logo

༄༅། །བླ་བྲང་ས་ཆའི་གཤིན་པོ་བསྡུ་ཚུལ་གྱི་དམངས་སྲོལ་ལག་ལེན་དང་ཆོས་ལུགས་ཀྱི་རྒྱབ་རྟེན།

རྩོམ་པ་པོ།:སྨན་ཤུལ་རིན་ཆེན་རྡོ་རྗེ། ཡོང་ཁུངས།:མང་ཚོགས་སྒྱུ་རྩལ། དུས་ཚོད།:2025-03-20 ཀློག་གྲངས།:
ནང་དོན་གནད་བསྡུས། བླ་བྲང་ས་ཆའི་གཤིན་པོ་བསྡུ་ཚུལ་ལ་སྤྱིའི་གོ་རིམ་བཅུ་གཉིས་ཡོད་པ་དང་། ནང་གསེས་སྐར་མའི་བར་དུ་ཉི་མ་རེ་རེར་ཞིབ་ཆ་བདུན་རེ་ཡོད་དེ། གོ་རིམ་བཅུ་གཉིས་ནི། བླ་མའི་གསུང་རྟགས་ཞུས་པ་ནས། སྐྱེ་བདུན་རིལ་བུ་ལྡུད་པ། ཨ་མཆོད་གདན་འདྲེན་ཞུ་བ། སྔས་མགོའི་བླ་མ་ཕེབས་པ། བླ་མས་འཕོ་བ་འདེབས་པ། ནང་མིས་བེམ་ལས་བྱེད་པ། གཤིན་རྩིས་འདེབས་པ། སྐྱེས་ཐང་བཞེངས་པ། སྐར་མ་བྱེད་པ། གཡང་འབོད་བྱེད་པ། སྟོང་མཆོད་འཛིན་པ། འདུན་བྱེད་པ་བཅས་པ་ཡིན་ཞིང་། ཉིན་རེའི་ཞིབ་ཆ་བདུན་རེ་ནི། མཆོད་མེ་འབུལ་བ་དང་། ཚ་གསུར་ཆེ་བ་ཕུད་པ། ཁྲུས་ཆོག་བསྐུར་བ། བདག་འཇུག་ལེན་པ། སྐར་བཅོས་བྱེད་པ། སྨོན་ལམ་འདེབས་པ། བསྙུང་གནས་འཛིན་པ་བཅས་པ་ཡིན། རྩོམ་འདིར་གོ་རིམ་དེ་དག་དང་ཞིབ་ཆ་དེ་དག་གི་རྒྱུ་མཚན་ལུང་དང་བཅས་པ་དཔེ་རུ་དྲངས་ནས་ཞུས་ཡོད།
བརྡ་ཆད་གཙོ་བོ། བླ་བྲང་ས་ཆ། གཤིན་པོ་བསྡུ་ཚུལ། དམངས་སྲོལ། ཆོས་ལུགས།

       སྐྱིད་ལ་འབོད་དགོས། སྡུག་ལ་འགྲོ་དགོས་ཟེར་བ་ལྟར། བླ་བྲང་ས་ཆ་ནས་ཁྱིམ་ཚང་དཀྱུས་མ་ཞིག་གི་བཟའ་མི་མ་བདེ་ན་དེ་ཚང་ལ་ཤི་ཆད་བྱུང་ཟེར་བ་དང་། མྱ་ངན་ཞུ་བར་འགྲོ་བ་ལ་སྐྱིད་སྡུག་ལ་འགྲོའང་ཟེར། སྐབས་འདིར་སྐྱིད་སྡུག་ཅེས་གླེང་ཚེ་སྟོན་མོ་སོགས་སྐྱིད་པའི་ཕྱོགས་ལ་འདང་མི་རྒྱག་སྟེ། ཐད་ཀར་དུ་མི་ཞིག་ཚེ་ལས་འདས་པ་ལ་ཆོས་བཅའ་བའམ་མྱ་ངན་ཞུ་ཚུལ་གྱི་གོམས་སྲོལ་དེ་དྲན་པ་ཞིག་འདུག དེས་ན་གཤིན་པོ་བསྡུ་ཚུལ་ཞེ་ན་ཡིག་ཐོག་ཙམ་ཡིན་པ་ལས། ནང་དོན་ནི་གོང་གི་ཤི་ཆད་བྱུང་བའི་མགོ་རྔ་ཁ་ཚང་གི་བྱ་བ་དང་སྐྱིད་སྡུག་ལ་འགྲོ་བའི་སྤྱི་ཁོག་གི་ཤེས་བྱའི་རྒྱུ་མཚན་དང་གཅིག་པ་ཡིན།
       སྤྱིར་དམངས་སྲོལ་གྱི་འབྱུང་ཁུངས་ནི་ཆོས་ལུགས་དད་མོས་དང་མིའི་འཛེམ་བག་ལས་བྱུང་བ་ཡིན་སོགས་བཤད་ཚུལ་མང་པོ་ཞིག་མཆིས་མོད། གང་ལྟར་ཀྱང་རང་ཅག་བོད་པའི་གཤིན་པོ་བསྡུ་ཚུལ་གྱི་དམངས་སྲོལ་འདི་ཆོས་ལུགས་དང་འབྲེལ་བ་ཧ་ཅང་དམ། མ་མཐར་བླ་བྲང་ས་ཆ་ལ་མཚོན་ན་དེ་ལྟར་ཡིན།
       གལ་ཏེ་ནད་པ་ཞིག་མི་དྲག་པའམ་ཚེ་ལས་འདའ་ཁ་མ་ཞིག་ཡིན་ན། བླ་མའི་གསུང་རྟགས་ཞུ་དགོས། བླ་མས་རང་ཉིད་ཡི་དམ་ལྷ་ལ་བསྐྱེད་ནས་རྨི་ལམ་བརྟག་པའམ་མོ་བཏབ་སྟེ། མ་ཎི་དང་། མཆོད་མེ། འཆི་བླུ་སོགས་བཅའ། འཆི་བླུ་བཅའ་ན་ཕལ་ཆེར་བཟང་སྤྱོད་འཆི་བླུ་ཡིན། གཞན་རྟ་མགྲིན་འཆི་བླུ་སོགས་ཀྱང་བཅའ་རྒྱུ་ཡོད། དྲག་མི་དྲག་གལ་འགང་ལ་ཐུག་པའི་རྟགས་རེད། ཡང་མིན་ན་ཡུན་གྱིས་དྲག་རྒྱུ་རེད། ཡང་མིན་ན་ད་སྡུག་འདག་རྒྱུ་མ་རེད། ཁྱིམ་བདག་ལ་ཕྱོགས་གཉིས་ཀྱི་གྲ་སྒྲིག་དགོས། ཡུན་གྱིས་དྲག་ན་བཟང་མོད་ཀྱང་། གལ་ཏེ་མི་དྲག་གི་བསམ་ན། ཚེ་ལས་མ་འདས་གོང་། མར། རྩམ་པ། ཤ གོ་རེ། ཚོད་མ་སོགས་འདང་ཚོད་གྲ་སྒྲིག་བྱ་དགོས། གཙོ་བོ་མར་ཡིན། ཆོས་བཅའ་བྱེད་དང་འགྲུལ་བ་ལ་འཕེན་རྒྱུ་གཉི་ག་རེད།
