང་། དེ་ནི་ས་གནས་སོ་སོའི་ནམ་ཟླའི་དྲོ་གྲང་དང་བསྟུན་ནས་ལུང་བ་རེ་ལ་ཆུ་རེ་དང་། སྡེ་བ་རེ་ལ་དཔེ་རེ་བཞིན་མཛད་སྒོའི་ཆོ་ག་སྤེལ་ཏེ་ཕྱེ་བའོ། ཐོང་ཁ་ཕྱེ་བ་འདི་ལ་ལོ་རྒྱུས་ཧ་ཅང་རིང་ཞིང་། རྩིས་དཀར་ནག་ལས་བྱུང་བ་ཞིག་ཡིན་པར་བཤད། བདག་ཅག་སྒོ་མེ་བར་མའི་ལྷ་ཁང་ཐང་སྡེ་བར་མཚོན་ན་ལོ་རེའི་རྒྱ་ལོ་ཚེས་ཉེར་དྲུག་ནི་ཐོང་ཁ་ཕྱེ་བའི་ཉིན་མོ་ཡིན། ཉིན་དེར་ཐོན་ལ་ཉེ་སྐབས་སྡེ་བའི་ཞིང་དཔོན་ཆེད་དུ་རྩིས་པའི་དྲུང་དུ་སོང་སྟེ། གནམ་ལོ་གསར་བའི་ལོ་དེར་ལོ་ཆུ་བར་གསུམ་གྱི་སྐུ་རིམ་གང་དག་ཡོད་པ་དང་། སྲུང་བ་དང་ཟློག་པའི་རིགས་གང་དག་བསྒྲུབ་དགོས་པ། ནང་དགོས་ཁྱད་པར་དུ་ལོ་དེར་ཐོང་ཁ་ཕྱེ་ཚེ་ལོ་རྟགས་གང་དག་དགོས་ཚུལ་དང་། ལོ་ལྷ་ཕྱོགས་གང་ན་བཞུགས་ཚུལ། ཐོང་སྣེ་ཅི་ལྟར་འཛུགས་ཚུལ་ལ་སོགས་སྐར་རྩིས་ལ་ཡང་དག་བལྟས་རྗེས། དེ་དག་ཡི་གེར་བྲིས་ཏེ་མ་ནོར་བར་ཐོང་ཁ་ཕྱེ་སའི་རྒན་དར་གཞོན་གསུམ་རྣམས་ལ་གསལ་བོར་བཤད་དགོས། རྩིས་ཀྱི་གཞི་འཛིན་ས་ནི། སོ་ནམ་འཁོར་ལོ་དང་ཐོང་གཤོལ་འཁོར་ལོ་ཡིན། དེ་ལ་རྩིས་གཞུང་ལས་ན་མོ་རྣཏཧཱ་ཡཱ་ཡ། བསིལ་རིའི་ར་བའི་ཡོངས་སུ་སྐོར་བའི་ལྗོངས། །ཞིང་འདིར་རིགས་གསུམ་སྒྱུ་འཕྲུལ་མགོན་པོ་ཡིས། །མི་རྗེའི་ཚུལ་མཛད་མེས་དབོན་རྣམ་གསུམ་དང་། །ལོ་པཎ་རྣམས་ཀྱི་བཀའ་དྲིན་སྙིང་ནས་དྲན། །འཛམ་གླིང་ཡང་རྩེར་མངོན་པར་འཕགས་པའི་བོད། །དྭངས་བསིལ་གཙང་ཞིང་མཛེས་པའི་ལྗོངས་འདི་ན། །ཕུན་ཚོགས་འབྱོར་བའི་གཞི་གྱུར་སོ་ནམ་ལས། །བྱ་ཚུལ་ཉེར་མཁོ་རྩིས་ཀྱི་ཆོ་ག་སྤེལ། །ཞེས་བཀོད་པ་ལྟར། མཛོའམ་ཡང་ན་གླང་དོར་གཅིག་ལ་སྣེ་ཁྲིད་མཁན་དང་། ཁ་ཆའི་ཁ་མགོར་འཇུ་མཁན། ས་བོན་འདེབས་མཁན་བཅས་མི་གསམ་གྱི་ལོ་རིས་བར་སྐལ་ལ་ཞིབ་ཏུ་བལྟས་ནས་འདེམས་དགོས། ཁྱད་པར་དུ་ཕ་མ་གཉིས་འཛོམས་ཤིང་མཚན་མིང་བཀྲ་ལེགས་པ་ཞིག་གིས་ས་བོན་འདེབས་ཞོར་ལ་ལོ་ཡག་སྨོན་ཚིག་འབོད་དགོས།
