མཚོ་མ་ཕམ་དང་རིན་པོ་ཆེ་གཟིའི་འབྱུང་ཁུངས།
རྩོམ་པ་པོ།:གསེར་ཀུན་དགས་བྲིས་ཤིང་པར་མཁོ་འདོན་བྱས།
ཡོང་ཁུངས།:གངས་ལྗོངས་ཉི་གཞོན།
དུས་ཚོད།:2024-08-02
ཀློག་གྲངས།:
དེ་ཡང་གངས་ཏི་སེ་དང་མཚོ་མ་ཕམ་ལྟེ་བར་བྱས་པའི་དེང་གི་མངའ་རིས་ས་ཁུལ་ནི་བོད་མི་རིགས་ཁོ་ནར་བྱས་པའི་བོད་ཀྱི་རིག་གནས་དང་། ལོ་རྒྱུས། ཆོས་ལུགས། སྲིད་དོན་སོགས་ཀྱི་ཞིབ་འཇུག་གི་ཁྱབ་ཁོངས་རྐྱང་པ་ཙམ་མ་ཡིན་པར། ང་ཚོས་ཞིབ་འཇུག་གི་མིག་ཟུང་ཡངས་པོར་ཕྱེས་ནས་བལྟས་ན། དེང་གི་མངའ་རིས་ས་ཁུལ་ནི་བོད་མི་རིགས་གཙོ་བོར་བྱས་པའི་འཛམ་གླིང་གི་མི་རིགས་མང་པོ་ཞིག་གི་ཆོས་དང་རིག་གནས་ཀྱི་ཆུ་འགོ་ལྟ་བུར་གྱུར་ཡོད་པས། དེ་ནི་འཛམ་གླིང་ལོ་རྒྱུས་ལ་ཞིབ་འཇུག་བྱེད་སའི་ས་ཚིགས་གཙོ་བོ་ཞིག་དང་ཡང་ན་མིའི་རིགས་ཀྱི་ཤེས་དཔལ་ལ་རྒྱང་ལྟ་བྱེད་སའི་ལྗོངས་གཟིགས་སྟེགས་བུ་གལ་ཆེན་ཞིག་ཀྱང་རེད།
དེ་ལྟར་ན་དེང་གི་མངའ་རིས་ས་ཁུལ་ནི་འཛམ་གླིང་གི་ཆོས་དང་རིག་གནས་མང་པོ་ཞིག་གི་འགོ་ཁུངས་དང་སྒྲུང་དང་རྒྱལ་རབས་ཁྲི་ཕྲག་གི་རྩོམ་གཞི་ལྟ་བུར་གྱུར་ཡོད་པ་ཇི་བཞིན་དུ། ཡུལ་དེ་ནི་གསེར་དང་རིན་པོ་ཆེ་སྣ་ཚོགས་ཀྱི་འབྱུང་གནས་སུའང་གྱུར་ཡོད་དེ། རྒྱ་གར་གྱི་ཕ་དམ་པ་སངས་རྒྱས་ལགས་ཀྱི་ཞལ་ནས། མྱི་ནུབ་པའི་རྒྱལ་མཚན་རྡོ་རྗེ་གདན་གྱི་བྱང་ཕྱོགས། རིན་པོ་ཆེ་གསེར་གྱི་འབྱུང་གནས། གངས་རིའི་མཐའ་བསྐོར་བ། ཆུ་བོ་ཆེན་པོ་རྣམས་ཀྱི་འགོ། ཙན་དན་བླངས་པ་ལྟར་བསིལ་བའི་ངད་དང་ལྡན་པ་ཁ་བ་ཅན་གྱི་ཡུལ། ཞེས་གསུངས་པ་དང་། དུས་རབས་བཅུ་པའི་ནང་བྱོན་པའི་ལྷ་བླ་མ་ཡེ་ཤེས་འོད་ཀྱི་རྣམ་ཐར་དྲིལ་དཀར་ཟླ་བ་ལས། དེ་བ་ན་ལ་གསེར་གྱི་འབྱུང་ཁུངས་ཀྱིས་སྐོར་ཆུ་བོ་བརྒྱ་པའི་འགྲམ། སྟོད་ཀྱི་མངའ་རིས་སྐོར་གསུམ་ཡངས་རྩེ་པུ་ཧྲེང་གུ་གེའི་ཡུལ་དབུས། །ཞེས་འཁོད་པ་དང་། གུ་གེ་ཚེ་རིང་རྒྱལ་པོས་བརྩམས་པའི་མངའ་རིས་ཆོས་འབྱུང་དུ་ཡང་། གྲངས་ཀྱི་གཞལ་བར་དབེན་པའི་གཡུ་ལུང་དང་། གཟི་ལུང་། མཆོང་ལུང་སོགས་རིན་ཆེན་རྡོའི་རིགས་ཀྱིས་གཏེར་དངོས་གང་སར་ཁྱབ། ཞེས་པ་ལས་མངའ་རིས་ས་ཆ་ནི་གསེར་སོགས་རིན་པོ་ཆེ་མང་པོ་ཞིག་གི་འབྱུང་ཁུངས་ཡིན་ཚུལ་བསྟན་པ་དང་། ལོ་ངོ་ཆིག་སྟོང་བརྒྱད་བརྒྱ་ཡས་མས་ཀྱི་ལོ་རྒྱུས་ལྡན་པའི་མངའ་རིས་གུར་གྱམ་དགོན་པ་ནས་བུད་པའི་གསེར་གྱི་ཞལ་འབག་དང་རིན་པོ་ཆེ་གཟི་རྡོའི་རིགས་ཀྱི་གནའ་རྫས་དག་གིས་ཀྱང་ཡུལ་འདིར་རིན་པོ་ཆེའི་ཐོན་ཁུངས་ཕུན་སུམ་ཚོགས་པ་ཡོད་པ་དེ་ཡུལ་དེ་གའི་རིག་དངོས་ཀྱིས་ར་སྤྲོད་བྱས་པ་ཞིག་རེད།
དེ་ལ་སྐབས་དོན་མཚོ་མ་ཕམ་དང་རིན་པོ་ཆེ་གཟི་གཉིས་ཀྱི་འབྲེལ་བའི་སྐོར་བཤད་པ་ལ་ཐོག་མར་ང་ཚོས་མཚོ་འདིའི་མིང་ངམ་མཚོ་བདག་གི་མིང་གི་སྐོར་ནས་དཔྱད་འགོ་རྩོམ་དགོས་པ་ཞིག་ཡིན་ལ། དེ་ཡང་མ་ཕམ་གཡུ་མཚོའི་མཚོ་བདག་གི་མིང་ལ་ཀླུ་རྒྱལ་མ་དྲོས་གཟི་ཆེན་ཞེས་བྱ་ཞིང་། མ་ཕམ་བྱ་བ་ནི་ཡོན་ཏན་གྱིས་མ་ཕམ་པ་སྟེ་མཚོ་འདི་ཡན་ལག་བརྒྱད་ལྡན་གྱི་ཆུས་གྲུབ་པ་ཡིན་ཕྱིན་མཚོ་གཞན་དང་བསྡུར་ན་ཡོན་ཏན་གྱི་ཆ་ནས་མ་ཕམ་པས་ན་མ་ཕམ་གཡུ་མཚོ་ཞེས་མིང་ཐོགས་ཚུལ་དེ་གངས་མཚོའི་གནས་ཡིག་སོགས་སུ་གསལ་མོད། འོན་ཀྱང་སྔོན་གྱི་ཡིག་ཚང་ཁ་ཤས་སུ་མཚོ་མ་པང་དང་། མ་སྤང་། མ་ཕང་སོགས་འབྲི་ཚུལ་དུ་མ་ཞིག་བྱུང་ཡོད་པས་དེའི་སྐོར་ལའང་དཔྱད་རྒྱུ་རེ་བདོག་མོད། འདིར་ཆབས་གཅིག་ཏུ་སྤུངས་ན་དཔྱད་རྩོམ་འདི་ཡང་མགོ་བོ་ཆེ་ཞིང་མཇུག་མ་ཕྲ་བ་རུ་འགྱུར་དོགས་ཀྱིས་གནས་སྐབས་རིང་གཡོལ་ཐབས་བྱས།