       དེ་ནས་མི་དྲག་གི་བསམ་དུས་སྐྱེ་བདུན་རིལ་བུ་དང་མ་ཎིའི་རིལ་བུ་འོ་མའི་ནང་སྦང་ནས་གསང་སྟེ་ལྡུད། དེ་མིན་ནད་པས་ཚོར་ན་ད་མ་དྲག་ཐལ་བསམ་ནས་ཡིད་ཆད་འགྲོ་བས་རེད། སྐྱེ་བདུན་རིལ་བུ་ཞེ་ན་དེའི་ནང་ན་བྲམ་ཟེ་སྐྱེ་བ་བདུན་པའི་སྐུ་ཤ་ཡོད་ཅིང་། སྐྱེ་བ་བདུན་ལ་ངན་སོང་དུ་མི་སྐྱེ་བར་གསུངས། གཞན་པའི་འཕེལ་གདུང་རིལ་བུའང་ཡོད་ན་ལྡུད། དེ་ལ་རྣམ་ཤེས་ཀླད་པའི་སྤྱི་གཙུག་ནས་འཕོས་ན་རིལ་བུའང་སྔས་མགོར་ལྷུང་སྐད། རིལ་བུ་གང་ལྡུད་ནའང་དམིགས་བརྩེ་མ་སོགས་འདོན་པ་དང་། སེམས་དད་པ་དག་སྣང་གིས་གང་སྟེ་སོང་ན་རྣམ་ཤེས་ལ་བཟང་།
       ཇི་སྐད་དུ། རྗེ་རིན་པོ་ཆེའི་ལམ་རིམ་ཆེན་མོར། དགེ་བ་བྱེད་པ་ནི། མུན་ཁྲོད་ནས་སྣང་བར་འགྲོ་བ་དང་འདྲ་ལ། འཆི་བའི་དུས་ན་དེ་ལ་རྨི་ལམ་ལྟ་བུའི་གཟུགས་མི་སྡུག་པ་མ་ཡིན་པ་ཡིད་དུ་འོང་བ་སྣ་ཚོགས་འབྱུང་བ་དང་། བདེ་བར་འཆི་བར་འགྱུར་ཏེ་འཆི་ཁར་དེའི་ལུས་ལ་སྡུག་བསྔལ་གྱི་ཚོར་བ་དྲག་པོ་མི་འབྱུང་ངོ་། །[1]ཞེས་གསུངས་པའི་ཕྱིར།
       རྣམ་ཤེས་ནི་སེམས་ཀྱིས་བཞོན་པའི་རླུང་ལ་བརྟེན་ནས་འགྲོ་བས། སྨེ་སྔགས་འདོན་པ་སོགས་ལ་གནོད་ཆེ་བས་དགག་བྱ་ཡིན། དེ་ནི་བར་དོའི་སྐབས་ཚུར་ལ་ཚོར་ཐུབ་པ་དང་ཞེ་ཆགས་ན་སེམས་སྡུག་འགྲོ་བས་རེད། དེ་ལ་དགེ་སྡིག་འདྲ་མཉམ་ཡིན་པའི་དཔེར་བླངས་ན། འཆི་ཁའི་སེམས་ཀྱི་འཛིན་སྟངས་དགེ་བར་ཕྱོགས་ཏེ་དགེ་བ་སྔུན་ལ་སྨིན་ན་སླར་ཡང་དགེ་བ་སྒྲུབ་པའི་ལུས་རྟེན་རྙེད་པར་བཤད།
       དེས་ན་བར་དོ་ནི། ལམ་རིམ་ཆེན་མོར། ཐམས་ཅད་ཀྱང་འཆི་བའི་ཚེ་ན་འདུ་ཤེས་མི་གསལ་བ་ལ་མ་སླེབས་པའི་བར་དུ་ཡུན་རིང་པོ་ནས་གོམས་པའི་བདག་ལ་ཆགས་པ་འབྱུང་ངོ་། །དེའི་འོག་ཏུ་བདག་ལ་ཆགས་པའི་དབང་གིས་བདག་ནི་མེད་པར་འགྱུར་རོ་སྙམ་ནས་ལུས་ལ་དགའ་བར་འགྱུར་ཏེ། དེ་ནི་བར་དོ་འགྲུབ་པའི་རྒྱུའོ། །[2]ཞེས་གསུངས་པ་དང་། ངོ་སྤྲོད་ཉི་མའི་འོད་ཟེར་ལས། འཆི་བའི་ཚེ་བདག་ལ་ཆགས་པ་དང་། དེའི་དབང་གིས་ལུས་ལ་མངོན་པར་འདོད་པ་འབྱུང་བ་དེས་བསྐྱོད་ནས་ལས་ཀྱི་དབང་གིས་བར་དོ་འགྲུབ་པས་རྣམ་ཤེས་སྙིང་ག་ནས་འཕོ་བ་དང་བར་དོ་འགྲུབ་པ་དུས་མཉམ་ཡིན།[3]ཞེས་གསུངས་པ་ལྟར་རོ། །
       བར་དོ་བ་ནི་མཛོད་ལས། རིགས་མཐུན་ལྷ་མིག་དག་པས་མཐོང་། །ལས་ཀྱི་རྫུ་འཕྲུལ་ཤུགས་དང་ལྡན། །དབང་པོ་ཀུན་ཚང་ཐོགས་མེད་རྒྱུ། །མི་ལྡོག་དེ་ནི་དྲི་ཟའོ། །ཞེས་གསུངས་པ་ལྟར་ཡིན་ལ། ས་སྡེ་ལས་བར་དོ་གྲུབ་ཟིན་ན་ལས་ཀྱི་དབང་གིས་བྱ་བ་འགྱུར་ནས་འགྲོ་བ་གཞན་དུ་སྐྱེ་སྲིད་པར་གསུངས་སོ། །མིའི་བར་དོ་ནི་ཐད་ཀར་འགྲོ་བ་དང་། ལྷའི་བར་དོ་ནི་གྱེན་དུ་དང་། ངན་སོང་གི་བར་དོ་ནི་སྤྱིའུ་ཚུགས་སུ་འགྲོ་བ་དང་། དབང་ཆེ་བ་རྣམས་དྲི་ཞིམ་པ་དང་། དབང་ཆུང་བ་རྣམས་དྲི་མི་ཞིམ་པ་ཟ་བ་དང་། ཚེ་ཚད་ནི་ཞག་བདུན་གནས་ལ། མདོ་གཞན་ལས་ཚེ་རིང་བ་ཞིག་ཀྱང་གསུངས་སོ། །དེ་ནས་མངལ་སྐྱེས་ཀྱི་དབང་དུ་བྱས་ན་རང་དང་རིགས་མཐུན་པའི་སེམས་ཅན་མཐོང་ནས་དེ་ལ་བལྟ་བ་དང་། རྩེ་བ་སོགས་བྱ་བར་འདོད་ནས་སྐྱེ་གནས་སུ་འགྲོ་འདོད་འབྱུང་། དེའི་ཚེ་ཕ་མ་ཉལ་པོ་བྱེད་པའི་སྣང་བ་ལ་བརྟེན་ནས་ཆགས་པ་དང་། སྡང་བའི་དབང་གིས་སྲིད་པ་དེ་འཆི་འཕོ་བ་དང་། ཕ་མའི་ཁུ་ཁྲག་གི་ཐིག་པ་འདྲེས་པའི་དབུས་སུ་ཞུགས་པ་དང་། དབང་པོའི་འབྱུང་བ་ཕྲ་བ་དང་འདྲེས་པ་དུས་མཉམ་པའི་ཚུལ་གྱིས་ཉིང་མཚམས་སྦྱོར་བ་ཡིན།[4]ཞེས་པ་ལྟར་དང་།