རྒྱ་ལོ་ཚེས་ཉེར་དྲུག་གི་སྔ་མོར་སྡེ་བའི་སྤྱི་ཁང་གི་བསང་སྟེགས་སྟེང་དུ་ཁྱིམ་ཚང་རེ་རེས་ལྷ་བསང་ཕུལ་པ་དང་། སྡེ་བའི་ཞིང་དཔོན་གྱིས་སྐད་གསེང་མཐོན་པོས་ཐོང་ཁ་ཕྱེ་རུ་ཤོག་ཅེས་ལན་གསུམ་འབོད་དགོས། དེ་ནས་ཁྱིམ་མི་ཡོངས་ཀྱིས་གྱོན་པ་གསར་བ་གྱོན་ཏེ། ཐོང་གོར་ཞེས་པའི་གོ་རེ་ཆེ་བ་གཅིག་འབྲུ་བྲེ་གང་གི་སྟེང་དུ་བཞག་སྟེ། དེའི་ཐོག་ལ་འབྲི་མར་གྱིས་ཡག་སྐུད་པ་དང་། གཞན་ད་དུང་ཆང་དང་ཀ་ར་སིལ་ཏོག གྲོ་སོ་ཕྱེ་མར། ཁ་བཏགས་ལ་སོགས་ཀྱང་ཁྱེར་ཡོང་དགོས། དེ་ནས་གྲོ་སོ་ཕྱེ་མར་དང་དངོས་པོ་གཞན་རྣམས་ཆབས་གཅིག་ཏུ་བདེ་ས་གཙང་ས་ཞིག་ཏུ་བཤམས་རྗེས། ཚང་མས་ཁྱིམ་ཚང་རེ་རེའི་ཐོང་གོར་གྱི་ཡག་འདུག་ལ་བལྟ་བ་དང་། དེ་ལས་ཆེས་ཡག་པའི་ཐོང་གོར་རིམ་པ་ལྟར་འདེམས་བསལ་བྱས་ནས་བྱ་དགའ་སྟེར་བ་ཡིན། དེ་ནས་རྒན་དར་གཞོན་གསུམ་རྣམས་རིམ་བཞིན་ཆོ་ག་སྤེལ་སར་འདུས་པ་ན། ཐོང་ཁ་དངོས་སུ་ཕྱེ་བའི་མགོ་བརྩམས་བྱུང་། མཛོའམ་གླང་ཁྲིད་མཁན་གྱིས་སྣེ་འཁྲིད་དེ་སྒོ་ཞིང་གྲུ་བཞིའི་ཐོག་ཏུ་འོང་ནས། ལོ་ལྷ་རྒྱབ་ཏུ་གཏད་ཅིང་ཐོང་སྣེ་ས་ལ་བཙུགས་ཚེ། ས་བོན་འདེབས་མཁན་གྱིས་འདི་ལྟར་འབོད་པ་སྟེ།
ཡ། ད་ནམ་ལངས་ཀྱི་དང་པོ། ཉི་ཤར་གྱི་རྩེ་མོ། རྟེན་འབྲེལ་གྱི་ཐོག་མ། གསེར་གྱི་གླང་བོ་ཆེ་གཉིས་ལ། དངུལ་གྱི་སྐེ་ཤིང་གཉའ་ལ་བཞག་སྟེ། བཅོམ་ལྡན་འདས་ཀྱིས་སྣེ་འཁྲིད་ཅིང་། ཤཱཀྱ་ཐུབ་པས་གཟུ་བྱས་ནས། དངུལ་གྱི་ཐོང་གཤོལ་རྗེས་སུ་དྲུད་དེ། རིན་ཆེན་གསེར་གྱི་ས་གཞི་སྟེང་ལ། ཁྲོ་ལྕགས་སྔོན་མོའི་ཐོང་ཞིག་འཛུགས་ཡ། ཡ། ད་མི་ལུས་རིན་ཆེན་ཡིན་པས་ཡག་ཅིག་སྐུད་དགོས། མགོ་ལ་བསྐུས་ན་མགོ་འཕངས་མཐོ། ཁ་ལ་བསྐུས་ན་ཁ་ལས་དགེ། འདབ་ལ་བསྐུས་ན་འདབ་ལག་རྒྱས། གསེར་གྱི་གླང་ཆེན་གཉིས་ལ་ཡག་ཅིག་སྐུད་དགོས། རྭ་ལ་བསྐུས་ན་རྭ་རྩེ་རྣོ། སྐེ་ལ་བསྐུས་ན་སྐེ་ཤེད་འཛོམས། གསེར་གྱི་སྐེ་ཤིང་ཡིན་རུང་ཡག་ཅིག་སྐུད་དགོས་ཟེར་གི དངུལ་གྱི་ཁ་ཆ་ཡིན་རུང་ཡག་ཅིག་སྐུད་དགོས་ཟེར་གི ཁ་དྲོ། བཀྲ་ཤིས།
ཡ། ད་ངས་འབྲུ་རིགས་སྣ་ལྔའི་ས་བོན་འདི་ཞིག་མཆོད་ན། བླ་མ་ཡི་དམ། སངས་རྒྱས་བྱང་སེམས། དཔའ་བོ་མཁའ་འགྲོ། ཆོས་སྐྱོང་སྲུང་མ། ཡུལ་ལྷ་གཞི་བདག ཤར་ཕྱོགས་རྡོ་རྗེ་སེམས་དཔའ། ནུབ་ཕྱོགས་དོན་ཡོན་གྲུབ་པ། བྱང་ཕྱོགས་སྤྱན་རས་གཟིགས་དབང་། ལྷོ་ཕྱོགས་སྣང་བ་མཐའ་ཡས། སྐུ་གསུམ་གྱི་བླ་མ། དུས་གསུམ་གྱི་སངས་རྒྱས། རིགས་གསུམ་གྱི་མགོན་པོ། མཆོག་གསུམ་གྱི་སྐྱབས་མགོན། རྩ་གསུམ་གྱི་ལྷ་ཚོགས། ཨོ་རྒྱན་པདྨ་འབྱུང་གནས། འཛམ་གླིང་གེ་སར་རྒྱལ་པོ། ལྷ་ཆེན་ཚངས་པ་དཀར་བོ། དྲེགས་པ་ལྷ་སྲིན་སྡེ་བརྒྱད། དགྲ་ལྷ་ཝེར་མ་བཅུ་གསུམ། བོད་མགོ་ནག་གི་སྐྱབས་རེ་ས། གནམ་སྐྱོང་གོང་སྨན་རྒྱལ་མོ། རང་རེའི་ཆོས་སྐྱོང་སྲུང་མ། མ་གཟའ་དམ་གསུམ། དབང་གྲགས་བསྟན་སྐྱོང་། ཨ་མ་ཟོ་དགུ། ཨ་མྱེས་བྲག་དཀར། གངས་དཀར་ཕྱོགས་ལས་རྣམ་རྒྱལ། སྐྱེས་ལྷ་རྡོ་རྗེ་གཟི་འབར། རྒྱ་བསྐྱེད་དཔལ་གྱི་རི་བོ། དགྲ་འདུལ་དབང་ཕྱུག་སྟོབས་ལྡན། ཡ། ད་རྨ་ཆུ་སྔོན་མོའི་གཡས་ཟུར་ན་བཞུགས་ནི། ཕྱེ་མ་དཀར་པོའི་གུར་ནང་ན་བཞུགས་ནི། བོས་ན་དཀྲིས་གསུམ་རྒྱག་ནི། མཐུ་རྫུ་འཕྲུལ་ལ་ཐོགས་པ་མེད་པ། ལྷ་འཇམ་དབྱངས་ནག་པོ་ཐུགས་ཀྱི་སྤྲུལ་བ། ཁྲི་ཀའི་ཡུལ་ལྷ་གཉན་པོ། ལྷ་རྒྱལ་ལོ། ལྷ་རྒྱལ་ལོ། ལྷ་རྒྱལ་ལོ།
ཡ། ལོ་ལྷ་ཐེ་སེ་རྒྱལ་པོ། ཐེ་ཁྱིམ་བཙུན་མོ། གནམ་ལོ་གསར་བའི་ནང་ལ། ལོ་མགོར་སད་སེར་མ་ཕོག ལོ་སྟེང་འབུ་ཡིས་མ་གནོད། ཕར་ལ་འབྲུ་གཅིག་བཏབ་ན། ཚུར་ལ་འབྲུ་བརྒྱ་ཡོང་དགོས། དཔྱིད་ཀར་ཐ་རེ་ཐོར་རེ་བཏབ་ན། སྟོན་ཁར་བ་ངེ་བོང་ངེ་ཡོང་དགོས། ལོ་གཏིང་ཟོར་བ་ཡིས་མི་ཆོད་པའི་ལོ་ཞིག་ཡག་དགོས། ལོ་མགོ་རྡོ་རིལ་གྱིས་མི་གནོན་པའི་ལོ་ཞིག་ཡག་དགོས། ཨ་ལ་ལ་ཇི་འདྲའི་ལོ་ཞིག་ཡག་ཐལ་ཟེར་བའི་ལོ་ཞིག་ཡག་དགོས། ལོ་ཡག ལོ་ཡག ལོ་ཡག་ཤོག