ལར་ཀླུ་རྒྱལ་མ་དྲོས་གཟི་ཆེན་བྱ་བ་ནི་ཀླུ་རིགས་ཐམས་ཅད་ཀྱི་རྗེ་བོ་དང་ཀླུ་རིགས་ཆེན་པོ་བརྒྱད་ཀྱི་ནང་ཚན་ཏུའང་འདྲེན་སྲོལ་ཡོད་པར་མ་ཟད། ནང་པའི་ཆོས་གཞུང་སོགས་སུ་ཀླུ་རྒྱལ་མ་དྲོས་པས་ཞུས་པའི་མདོ་སོགས་ཀླུ་རྒྱལ་གཟི་ཆེན་དང་འབྲེལ་བའི་ཡིག་ཚང་མང་པོ་ཞིག་ཡོད་པས་འདིར་ཀླུ་རྒྱལ་མ་དྲོས་གཟི་ཆེན་གྱི་སྐོར་ནས་ཆེད་དུ་ངལ་བ་མི་དགོས་མོད། འོན་ཀྱང་སྐད་ཆའི་གོ་རིམ་མི་འཆོལ་བ་དང་ཀློག་པ་པོ་ལ་གོ་སྐོན་ཡོང་ཆེད་དུ་མཚོ་མ་ཕམ་དང་མ་དྲོས་གཟི་ཆེན་གཉིས་ཀྱི་འབྲེལ་བའི་སྐོར་ནས་ཡོངས་གྲགས་ཀྱི་ལུང་ཚིག་རེ་གཉིས་ཙམ་དྲངས་ན། དུས་རབས་བཅུ་པའི་ནང་བྱུང་པའི་ལྷ་བླ་མ་ཡེ་ཤེས་འོད་ཀྱི་བཀའ་གཙིགས་ཀྱི་ཡི་གེའི་ནང་དུ། འཛམ་གླིང་ས་སྒང་གླང་པོ་ལ་སོགས་ཁ་ནས་འབབ་པའི་ཆུ་བོ་བཞི་ཡི་མགོ །མ་དྲོས་གཟི་ཆེན་མ་སྤང་བདེ་གཤེགས་རྣམས་ཀྱི(ཀྱིས)བཅགས་ཤིང་བྱོན་པའི་གནས། །ཏི་སེ་གངས་སྙན་ཤེལ་གྱི་མཆོད་རྟེན་དབང་ཕྱུག་ཆེན་པོའི་གཏི(བསྟི)གནས་པ། བསྟོད(སྟོད)ཀྱི་མངའ་རིས་སྐོར་གསུམ་ཡངས(ཡང)རྩེ་གུ་གེའི་ཡུལ་གྱི་དབུས། ཞེས་གསུངས་པ་དང་། ཡང་བོན་དཔེ་འཛམ་གླིང་གངས་རྒྱལ་ཏི་སེའི་དཀར་ཆག་ཚངས་དབྱངས་ཡིད་འཕྲོག་ཅེས་པ་རུ། རི་གངས་རྒྱལ་ཏི་སེའི་རྩ་བ་རུ་མཚོ་ཆེན་པོ་དཔག་ཚད་ཉིན་སྐོར་བཞི་ཡི་ཚད་ཡོད་པ། ཕྱི་ལྟར་ན་གཟུགས་དང་དབྱིབས་ཀྱང་གཡུ་ཡི་མན་འདལ་ཕུལ་བ་ལྟ་བུ། ནང་ལྟར་ན་ཀླུ་མ་དྲོས་གཟི་ཆེན་དང་ཀླུ་མོ་མ་པང་གཡུ་ཕྱུག་མ་གཉིས་ཀྱི་ཕོ་བྲང་། ཞེས་མཚོ་མ་དྲོས་པའམ་མ་ཕམ་གཡུ་མཚོའི་གནས་བདག་ནི་ཀླུ་རྒྱལ་མ་དྲོས་གཟི་ཆེན་བྱ་བ་དེ་ཡིན་པ་བན་བོན་ཐུན་མོང་གིས་ཁས་ལེན་པའི་གནས་ཤིག་ཡིན་པར་མ་ཟད། མཚོ་མ་དྲོས་པ་ཞེས་པའང་ཀླུའི་རྒྱལ་པོ་མ་དྲོས་གཟི་ཆེན་གྱི་ཕོ་བྲང་ངམ་བཞུགས་གནས་ཡིན་པས་དེ་ལྟར་མིང་ཐོགས་པ་ཞིག་རེད།