       ཡང་ངོ་སྤྲོད་ཉི་མའི་འོད་ཟེར་ལས། དེས་ན་འདིར་འཆི་བའི་དུས་ཀྱི་ལག་ལེན་མདོར་བསྡུས་པ་འགོད་ན། གནད་གཅོད་ནི་ལས་སྔ་མའི་འབྲས་བུའམ་ཕྱི་མའི་ལས་ཀྱི་སྔ་བ་སུ་གང་ཡིན་ཀྱང་། ལས་ལ་བརྟེན་ནས་ལུས་སེམས་ལ་སྡུག་བསྔལ་བྱུང་བ་ཡིན་པས་ཚོགས་བསགས་སྒྲིབ་སྦྱོང་ལ་འབད་ནས་གནད་གཅོད་ཀྱི་སྡུག་བསྔལ་མི་འབྱུང་བའི་ཆེད་དུ་ད་ལྟ་ནས་མཆོག་གསུམ་ལ་གསོལ་བ་འདེབས་དགོས། ཚེ་འདིར་ཆགས་ཞེན་དང་གཞན་ལ་ཞེ་སྡང་སོགས་མི་དགེ་བའི་སེམས་དང་བཅས་ཏེ་ཤི་ན། སྐྱེ་གནས་བཟང་པོར་སྐྱེ་བའི་གེགས་བྱེད་པས་འཆི་དུས་མི་དགེ་བའི་སེམས་མངོན་དུ་མ་གྱུར་བ་དགོས། དེའི་ཆེད་དུ་ཡང་ལས་གང་ལྕི་བ་དང་། གང་གོམས་པ་དང་། སྔོན་དུ་གང་སྨིན་དགོས་དེ་ཉིད་ཆེད་དུ་གཉེར་ནས་སྦྱངས་དགོས། འཁྲུལ་སྣང་གིས་མི་དགེ་བའི་སེམས་དང་། གནད་གཅོད་སྐྱེད་པས་མི་དགེ་བའི་འཁྲུལ་སྣང་མི་འབྱུང་བའི་གསོལ་འདེབས་ལ་སྔར་ནས་འབད་དགོས། ལས་དང་པོ་བ་རྣམས་ཀྱིས་སྐྱབས་འགྲོ་དང་། ངེས་འབྱུང་གི་བསམ་པ་དང་། བྱང་ཆུབ་ཀྱི་སེམས་དང་འབྲེལ་བའི་སྟོབས་ལྔའི་ཉམས་ལེན་དང་། སྟོང་ཉིད་ཀྱི་ལྟ་བ་དྲན་པ་དང་། འདུན་སྟོབས་ཀྱིས་འཕོ་བ་སྦྱོང་བ་སོགས་འཆི་ཁའི་ཉམས་ལེན་གང་བྱེད་རྒྱུ་དེ་ཉིད་ལ་ཡང་ཡང་འཕེན་པ་བཏང་ནས། འཆི་ཀའི་ཚེ་དེ་དང་དེ་དྲན་དགོས་པས་བླ་མའི་གདམས་ངག་དྲན་པའི་གསོལ་འདེབས་ལ་བརྩོན་དགོས། དེ་ལྟར་བརྩོན་ན་ས་ཆུ་མེ་རླུང་གི་ཁམས་རགས་པ་ཐིམ་པའི་སྐབས་སུ་དེ་དང་དེའི་དྲན་ཤེས་མ་ཉམས་པར་གནས་པ་ལ་དགེ་སེམས་སྟོབས་ལྡན་སྐྱེས་པར་འཇོག་དགོས།[5]ཞེས་གསུངས་པ་ལྟར་ལགས་སོ། །
       དེ་ནས་ནད་པའམ་དེ་མ་དྲག་ན། བེམ་པོ་དེ་ཁྲུས་ཆོག་བསྐུར་རག་བར་བསྒུལ་མི་ཆོག དེ་ནི་རྣམ་ཤེས་འཕོས་དུས་ཀྱི་དྲོད་བསྡུ་ཚུལ་ནི་རྐང་པའི་མཐིལ་ནས་ཡར་འཁྱག་ན་བཟང་བར་བཤད་མོད། གལ་ཏེ་ཕྱི་དབུགས་ཆད་ནས་ནང་དབུགས་མ་ཆད་པར་བེམ་པོའི་ཁོག་སྨད་ལ་རེག་ན་རྣམ་ཤེས་དེ་ནས་འཕོས་ཏེ་ངན་འགྲོར་ལྟུང་ཉེན་ཡོད་གསུངས། ཇི་སྐད་དུ། ལམ་རིམ་ཆེན་མོར། དྲོད་གང་ནས་སྡུད་པ་ནི། མི་དགེ་བ་བྱེད་བྱེད་པ་ནི་རྣམ་ཤེས་ཀྱིས་རོ་སྟོད་ནས་ལུས་འདོར་བར་བྱེད་དེ་དང་པོ་རོ་སྟོད་གྲང་མོར་འགྱུར་ཏེ། སྙིང་ག་ལ་ཐུག་པའི་བར་དུ་འདོར་ལ། དགེ་བ་བྱེད་བྱེད་པ་ནི་སྨད་ནས་འདོར་ཞིང་གྲང་བར་འགྱུར་ཏེ། གཉིས་ཀ་ཡང་སྙིང་ག་ནས་རྣམ་ཤེས་འཕོའོ། །ཞེས་གསུངས་པ་དང་། ངོ་སྤྲོད་ཉི་མའི་འོད་ཟེར་ལས། དགེ་བ་བྱེད་པ་རྣམས་ལུས་ཀྱི་སྨད་ནས་ཐོག་མར་དྲོ་སྡུད་པ་དང་། མི་དགེ་བ་བྱེད་པ་རྣམས་སྟོད་ནས་དྲོད་བསྡུས་ཏེ་གཉིས་ཀའང་སྙིང་གའི་བར་དུ་བསྡུ་བར་བྱེད་ལ། སྙིང་ག་ནས་འཕོ་ཚུལ། སྤྱི་གཙུག་ནས་འཕོ་བ་དང་། ལུས་ཀྱི་ཕྱོགས་གཞན་ནས་འཕོ་བ་གཉིས་ཡོད་པས་སྤྱི་གཙུག་ནས་འཕོས་ན་སྐྱེ་གནས་མཆོག་ཏུ་སྐྱེ་བར་འཕོ་བའི་མན་ངག་ལས་གསུངས་སོ། །[6]ཞེས་པ་ལྟར་དང་། ཡང་དེ་ཉིད་ལས། ཕྱི་དབུགས་ཆད་པའི་ཚེ་རང་བཞིན་བརྒྱད་ཅུའི་རྟོགས་པ་འགགས་ཟིན་ཀྱང་དེ་དག་གི་རྒྱུར་གྱུར་པའི་སྣང་མཆེད་ཐོབ་གསུམ་རིམ་གྱིས་ཐིམ་དགོས་པ་ཡིན་པས་དེའི་ཚེ་རྣམ་ཤེས་རགས་པ་ཐིམ་ཟིན་ཀྱང་རྣམ་ཤེས་ཐིམ་པ་མ་ཡིན་ནོ། །སྤྱི་བོ་ཚངས་པའི་བུ་ག་མ་གཏོགས་རྣམ་ཤེས་འཕོ་བའི་སྒོ་གཞན་རྣམས་སྔགས་ཀྱི་ཡི་གེ་བསྒོམ་པ་སོགས་ཀྱིས་བཀག་པའི་མོས་པ་བྱས་ན་ཤིན་ཏུ་ལེགས་སོ། །[7]ཞེས་གསུངས།
       གལ་ཏེ་བེམ་པོའི་མིག་ཟུམ་མེད་ན་བེམ་པོ་མ་འཁྱག་གོང་དགབ་དགོས། གནས་སྐབས་བེམ་པོ་ཡོད་སའི་ཁང་པ་ཕུད་མི་དགོས་ན་ཨ་མཆོད་དང་སྔས་མགོའི་བླ་མ་ལ་ཞུས་ནས་འཇིགས་བྱེད་ཁྲུས་ཆོག་གསུངས་པ་ལ་རེམ། ཁྱིམ་ཚང་ནས་མཆོད་ཁང་དུ་མཆོད་མེ་སྒྲོན་ཅིང་། བེམ་པོའི་སྔས་མགོར་མདུན་འཇོག་སྟེང་ལམ་སྔགས་གང་རུང་ཁ་ཕྱེས་ནས་མཆོད་མེ་འབུལ། མཆོད་མེ་ནི་སྐར་མའི་ཉི་མ་བར་དུ་མུ་མཐུད་དེ་གཟིམ་མི་ཆོག ལམ་རིམ་ཆེན་མོ་དང་སྔགས་རིམ་ཆེན་མོ་གཉིས་འཇོག་པ་ནི། གལ་ཏེ་འཕོ་བ་འདེབས་མཁན་གྱི་བླ་མ་མེད་ན། དམ་པའི་ཆོས་ཀྱི་གཞུང་ལུགས་ཆེན་མོའི་བྱིན་རླབས་ཀྱི་མཐུས་འཕོ་བ་བཏབ་གོ་ཆོད་གསུངས།