ཡ། སྟོད་རྒྱ་གར་གྱི་ལོ་ཡག་འདིར་ཤོག སྨད་རྒྱ་ནག་གི་ལོ་ཡག་འདིར་ཤོག སྐུ་རྒྱལ་བོད་ཀྱི་ལོ་ཡག་འདིར་ཤོག རྨ་ཕ་རིའི་ལོ་ཡག་འདིར་ཤོག རྨ་ཚུར་རིའི་ལོ་ཡག་འདིར་ཤོག ཞང་ཞུང་པདྨོ་སྟེང་གི་ལོ་ཡག་འདིར་ཤོག ལྷོ་རྒྱལ་འཛམ་བུ་གླིང་གི་ལོ་ཡག་འདིར་ཤོག ལོ་ཡག ལོ་ཡག ལོ་ཡག་ཤོག་ཅེས་ལོ་ལེགས་བོས་རྗེས། ཚང་མ་མཉམ་གཅིག་ཏུ་འཚོགས་ནས་ཐག་འཐེན་དང་། གླང་ཆེན་ས་གཤགས། མིག་མངས་ཐེ་པེད། ཐེ་གེ འཕར་རྡོ། རྟགས་ར་མ་ར་བསྐོར། ཕུ་ཐག་ཐག་རྡོ་རིལ་འགྱོག་པ་ལ་སོགས་རྩེད་མོ་སྣ་ཚོགས་འགྲན་རྗེས། རྒན་དར་གཞོན་བྱིས་རྣམས་ལ་རྟེན་འབྲེལ་གྱི་མཚོན་བྱེད་དུ་ཀ་ར་སིལ་ཏོག་གཏོར་བ། བྱ་འགུལ་ལས་རྒྱལ་མཁན་དག་ལ་བྱ་དགའ་སྟེར་བ། དེ་ནས་ཚང་མ་ལོ་རེར་སྔ་མོ་ནས་གཏན་འཁེལ་བྱས་ཡོད་པའི་ཁྱིམ་ཚང་དེར་སོང་ནས་མཉམ་དུ་ཟ་མ་ཟ་བ་དང་གླུ་ལེན་གར་རྩེད་བྱེད་པ། དེ་ནས་དགུང་མོའི་ཆུ་ཚོད་བརྒྱད་ཀྱི་སྟེང་སླར་ཡང་ཚང་མ་སྡེ་བའི་སྤྱི་ཁང་ནང་དུ་འཛོམས་ཏེ། ཞིང་དཔོན་རྙིང་བས་ཇ་སྐོལ་བ། ཞིང་དཔོན་གསར་བས་ཇ་ཕུད་མཆོད་པ་དང་ཇ་འདྲེན་ཆང་འདྲེན་བྱེད་པ། དེ་ནས་ཞིང་དཔོན་རྙིང་བས་གསར་བར་སྤྱི་ཁང་མཛོད་ཁང་གི་ལྡེ་མིག་དང་རྒྱུ་དངོས་རྣམས་རེ་རེ་བཞིན་སྤྲད་ཚར་རྗེས། ཞིང་དཔོན་གསར་བས་ཞིང་ཁ་བདག་གཉེར་དང་ལོ་ཆུ་བར་གསུམ་གྱི་སྐུ་རིམ། ཟླ་ཆོས་སྡེ་འདོན་ཇི་ལྟར་སྒྲུབ་པ། དེ་ལ་སྒྲིག་ལམ་དང་བཅས་གསལ་བསྒྲགས་བྱས་མཐར། གླུ་ལེན་གར་རྩེད་རིམ་བཞིན་བྱས་ཏེ་བཀྲ་ཤིས་ཡག་ཆང་རྟེན་ལ་བཞག་ནས་ཚང་མ་གྲོལ་བ་དང་། ཕྱི་ཉིན་ནས་བཟུང་སྡེ་བའི་སོ་ནམ་གྱི་ལས་ཀ་སྟེ། དཔྱིད་འདེབས་ཀྱི་མགོ་དངོས་སུ་བརྩམས་པ་རེད།
༢༠༡༣.༡.༢༦ལ་སྒོ་མེ་ལྷ་ཁང་ཐང་ནས།
འབྲེལ་ཡོད་འོས་སྦྱོར།