འོ་ན་ང་ཚོས་སྐབས་བབ་ཀྱི་དཔྱད་བྱ་ནི་རིན་པོ་ཆེ་གཟི་ཡི་མིང་དེ་ཡང་ཀླུ་རྒྱལ་མ་དྲོས་གཟི་ཆེན་གྱི་མིང་དེ་རྒྱུ་མཚན་དུ་དྲངས་ནས་ཐོགས་པ་ཞིག་མིན་ནམ་སྙམ་པ་དང་། རིན་པོ་ཆེ་གཟི་ནི་ཀླུ་ནོར་སྟེ་ཀླུའི་ཕོ་བྲང་ངམ་མ་ཕམ་གཡུ་མཚོ་ལས་བྱུང་བ་ཞིག་ཡིན་མིན་གྱི་སྐོར་དེ་རེད།
དེ་ལ་མིག་སྔར་གཟིའི་སྐོར་གྱི་ཡིག་ཆ་ཅུང་ཁུངས་ལྡན་དུ་བརྩི་བ་ནོར་བུ་གཟིའི་རྣམ་པར་བཤད་པ་འཇིག་རྟེན་དགེ་བ་ཞེས་པ་རུ་གཟིའི་ཐོག་མའི་བཟོ་ཁུངས་སྐོར་བཤད་སྐབས། གཟི་གཉིས་པ་བཟོ་བོ་ཀླུ་ཡིས་བཟོས། །ཀླུ་གཙུག་ན་རིན་ཆེན་འཕྲུལ་ལས་བཟོས། །གཟི་རྒུ་སྔོན་མོ་ཆུ་ལ་བྱས། །གཟི་དྭངས་དྭངས་ཡིན་པ་དེ་ནས་བྱུང་། །ཀླུ་གཟི་སྔོན་པོ་དེ་ཡིས་རེད། །མིག་དཀར་པོའི་དཔེ་ལ་ཟླ་བ་བླངས། །ཀླུ་གཟི་ལྷ་དང་ཀླུ་ལ་དབང་། །མགོ་ནག་ཅན་ལ་ཉུང་ཙམ་མཆིས། །ཀླུ་གཟི་དཀོན་པ་དེ་ཡིས་རེད། །ཅེས་འཁོད་ཡོད་ལ། ལུང་ཚིག་འདི་ལ་བརྟེན་པའི་དཔྱད་གཞི་ནི་སྤྱིར་ཀླུ་རྒྱལ་མ་དྲོས་གཟི་ཆེན་དང་ཀླུ་རྒྱལ་གཙུག་ན་རིན་ཆེན་གཉིས་ནི་སྐབས་སྐབས་སུ་ཀླུ་རྒྱལ་གཅིག་གི་མཚན་གྱི་རྣམ་གྲངས་ཡིན་པ་དང་། སྐབས་རེར་ཀླུ་རིགས་ཐ་དད་དུ་སྣང་བ་སོགས་བཤད་ཚུལ་ཅི་རིགས་ཤིག་མཆིས་མོད། འོན་ཀྱང་ང་ཚོས་ལུང་ཚིག་འདི་ལས་གོ་ངེས་པ་ནི་རིན་པོ་ཆེ་གཟི་དེ་ཀླུའི་རྒྱལ་པོས་འཕྲུལ་ལས་བཟོས་པ་དེ་ཡིན་ཞིང་། ཚུལ་དེ་དང་མཐུན་པ་ཞིག་ནི་དེང་གི་མ་ཕམ་གཡུ་མཚོའི་འགྲམ་གྱི་མི་