       དེ་ནས་ཚེ་ལས་འདས་པའི་ཉིན་དང་པོ་ནས་སྐར་མའི་ཉི་མ་བར་དུ་ཚ་གསུར་ཆེ་བ་ཕུད། མཚན་གྱི་དུས་ལའང་མི་ཆད། རྩམ་པའི་ནང་མར་བསྲེས་ན་གསུར་གྱི་མེ་མི་དལ་བར་ཕན། ཚ་གསུར་ཆེ་བ་ན་གྲུ་བཞི་ཁྲུ་གང་གི་ཚད་ཡོད། གམ་ལ་འོ་མའི་ཆབ་དམ་བེ་གང་འཇོག ཆབ་ནི་བྲོ་བ་སྐྱེད་བྱེད་ལྟ་བུ་ཡིན་པས། གྲྭ་པ་ལ་ལས་ཆབ་མི་རྒྱག་པ་ནི་ཡི་དྭགས་ཉམ་ཆུང་གི་རིགས་ལ་མི་གནོད་པའི་ཆེད་དུ་ཡིན་པ་དང་། དཔེར་བླངས་ན་འཆུམ་མི་འཆུམ་ལྟ་བུ་ཡོད་ཟེར། ཚ་གསུར་ལ་ད་དུང་བཟང་དྲུག་སོགས་མི་འགྲོ་བ་ནས། ཀ་ར་སིལ་ཏོག་ཙམ་ཡང་མི་འགྲོ།
       བླ་བྲང་ས་ཆར་ཚེ་ལས་འདས་པའི་ཉིན་མོ་ནས་སྐར་མའི་བར་དུ་ཁྱིམ་ཚང་དེས་བསང་མི་གཏོང་བ་ཞིག་འདུག དཀར་བསང་དམར་བསང་གང་ཡང་མི་གཏོང་། ཕལ་ཆེར་ཚེ་ལས་འདས་པ་ལ་གནོད་ཨེ་འགྲོའི་དོགས་པ་སྐྱེས་པ་འདྲ།
       གལ་ཏེ་སྔས་མགོའི་བླ་མ་ལ་ཚོགས་ཆེན་ཁྲི་པ་གདན་འདྲེན་ཞུ་འདོད་ན། སྔོན་ཆད་སྙན་ས་ཞག་འབུལ་ཞེས་བརྗོད་ནས་མུན་རུབ་སྟེ་ལག་པའི་རི་མོ་མི་རིག་ན་དེ་ནུབ་མི་ཞུ་བར་ཕྱིའི་ནངས་ཀར་ཞུ། བརྩི་འཇོག་གི་དོན་རེད། དེ་ལྟར་ཉིན་དང་པོར་བླ་མ་དང་བདག་འཇུག་གི་གྲྭ་པ་མི་རྙེད་ན། ཨ་མཆོད་གདན་དྲངས་ནས་ཁྲུས་ཆོག་གསུངས་དགོས། ཁྲུས་ཆོག་དང་པོ་ངེས་པར་དུ་སྔས་མགོའི་བླ་མ་ཡིན་མི་དགོས། བླ་མ་དང་པོ་ངེས་པར་དུ་སྔས་མགོའི་བླ་མ་ཡིན། ཨ་མཆོད་ནི་གྲྭ་པ་རྒན་པ་ཕུལ་དུ་བྱུང་བ་ཞིག་འཚོལ་བ་དང་། སྐུ་གཤེགས་རག་བར་མི་བརྗེ། ཨ་མཆོད་ལ་དུས་རྒྱུན་དུ་ཞོ་འོ་མའམ། ཟས་བཟང་པོ་སོགས་ཀྱི་སྐལ་བསྐྱལ་དཔེ། བླ་བྲང་ས་ཆར་མཚོན་ན། ཨ་མཆོད་ནི་སུ་ཞིག་ཚེ་ལས་འདས་པ་ན་ཁྲུས་ཆོག་བསྐུར་བར་གདན་དྲངས་པ་དེ་ལ་ཟེར། གལ་ཏེ་ཨ་མཆོད་དེ་ཕྱིས་སུ་སྐུ་གཤེགས་ན། ཁྱིམ་ཚང་གི་བཟའ་མི་གཞན་ཞིག་ཚེ་ལས་འདས་རག་བར་ཨ་མཆོད་གསར་པ་ཞིག་ལོགས་སུ་མི་འཚོལ།
       རབ་ཡིན་ན་ཉིན་དང་པོ་ནས་སྔས་མགོའི་བླ་མ་ཞུ། ཁྱེད་བླ་མ་དང་པོ་ཡིན། སྔས་མགོའི་བླ་མ་ཡིན། འཕོ་བ་གསུངས་རོགས་ཞེས་ཞུ་དགོས། སྔས་མགོའི་བླ་མ་ཕེབས་པའི་གྲ་སྒྲིག་ལ་ཁྲི་རྒྱག་པ་དང་། གསེར་ཕོར་ནང་ཕྱེ་མར་བཅོག་པ་སོགས་བྱེད། ད་དུང་བུམ་པ་དང་རྡོར་དྲིལ་ཡང་མཁོ། ཤོག་རིང་རྒྱབ་ལ་ཨ་ཡིག་བྲིས་པ་དང་། ངོས་སུ་ཚེ་ལས་འདས་པ་་་་་་ཞེས་ཤི་བོའི་མིང་བྲིས་ཏེ་མདུན་ཅོག་སྟེང་གི་ནས་ཟི་ནང་འཇོག་པ་དང་། ནས་ཟི་ཞེས་པ་ནི་སྡེར་མ་གཅིག་གི་ནང་ལ་ནས་འབྲུ་གང་བླུགས་པ་ལ་ཟེར། དུས་ཕྱིས་ཁྲུས་ཆོག་གི་སྐབས་སུ་སྦྱིན་སྲེག་ལྡུག་སྤྱད་ལ་མཁོ།
       བླ་མའི་བཞེས་པ་ལ་ཇ་དཀར་པོ་དང་གྲོ་འབྲས་ནི་མེད་མི་རུང་བའི་རྟེན་འབྲེལ་གྱི་ཟ་མ་ཡིན་པ་དང་། དེ་ནས་ཁྱིམ་ཚང་གི་འབྱོར་བ་ལྟར་ཤ་དང་ཞོ་སོགས་འདྲེན་པ་ནས། ཁོན(ཤ་མོག་མོག་གམ་ཤའི་ཚོད་མ)ལ་སོགས་བཅའོ། །བླ་མ་དང་གྲྭ་པར་གྲོ་འབྲས་འདྲེན་ན་བོབས་འཇོག་དང་ཚལ་འཇོག་གི་ཁྱད་པར་ཡོད་དེ། བླ་མ་ལ་བོབས་འཇོག་བྱས་ཏེ། གྲོ་མ་དང་འབྲས་གཉིས་དཀར་ཡོལ་ལམ་སྡེར་མ་གཉིས་ཀྱི་ནང་རེ་རེར་འཇོག ཁོན་འཇོག་ནའང་སྡེར་མ་ཆུང་ཆུང་ནང་འཇོག་པ་ལས། ཞབས་ཞུའི་གྲྭ་པ་ཡིན་ན་གྲོ་འབྲས་ཚལ་འཇོག་སྟེ་དཀར་ཡོལ་གཅིག་གི་ནང་ཕྱེད་ཀ་འབྲས་དང་ཕྱེད་ཀ་གྲོ་མ་བྱས་ནས་འཇོག ཁོན་ཡང་སྡེར་མ་ཆེ་བའི་ནང་བཞག་ན་ཆོག
       སྔས་མགོའི་བླ་མས་དང་པོ་ཁྲུས་ཆོག་བསྐུར། བར་དུ་འདོད་ཡོན་བསྔོ། མཐར་མར་འཕོ་བ་གསུངས། འདས་པོ་ལ་དགོས་པ་ཁྲུས་ཆོག་ཡིན། ཁྲུས་ཆོག་ནི་འདས་པོའི་སྡིག་པ་འདག་བྱེད་ཀྱི་ཐབས་ཡིན་པས་རེད། གྲྭ་པ་གཅིག་ལ་ཞེ་དགུའི་རིང་བཅོལ་ནིའང་ཡོད།
       ཁྲུས་ཆོག་ལ་དང་པོ་བགེགས་གཏོར་འཕེན་པ། རང་གི་བཟའ་མིས་ཁྱེར་ནས་བེམ་པོའི་མགོ་ལ་གཡས་གསུམ། གཡོན་གཅིག་ཅེས་བསྐོར་ཏེ་སྒོའི་ཕྱི་རོལ་གྱི་གཙང་ས་ལ་འོག་ཅིག་ཏུ་འཕེན། གཉིས་པ་སྦྱིན་སྲེག་ལྡུག་པ། དེ་ལ་ཐེབ་ཀྱི་ནང་དུ་ནས་འབྲུ་འགའ་སྟེར་བ་རང་གི་བཟའ་མིས་ཁྱེར་ནས་བེམ་པོའི་སྟེང་རབ་གནས་སུ་གཏོར་བར་བྱ། བུམ་ཆུ་ཞིག་སྟེར་བ་ལ་ཤུག་པ་བཤན་ནས་བེམ་པོའི་མགོ་དང་ཕུང་པོར་གཏོར། བུམ་ཆུ་སྦྱིན་པ་སོགས་ལ་རང་གི་ནང་འཁོར་ལས་མི་གཞན་པ་མི་གཏོང་། མག་པའམ་སྡེ་བའི་ནང་གི་བཟང་ས་རྒྱན་ས་སོགས་མི་ཁ་ཤས་ཀྱང་ཆོག གསུམ་པ་འདོད་ཡོན་བསྔོ་བ། གལ་ཏེ་བླ་མ་ཕར་ཕྱིན་ལ་བུད་མེད་ན་མི་ཕེབས་ཤིང་། བདག་འཇུག་གི་གྲྭ་པ་བཞི་པོའང་མེད་ན། ངེས་པར་དུ་གྲྭ་པ་གཉིས་ཕེབས་ནས་ཁྲུས་ཆོག་བཏོན་ཏེ་འདོད་ཡོན་བསྔོ་དགོས། འདོད་ཡོན་ཞེས་པ་ནི་དཀར་ཡོལ་གཅིག་གི་ནང་རྩམ་པ་ཕྱེ་མར་བཅག་པའི་སྟེང་རས་དམར་པོ་འཇོག་ཅིང་། དཀར་ཡོལ་གཅིག་གི་ནང་ཇ་ཕུད་ཁ་ན་མར་ཅན་མིང་ལ་གསེར་སྐྱེམས་ཟེར་བ་ལ་གོ བསྔོ་ཞེས་པ་ནི་སྐབས་འདིར་ཚ་གསུར་དུ་ཕུད་པ་ལ་གོ འདོད་ཡོན་བསྔོས་ན་ཁྲུས་ཆོག་བསྐུར་ཟིན་པའི་རྟགས་ཡིན། བླ་མས་ངག་ནས་ཨུག་ཨུག་ལྟ་བུའི་སྒྲ་ཟློ་དུས་རྣམ་ཤེས་འདྲེན་པའམ་འཕོ་བ་འདེབས་བཞིན་ཡིན་པས། དེར་ཡོད་བཟའ་མི་ཚང་མ་གསུང་འོག་ཏུ་བསྡད་དེ། ཤི་བོ་ལ་བདེ་འགྲོ་འཐོབ་པར་སྐྱབས་འཇུག་ཞུ། རྒྱལ་མཚན་རྩེ་མོའི་དཔུང་རྒྱན་དུ། གལ་ཏེ་འཕོ་བ་མ་ཐུབ་ན། གསོན་དུས་སུ་རྒྱུན་པར་ཁ་ཏོན་བྱེད་མཁན་དང་། མི་ཁ་ལས་ཅན་པོ་དེའི་རྣམ་ཤེས་སྔོན་ལ་ཤོར་ནས་ལུས་རྟེན་ཐོབ།[8]ཅེས་གསུངས།
       སྐྱེ་གནས་སུ་འཇུག་པ་ལ་ད་དུང་བསོད་ནམས་ཆེ་ཆུང་གི་ཁྱད་པར་ཡོད་དེ། ཇི་སྐད་དུ། ངོ་སྤྲོད་ཉི་མའི་འོད་ཟེར་ལས། སྐྱེ་གནས་སུ་འཇུག་པའི་ཚེ་བསོད་ནམས་ཆུང་བའི་རིགས་ལ་ཀུ་ཅོའི་སྒྲ་དང་། འདམ་བུ་དང་ནགས་འཐིབ་པོ་སོགས་ཀྱི་སྣང་བ་དང་། བསོད་ནམས་ཆེན་པོ་ཅན་ལ་སྙན་པའི་སྒྲ་དང་། ཁང་བཟང་དང་། གཞལ་མེད་ཁང་ལ་སོགས་པའི་སྣང་བ་འབྱུང་།[9]ཞེས་གསུངས་སོ། །
       ལ་ལས་ཚོགས་ཆེན་ཁྲི་པ་ལ་བསྔོ་རྟེན་འཕྲོད་ན་སྨོན་ལམ་ལ་འཕྲོད་སོང་ཟེར་མོད། བླ་མ་ཞིག་ལ་ཞུས་ན་རབ་ཡིན་ཀྱང་ཟེར། བླ་མ་ལ་བསྔོ་རྟེན་འབུལ་བ་དེ་འཕོ་བ་གསུངས་པའི་རྗེས་སུ་ཁྱིམ་ནས་དབུལ་ཆོག བསྔོ་རྟེན་ལ་ཉིན་འདས་སྔས་རྟ་ཞེས་རྟ་སྒ་སྲབ་འཕྲོད་མ་ཏ་ལེན་གོན་པ་དང་བ་ཆ་ཐབ་ཆ་བཅས་པ་འབུལ་དཔེ། དེང་སང་ཐུབ་ན་སྒོར་སྟོང་ཡས་མས་ནས་བརྒྱ་ཁ་ཤས་བར་འབུལ་གྱིན་འདུག ཆོས་བརྒྱད་ཀྱི་དབང་དུ་སོང་ནས་བླ་མ་ལ་ཆེ་ཞིག་འབུལ་ན་རང་ལ་སྙན་གྲགས་ཆེ་བསམ་པར་དགེ་བ་ལྷག་པ་མེད། རང་གི་ཀུན་སློང་དང་བསམ་པའི་འཛིན་སྟངས་ཡག་ན་དགེ་བ་དང་ནུས་པ་བསམ་གྱིས་མི་ཁྱབ་པར་གསུངས།