རྣམས་ཀྱིས་ངག་རྒྱུན་དུའང་མཚོ་རིན་པོ་ཆེ་མ་ཕམ་གཡུ་མཚོ་ལ་གསོལ་བ་རྩེ་གཅིག་ཏུ་བཏབ་ནས་སྐོར་བར་ཕྱིན་པ་ན་ཀླུ་རྒྱལ་གྱིས་གཟི་གནང་བ་རེད་ཅེས་པའི་ཤོད་རྒྱུན་ཞིག་ད་ལྟའི་བར་དུ་མ་ཉམས་པར་ཡོད་པར་མ་ཟད། འདི་ལོ་ཁོ་བོ་མངའ་རིས་སུ་འགྲོ་སྐབས་ཀྱང་མ་ཕམ་གཡུ་མཚོའི་རྒྱབ་ཕྱོགས་ཀྱི་བར་སྐ་གྲོང་པའི་སྡེ་མི་བསོད་ནམས་ཀྱིས་ཁོ་རང་བྱིས་པའི་དུས་སྐབས་སུ་མཚོ་རིན་པོ་ཆེར་སྐོར་བ་བྱེད་པའི་ལམ་བར་ནས་གཟི་དང་མུ་ཏིག་རེ་ཟུང་ཙམ་རེ་རྙེད་མྱོང་ལ། ཁོང་ཚོའི་ཕ་མེས་ཀྱིས་བཤད་པ་ལྟར་ན་དེ་ནི་མཚོ་བདག་ཀླུ་རྒྱལ་གྱིས་གནང་བ་ཡིན་པས་དེར་བཙོག་འགོམ་ཤོར་མི་རུང་ཞེས་བཤད་མྱོང་བར་མ་ཟད། ད་དུང་སྡེ་མི་ཁ་ཤས་ཀྱིས་བཤད་པ་ལྟར་ན་སྐབས་རེར་མཚོ་རིན་པོ་ཆེའི་སྐོར་ལམ་ནས་ནོར་དང་ལུག་སོགས་ཀྱང་ཀླུ་རྒྱལ་གྱིས་གནང་བ་རེད་ཅེས་བཤད་བྱུང་། ཉེ་བའི་ཆར་ཡང་མཚོ་མ་ཕམ་གྱི་འགྲམ་ནས་མཚོ་སྐོར་བ་ཚོས་རིན་པོ་ཆེ་གཟི་རྙེད་པ་དེ་དོན་དངོས་ཀྱི་གནས་ཚུལ་ཞིག་རེད་འདུག
དེས་ན་སྔོན་གྱི་ཆར་ཡང་མངའ་རིས་ཞང་ཞུང་གི་མི་རྣམས་གཙོ་བོར་གཏོགས་པའི་མཚོ་མ་ཕམ་འགྲམ་གྱི་མི་རྣམས་ཀྱིས་མ་ཕམ་གཡུ་མཚོའི་ཁ་ནས་རྙེད་པའི་རིན་པོ་ཆེ་དེ་རྣམས་ནི་མཚོ་བདག་མ་དྲོས་གཟི་ཆེན་གྱིས་གནང་བར་བསྒོམ་ནས་དེའི་མིང་ལ་ཀླུ་རྒྱལ་མ་དྲོས་གཟི་ཆེན་གྱི་མིང་གི་ཟུར་ཆག་ནས་གཟི་ཞེས་མིང་ཐོགས་པ་ཞིག་མིན་ནམ་སྙམ་ཞིང་། གླིང་སྒྲུང་སོགས་སྔོན་གྱི་ཡིག་ཚང་ཁ་ཤས་སུ་ཡང་གཟི་ལ་ཀླུ་ནོར་ཞེས་འཁོད་ཡོད་པ་དེ་ཡང་དཔྱད་རིན་མེད་པ་ཞིག་ནི་གཏན་ནས་རེད་མི་འདུག