       འོན་ཀྱང་སྔས་མགོའི་བླ་མ་ལ་འབུར་བཏོད་དེ། དཔེར་ན་བླ་མ་གཞན་པར་སྒོར500བྱས་ནས་འབུལ་ན་སྔས་མགོའི་བླ་མར་སྒོར700བྱས་ནས་འབུལ། ཞབས་ཞུའི་གྲྭ་པ་ལ་སྒོར25ཡས་མས་འབུལ། སྔོན་ཆད་ཁྲི་པ་མ་གཏོགས་གྲྭ་པ་གཉིས་གསུམ་རེ་ཁྲིད་མི་ཆོག་མོད་དེང་སང་དེ་ལྟ་མིན་ཟེར། སྔོན་ཆད་གོན་པའང་འབུལ་མོད་ཕྱིས་སུ་རོ་ཤུན་ཞེས་སྲང་ནས་བཙོང་བ་སོགས་རིག་ཚེ་དེང་སང་གོན་པ་འབུལ་མཁན་ཡང་ཉུང་ཟེར། གང་ལྟར་ཀྱང་འབུལ་བ་ཐམས་ཅད་ཁྱིམ་ཚང་རང་གི་འབྱོར་བ་དང་བསྟུན་ནས་འབུལ་བ་ལས་ཐག་གཅོད་གང་ཡང་མེད།
       སྔས་མགོའི་བླ་མ་ནི་འདས་པོའི་ཞལ་ཆེམས་སམ་ཁྱིམ་ཚང་གི་འདོད་པ་ལྟར་གསེར་ཁྲི་གང་ལ་ཞུས་ན། ཚོགས་ཆེན་ཁྲི་པར་ཕྱིའི་ཉིན་དཀར་ཞུས་ནའང་ཆོག ད་སྐབས་བླ་བྲང་གི་ཚོགས་ཆེན་ཁྲི་པ་ནི་རྒྱལ་མཁན་པོ་ཚང་ཡིན། ཁྲི་ཟུར་སྒོ་མང་མཁན་པོ་ཚང་ཡིན། བླ་མ་གདན་འདྲེན་པ་ལ་དཔེར་ན་སྔས་མགོའི་བླ་མ་ལ་སྒོ་མང་ཚང་ཞུས་ན། ཉིན་གཉིས་པ་ལ་ཁྱོམ་དགེ་ཚང་། གསུམ་པ་ལ་དགའ་བདེ་ཚང་། བཞི་བ་ལ་བདེ་སྟེང་ཞབས་དྲུང་ཚང་། ལྔ་བ་ལ་དབལ་མང་ཆེ་ཚང་། དྲུག་པ་ལ་སྔ་དྲོར་དབལ་མང་ཆུང་བ་ཚང་དང་ཕྱི་དྲོར་རྒྱ་མཁར་ཚང་ཞུ་བ་ལྟ་བུ། ཉི་མ་གཅིག་ལ་བླ་མ་གཉིས་ཞུས་ནའང་འགལ་བ་མེད། བསོད་ནམས་ལ་རུང་མི་རུང་བཤད་རྒྱུ་མེད།
       དེ་ནས་ཉིན་བཞིན་དུ་སྐར་མ་ཚར་རག་བར་ཁྲུས་ཆོག་གསུངས། ཆ་རྐྱེན་ཡོད་ན་ཞེ་དགུའི་བར་ཁྲུས་ཆོག་གསུངས་ནིའང་ཡོད། སོག་ཡུལ་དུ་བདུན་དེད་ནི་ཡིན་ཞེས་བརྗོད། ཉིན་རེར་བླ་མ་རེ་གདན་འདྲེན་པའམ། ཡང་ན་བླ་མ་གསུམ་ཡན་ཞུ་ཐུབ་ན་རབ་ཡིན་ཟེར། བླ་མ་ཚང་མས་དུས་ཚོད་གཉིས་ཙམ་གྱི་རིང་ལ་འཇིགས་བྱེད་ཀྱི་ཁྲུས་ཆོག་གསུངས་པ་ལས་བདག་འཇུག་མི་ལེན། བདག་འཇུག་ནི་ནམ་རྒྱུན་གྲྭ་པ་བཞིས་འདོན་པ་དེ་རེད། བདག་འཇུག་འདིའང་གལ་དང་ཆོད་ཆེ། འདས་པོའི་དགེ་བ་འཕེལ་བྱེད་ཀྱང་ཟེར། འདས་པོ་ལ་བར་དོའི་འཇིགས་སྐྲག་སེལ་བྱེད་ཀྱང་ཟེར། བདག་འཇུག་ནི་མདུན་བསྐྱེད་ཀྱིས་དམིགས་པ་ཚུར་བསྟིམས་པ་སྟེ། ལྷ་བསྐྱེད་ནས་ལྷ་དེའི་ནུས་པའི་སྒོ་ནས་བདག་འཇུག་བླངས་པས་ན་གཤིན་པོ་ལ་ཤིན་ཏུ་ཕན།
       བླ་བྲང་ལ་མཚོན་ན་གྲྭ་ཚང་དྲུག་པོ་ལ་བདག་འཇུག་བཅུ་དྲུག་ལེན་རྒྱུ་ཡོད་དེ། རྒྱུད་སྟོད་པའི་འཇིགས་བྱེད་དང་། བདེ་མཆོག གསང་འདུས་བཅས་གསུམ། རྒྱུད་སྨད་པའི་འཇིགས་བྱེད་དང་། བདེ་མཆོག གསང་འདུས་བཅས་གསུམ། ཀྱཻ་རྡོར་གྱི་ཀྱཻ་རྡོར་དང་། ཕྱག་རྡོར་འཁོར་ཆེན། རྣལ་འབྱོར་ནམ་མཁའ་བཅས་གསུམ། དུས་འཁོར་གྱི་དུས་འཁོར་དང་། ཀུན་རིག རྣམ་སྣང་མངོན་བྱང་བཅས་གསུམ། སྨན་པ་གྲྭ་ཚང་གི་མི་འཁྲུགས་པ་དང་། སྨན་བླ། རྟ་མགྲིན་པད་མ་དཀར་དབང་བཅས་གསུམ། ད་དུང་ཐོས་བསམ་གླིང་གི་གཞུང་པོ་ཏི་ལྔའི་རྩ་བའམ་རྒྱན་འཇུག་སོགས་སོ། །བླ་ཆེན་དཔོན་ཆེན་འདས་ནས་བདག་འཇུག་དེ་དག་ཚང་མ་བླངས་ན་བདག་འཇུག་རྒྱས་པ་ཟེར། འདིའི་ནང་གི་རྒྱུད་སྟོད་སྨད་གཉིས་ཀྱི་འདོན་པ་གཅིག་ཡིན་པས། ཕན་ཚུན་འཐུས་པར་བྱེད་ཆོག་པ་དང་། འཇིགས་བྱེད་དེ་རྒྱུད་སྟོད་པའི་གྲྭ་པ་རྒན་པ་མིན་ན་བན་ཆུང་ཚོས་མི་ཐུབ་ན་ཐང་། ཐོས་བསམ་གླིང་གི་གཞུང་པོ་ཏི་ལྔའི་རྩ་བ་སོགས་བདག་འཇུག་གི་དོད་རེད། རྣམ་འགྲེལ། དབུ་མ། ཕར་ཕྱིན། མཛོད། འདུལ་བ་རེ་རེ་ལ་མཆོད་པ་ཡོད་པས་དུས་ཚོད6ཡས་མས་མཁོ། དེ་དུས་དཔེ་ཆ་བ་ཏག་ཏག་ཕེབས། མཚན་ཉིད་པ་མིན་ན་མི་ཐུབ། གཙོ་བོ་དཔེ་ཆ་འདོན་ཞོར་དུ་ལྷ་བསྐྱེད་པ་སོགས་སུ་དམིགས་པ་གཏོད་ཐུབ་མིན་ལ་གསུངས་པ་ཡིན། གྲྭ་ཚང་རེར་ཆོ་ག་གསུམ་གསུམ་ཡོད་མོད་འབྱོར་བ་ལ་བལྟས་ནས་བཅའ།
       དེ་ནས་ཐུབ་ན་ཞེ་དགུའི་བར་སྔགས་པ་གྲྭ་ཚང་གི་ཞི་ཁྲོའི་བདག་འཇུག་དང་། ཇོ་མོ་སྒར་གྱི་མཁའ་སྤྱོད་མའི་གཅོད་ཀྱི་བདག་འཇུག་སོགས་བླང་ན་ཕན་ཡོན་ཆེ། འོན་ཀྱང་སྐར་མ་ལ་ཐོན་རག་བར་བཅའ་བའི་བདག་འཇུག་རྣམས་ལེན་ཚར་དགོས། བདག་འཇུག་གི་ཆོ་ག་ནི་དཔེར་ན་འཇིགས་བྱེད་དཀྱིལ་འཁོར་གྱི་མཐའི་ཕྱོགས་བཞིར་མཆོད་པ་བཤམས། ཤོག་བུའི་སྟེང་ལ་འདས་པོའི་མིང་དང་། རྒྱབ་ན་ཨ་བྲིས་པ་ཡོད། བདག་འཇུག་གི་སྒོ་ནས་ཁྲུས་ཆོག་གསུངས་པའང་ཡོད་དེ། གྲྭ་པའམ་བཙུན་མ་བརྒྱད་ལ་མཆོག་ཏུ་བྱུང་བ་གཅིག་གམ། མཆོག་བརྒྱད་གཅིག་ཅེས་འབོད་པ་དང་། གལ་ཏེ་གྲྭ་པའམ་བཙུན་མ24འདུས་ན་མཆོག་བརྒྱད་གསུམ་བླངས་ཞེས་བརྗོད། བདག་འཇུག་གི་གྲྭ་པ་རེ་ལ་སྒོར30རེ་འབུལ་ན། སྐར་བཅོས་ཀྱི་བཅའ་བ་ལ་གྲྭ་པ་རེར་སྒོར20རེ་འབུལ་དཔེ།
       བླ་བྲང་ལ་མཚོན་ན་སྒར་དང་གྲྭ་ཚང་གི་ཆོས་ཐོག་དང་། ཧོར་ཟླ་གསུམ་པ་དང་། བརྒྱད་པ། དགུ་པ་བཅས་ཀྱི་ཚེས17ནས25བར་གྲྭ་ཚང་རེ་རེའི་བདག་འཇུག་ལེན་པ་དང་ཁེལ་ན། ཉིན་དཀར་གྲྭ་པ་གཅིག་ཀྱང་མི་རྙེད། དེས་ན་གྲྭ་ཚང་གི་ཚོགས་གྲོལ་ནས་དགུང་མོར་གདན་འདྲེན་ཞུ་དགོས། གྲྭ་པ་ཚང་མ་ཕྱི་ཉིན་ཀྱང་ཚོགས་ལ་ཕེབས་དགོས་པས་ཚེགས་དང་ལན་ཆག་ཆེ། ཧ་ཅང་དཀའ་མོ་འབྱུང་། དེས་ན་བདག་འཇུག་འདི་ཚེ་ལས་མ་འདས་གོང་དུས་རྒྱུན་པར་བླངས་ནའང་ཆོག ལོ་ལོན་དུས་བླངས་ནའང་ཆོག འདི་ལ་གསོན་ཆོས་དང་གསོན་དགེ་ཟེར་སྲོལ་འདུག
       སྤྱིར་བཏང་གི་བདག་འཇུག་ལེན་དུས་ཁྲུས་ཆོག་བསྐུར་རྒྱུ་མེད། དེ་ནས་བེམ་པོའི་གནས་མལ་ཐོག་མར་བརྗེ་དུས། ཕོ་ཡིན་ན་གཡས་སུ་ལོག་པ་དང་མོ་ཡིན་ན་གཡོན་དུ་ལོག་པ་ལྟར་འཇོག རེ་ཞིག་གི་མཚམས་ནས་ད་གཟོད་གན་རྐྱལ་དུ་འཇོག སྔོན་ཆད་འབྲོག་པ་ཡིན་ན་སྒའི་སྔ་རུ་ཕྱི་ལ་བསྐོར་བ་དང་། ཕོ་ཡིན་ན་གཡས་སུ་འགེལ་ཞིང་མོ་ཡིན་ན་གཡོན་ལ་འགེལ་བ་དང་རྒྱུ་མཚན་གཅིག་ཡིན། བེམ་པོ་འཇོག་སའི་ཁང་པ་ལ་ངེས་བསྟན་མེད། གཙོ་བོ་བསིལ་ས་དང་ལ་ཡོག་སྟེ་གསང་བའི་གནས་ལ་འཇོག བེམ་པོ་ལ་གྲིབ་ཡོད་པས་མཆོད་ཁང་དང་བར་ཆོད་དགོས། བེམ་པོ་འཇོག་སའི་ཁང་པའི་སྒོ་བྱིས་པ་ཚོས་ཕྱེ་མི་ནུས་པར་བྱེད་ཅིང་། ཞི་མི་དང་ཁྱི་གུ་སོགས་ལ་འཛེམ། གཅིག་ན་ཞི་མིའི་སྟེང་ན་གློག་ཡོད་པས་རོ་ལངས་རྒྱག་པར་དོགས་པ་དང་། གཉིས་ན་བེམ་པོ་འཆའ་བ་སོགས་ཀྱིས་སྐར་མའི་དུས་སུ་བེམ་པོ་ལ་ཆད་ལྷག་ཤོར་ན་སྐྱེ་བ་གཞུག་མར་ཡན་ལག་མི་ཚང་བར་དོགས་པ་ཡིན།
       ད་དུང་བེམ་པོ་ལ་དབྱར་ཡིན་ན་མི་རུལ་བ་དང་དགུན་ཡིན་ན་མི་འཁང་པ་ཞིག་དགོས། དེ་བས་བེམ་པོ་ནི་དབྱར་ཡིན་ན་ས་ནག་སྟེང་ལ་རས་བཏིང་ནས་བཞག་ན་མི་རུལ། ཐོག་མར་བེམ་པོ་ལ་བདག་བྱས་ནས་རྩ་ཆུ་ཁྲག་རྣག་སོགས་ཡོད་ན་གཙང་མར་ཕྱི། དེང་སང་དངུལ་ཆུའི(水银)དམ་བེ་དང་། ཆུ་འཁྱག་གི་ཁུག་མ་ཕོ་བའི་སྟེང་བཞག་ནའང་ཕན་ཟེར། བེམ་པོ་འཇོག་སའི་ཁང་པར་དྲི་བྲོ་བའམ་འབུ་འཁོར་ན་སྡེ་བའི་ངན་སྨྲས་འབྱུང་བས་དགའ་ལྡན་ཁམ་པ་བདུགས་ཤིང་། བཟང་དྲུག་སོགས་གཏོར། དེང་སང་ཞིང་ཧྲོས(香水)གཙུབ་ནིའང་ཡོད། བེམ་པོའི་སྐེ་ན་སྲུང་འཁོར་སོགས་ཡོད་ན་བླངས་ནས་སྐར་མའི་ཉིན་སྲེག་པར་བྱེད། སྐར་མ་ནི་གཤིན་རྩིས་ལ་བརྟེན་ནས་བེམ་པོའི་དུར་གདབ་པའི་ཉི་མ་གཏན་འཁེལ་བྱེད་པ་ལ་ཟེར། གཤིན་རྩིས་ནི། བླ་མ་དང་། གྲྭ་པའི་རྩིས་པ་གང་རུང་ལ་ཞུས་ནས་འདས་པོ་དུར་གདབ་པའི་ཉི་མ་སོགས་རྩིས་བྱེད་དུ་འཇུག་པ་དེ་ཡིན།