དཔྱད་གཞི་གཉིས་པ་ནི་ཡང་ནོར་བུ་གཟིའི་རྣམ་པར་བཤད་པ་འཇིག་རྟེན་དགེ་བ་ཞེས་པའི་བན་ལུགས་ཀྱི་གཟི་བཤད་པའི་སྐབས་སུ། ཨོ་རྒྱན་པདྨ་འབྱུང་གནས་དང་། །རྒྱལ་པོ་མུ་ཁྲི་བཙན་པོ་གཉིས། །ཞང་བློན་འཕྲུལ་གྱི་བཟོ་བོ་གསུམ། །མ་དྲོས་མཚོ་ལ་ཀོ་བར་ཕེབས། །རྒྱལ་པོ་མུ་ཁྲི་བཙན་པོ་ཡིས། །ཕོ་འདོམ་བརྒྱ་ཡི་མཚོ་ཞབས་སུ། །སྦྲུལ་ཆེན་འཁྱིལ་འདྲའི་གཟི་ཞིག་གཟིགས། །ཨོ་རྒྱན་པདྨ་ཁྱུང་ལ་སྤྲུལ། །མཚོ་ཡི་ནང་ནས་ཕྱིར་ལ་བཏོན། །ཕྱག་གི་ཁ་རྒྱུ་གཡང་བྱས་ཏེ། །ནོར་བུ་གཟི་ཡི་བཤད་པར་གནང་། །གཟི་ལ་ཁྱུང་གི་སྡེར་ཤུལ་བཀྲ། །གཟི་རྒྱལ་ཁྱུང་པོ་འོད་འབར་གྲགས། །བསིལ་ལྡན་བོད་ཀྱི་ནོར་བུར་བསྔགས། །ཞེས་འཁོད་ཡོད་ལ། ཚིག་དུམ་འདི་ནི་མཚོ་མ་དྲོས་པའམ་མ་ཕམ་གཡུ་མཚོའི་ནང་ནས་རིན་པོ་ཆེ་གཟི་རྙེད་པའི་སྐོར་གྱི་དཔྱད་གཞི་གལ་ཆེན་ཞིག་ཡིན་ཞིང་། ལུང་ཚིག་དེར་བརྟེན་པའི་དཔྱད་གཞི་ནི་བོད་འབྲེལ་ས་ཁུལ་དུ་རླུང་ལྟར་གྲགས་པའི་རིན་པོ་ཆེ་གཟི་ནི་མཁའ་ལྡིང་ངམ་བྱ་རྒྱལ་ཁྱུང་གིས་དུག་སྦྲུལ་ཟོས་ཤིང་དེ་སྐྱུགས་པ་ལས་བྱུང་བར་བཤད་པའི་ངག་རྒྱུན་དེ་ཡང་མཐར་གཏུགས་ན་གོང་འཁོད་ཀྱི་ལུང་ཚིག་དེའི་ནང་དོན་ཁྱབ་བརྡལ་དུ་ཕྱིན་པ་ཞིག་མིན་ནམ་སྙམ་ཞིང་། ཡང་བོད་འབྲེལ་ས་ཁུལ་དམངས་ཁྲོད་དུ་རིན་པོ་ཆེ་གཟི་ནི་མི་མ་ཡིན་སྡེ་བརྒྱད་སོགས་ཀྱིས་བཟོས་པ་དང་ཡང་ན་རང་བྱུང་གི་དངོས་པོ་ཞིག་ཏུ་འདོད་པ་སོགས་ཀྱང་མ་ཕམ་གཡུ་མཚོའི་གནས་བདག་དང་མ་ཕམ་གཡུ་མཚོའི་གཟི་རྡོ་ལ་འབྲེལ་བ་ཡོད་པ་ཞིག་མ་ཡིན་ནམ།
དཔྱད་གཞི་གསུམ་པ་ནི་ཡང་ནོར་བུ་གཟིའི་རྣམ་པར་བཤད་པ་འཇིག་རྟེན་དགེ་བ་ཞེས་པའི་བོན་ལུགས་ཀྱི་གཟི་བཤད་པའི་སྐབས་སུ། གཟི་འཇོང་བོ་བློན་པོའི་བུ་ཡིས་བཟོས། །རི་མོ་མ་དྲོས་མཚོ་ལ་བྱས། །གཟི་ཐིག་སྲོ་མ་ལག་འདེབས་བཏབ། །བློན་གཟི་ཡག་པ་དེ་ཡིས་རེད། །ཞེས་འཁོད་ཡོད་ལ། ཚིག་དུམ་འདི་ནི་རིན་པོ་ཆེ་གཟིའི་བཟོ་རྩལ་དང་མཚོ་མ་དྲོས་པའམ་མ་ཕམ་གཡུ་མཚོའི་བར་འབྲེལ་བ་དམ་ཟབ་ཡོད་པ་མཚོན་བྱེད་ཀྱི་ཚིག་གནད་གལ་ཆེན་ཞིག་ཡིན་ལ། གོང་གི་ཚིག་དུམ་དེའི་ཚིག་ངོས་ཀྱི་གོ་དོན་ནི་རིན་པོ་ཆེ་གཟིའི་རི་མོ་ནི་མཚོ་མ་དྲོས་པའམ་མ་ཕམ་གཡུ་མཚོ་ལ་དཔེ་བྱས་ནས་བཟོས་པ་རེད་ཅེས་པ་ལྟ་བུ་ཞིག་ཡིན་མོད། འོན་ཀྱང་དངོས་དོན་ནི་མིས་བཟོས་པའི་གཟི་ཡི་རི་མོ་ནི་མཚོ་མ་དྲོས་པའམ་མ་ཕམ་གཡུ་མཚོ་ལས་བྱུང་པའི་རང་བྱུང་གི་གཟིའི་རི་མོ་ལ་དཔེ་བྱས་ནས་བཟོས་པ་རེད་ཅེས་པའི་དོན་དེ་མིན་ནམ་སྙམ་ཞིང་། ཅི་སྟེ་དེ་ལྟ་བུ་ཞིག་ཡིན་ཚེ་མཚོ་མ་དྲོས་པའམ་མ་ཕམ་གཡུ་མཚོ་ནི་རིན་པོ་ཆེ་གཟིའི་རང་བྱུང་གི་ཐོན་ཁུངས་སམ་འབྱུང་ཁུངས་གཙོ་བོ་ཞིག་ཡིན་པ་དང་། ལྷག་པར་དུ་མངའ་རིས་ཞང་ཞུང་གི་ཡུལ་དུ་གཟིའི་བཟོ་རྩལ་ཁྱད་དུ་འཕགས་པ་བྱུང་ཚུལ་དང་དེ་ལས་ཞང་ཞུང་གཟི་མ་འཕྲུལ་ཡག་ལྟ་བུའི་གཟིའི་བཟོ་བོ་འགྲན་ཟླ་དང་བྲལ་བ་འབྱུང་དོན་ཡང་རིན་པོ་ཆེ་གཟིའི་རང་བྱུང་གི་ཐོན་ཁུངས་དང་འབྲེལ་བ་དམ་ཟབ་ཡོད་པ་ཞིག་མ་ཡིན་ནམ་སྙམ་པས་དཔྱད་པར་འཚལ།
གཞན་ཡང་ཉེ་བའི་ལོ་ཤས་རིང་རྒན་ཚངས་དབང་དགེ་འདུན་བསྟན་པ་སོགས་བོད་ཀྱི་གཟིའི་རིག་གནས་ལ་ཞིབ་འཇུག་བྱེད་མཁན་རྣམས་ཀྱིས་ཀྱང་གཟི་ལམ་གྱི་ལྟེ་གནས་ནི་གངས་རིན་པོ་ཆེའི་གཡས་གཡོན་གཙོར་བྱས་ཏེ་ཧི་མ་ལ་ཡའི་ས་གནས་ཁག་ཅིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པས་ན། རིན་པོ་ཆེ་གཟི་དང་མཚོ་མ་ཕམ་གྱི་བར་ལ་གོམ་གང་མདུན་སྤོས་ཀྱིས་ཞིབ་འཇུག་བྱ་རིན་ཡོད་པར་སྙམ་མོ། །
འབྲེལ་ཡོད་འོས་སྦྱོར།