       སྤྱིར་བོད་ཅིག་ཡིན་ན་བང་རྩིས་དང་གཤིན་རྩིས་གལ་ཆེ་བ་ནི། གཏམ་དཔེར། ཕ་མ་ངན་པས་བུ་ཕྲུག་གི་སྐྱེས་སྐར་མི་ཤེས་ཟེར། དེ་ནི་བུ་བཙས་པ་ན་བང་རྩིས་བྱེད་དགོས་པས་རེད། བུ་ཕྲུག་ངན་པས་ཕ་མའི་ཤི་སྐར་མི་ཤེས་ཟེར། དེ་ནི་ལོ་རེ་བཞིན་མཆོད་མེ་འབུལ་དགོས་པས་རེད། གཤིན་རྩིས་ལ་ད་དུང་བཟའ་མི་དང་འདང་ཅན་ཞེ་ཐོགས་ས། རང་གི་སྡེ་བ་དང་བཅས་པར་བཅའ་བ་ཡོད་མེད་ཀྱང་རྩིས་བྱེད། རྩིས་ལ་འདོན་ཆོས་སོགས་གང་བབས་པ་དེ་སྤྱིར་བཏང་སྐར་མའི་བར་བཏོན་ཚར་དགོས། དེ་ལ་སྐར་བཅོས་ཟེར། གལ་ཏེ་སྐར་མའི་བར་དུ་དུས་ཚོད་ཀྱིས་མི་འདང་གི་བསམ་ན་རྩིས་པ་ལ་གྲོས་བྱས་ནས་སྐར་མའི་ཉི་མ་དེ་འོས་འཚམས་ཀྱིས་ཕྱིར་འཐེན་ཆོག སྐར་མའི་བར་ཐག་ནི་ནམ་རྒྱུན་ཉི་མ་གསུམ་མམ། ལྔའམ། བདུན་ཡིན། ཉིན་དགུ་ཅན་ཡང་ཡོད། སྐར་ཐག་ནི་ཚེ་ལས་འདས་པའི་ཉི་མ་ནས་བཟུང་སྟེ་ཉི་མ་ཡ་ལ་འཁེལ་བ་ལས་ཆ་ལ་མི་འཁེལ། སྐབས་སྐབས་སུ་སྐར་མའི་གཞུག་ནའང་སྐར་བཅོས་འདོན་རྒྱུ་ཡོད། སྐར་མའི་གཞུག་ཏུ་བཅའ་བ་ལ་དཔེར་ན་བཟའ་མི་ཚང་མས་ཏཱ་རེ་འབུམ་གསུམ་འདོན་པ་དང་། སྒྲོལ་དཀར་གྱི་སྦྱིན་སྲེག་ལྡུག་དགོས་པ་ལྟ་བུ་བཅའ་བ་ཡག་ཟེར། དེ་མིན་གཡང་སྐར་ལ་ཁེལ་ན་གཡང་ཤོར་ཉེན་དང་འཚུབ་ངོ་ཡོད་པས་གཏོར་བཟློག་ལ་སོགས་བཅའ་རྒྱུའང་ཡོད། གཞན་ཡང་སྤུན་དང་མིང་པོ་ལ་ཚེ་མདོ་སོགས་བཅའ་རྒྱུ་ཡོད་ན། དེའང་སྐར་མའི་བར་འགྲུབ་པར་བྱ།
       གཤིན་རྩིས་ལ་དུས་ཚོད་གལ་ཆེ་བས། ནད་པའམ་ཚེ་ལས་འདའ་ཁ་མ་དེ་དབུགས་ཟ་ཟུར་ཙམ་ཡིན་དུས། དང་ག་གློ་བུར་དུ་འཁྱག་འགྲོ་བ་དང་། དེ་དུས་ཀྱི་ཆུ་ཚོད་ཡིད་ལ་བཟུང་ནས་རྩིས་པ་ལ་ཞུ་དགོས། སྐར་བཅོས་ནང་ལ་ས་བདག་སྙིང་གཏེར་འབབ་རྒྱུའང་ཡོད། དཔེར་ན་དམངས་ཁྲོད་ཀྱི་ངག་རྒྱུན་ན། ཐེངས་ཤིག་སྐར་བཅོས་ནང་ལ་ས་བདག་སྙིང་གཏེར་བབས་པས་བཟའ་མིས་རྒྱུ་མཚན་དྲིས་པ་ན། སྐྱེ་བ་གཞུག་མར་ཟོག་གི་སྐྱེ་བ་ལེན་རྒྱུ་ཡིན་པས་རྩྭ་ཆུ་འཛོམས་ས་ཞིག་ལ་འཁེལ་ན་ལོས་བཟང་ཞེས་གསུངས་པ་ལྟར་རོ། །
       གཤིན་རྩིས་ལ་སྐྱེས་ཐང་བཞེང་རྒྱུ་ཡོད། འདི་ཞེ་དགུའི་ནང་འགྲུབ་དགོས་ཏེ། ཞེ་དགུའི་ནང་རབ་གནས་བྱེད། སྐྱེས་ཐང་ལ་སྨེ་བ་ལྷ་དགུ་སྟེ་སྨེ་བ་དགུ་པོའི་ལྷ་དགུའི་ནང་འཁོར་ནས་འབབ། སྟོན་པ་དང་། མི་འཁྲུགས་པ་འབབ་རྒྱུའང་ཡོད། སྐྱེས་ཐང་སྔུན་ན་བཞེངས་ནིའང་ཡོད་དེ། མ་ཤི་གོང་རང་གིས་བཞེངས་ནའང་ཆོག ད་དུང་རང་གིས་རྒྱལ་བ་རིགས་ལྔའི་ཅོད་པན་བསྣབས་ནས་སྒྲུབ་པ་ཡོད། རབ་བྱུང་བ་མིན་ཀྱང་ཆོག བུད་མེད་ཡིན་ནའང་ཆོག འདི་ལའང་གསོན་དགེ་ཟེར། དེང་སང་ད་ཉོས་ནས་ད་གཟུངས་གཞུག་འབུལ་ཐུབ་པས་ཚེགས་མེད། སྐྱེས་ཐང་བཞེང་བ་ལ་དཔེར་ན་ཐུགས་རྗེ་ཆེན་པོའི་སྐྱེས་ཐང་བཞེང་དགོས་ཤེ་ན། དེ་ལ་སྐུ་འདྲའམ། ཐང་ག ཤོག་ཐང་ལ་སོགས་གང་ཡིན་ཀྱང་ཆོག ཐུབ་ན་ཚེ་ལས་མ་འདས་གོང་རང་འཚོ་དུས་སུ་དངུལ་བཏང་སྟེ་བཞེངས་ནས་མཆོད་ཁང་ནང་བཞུགས་སུ་འཇུག་པ་དང་མཆོད་པ་མཆོད་བཤམས་བྱེད།
       གཤིན་རྩིས་བཏབ་རྗེས་བབ་དང་བསྟུན་ནས་མེ་དུར་ཁང་ལ་འབྲེལ་བ་བྱེད་ན་དམངས་སྲིད་ལས་ཁུངས་ཀྱི་མཚམས་སྦྱོར་ཡི་གེ་ལེན་དགོས། མེ་རིན་དང་ཁང་གླ། གད་བདར་གྱི་རིན་པ་བཅས་པ་ལ་སྒོར300ཡས་མས་དང་། གླ་པ་ཚོར་སྔ་མོ་ནས་ཆང་དང་ཐ་མག ཇ་ལོ་སོགས་ཀྱི་འཚམས་རྟགས་བསྐྱལ་དགོས་པ་ཞིག་ལོབས་ཡོད། ལ་ལས་སྔས་མགོའི་བླ་མ་མིན་པར་མི་འདྲི་སྟེ། གཤིན་རྩིས་ལོགས་སུ་མི་འདེབས་པའང་ཡོད།
       བེམ་པོ་ལ་དུར་གདབ་རག་བར་ཁྲུས་ཆོག་བསྐུར་བ་ལ་དང་པོ་བགེགས་གཏོར་འཕེན་པ་དང་། གཉིས་པ་སྦྱིན་སྲེག་ལྡུག་པ། གསུམ་པ་འདོན་ཡོན་བསྔོ་བ་བཅས་ཡོད། གཉིས་པ་སྦྱིན་སྲེག་ལྡུག་པ་ལ་བུམ་ཆུ་དང་ནས་འབྲུ་གཏོར་རྒྱུ་ཡོད་པ་གོང་ནས་བཤད་ཟིན་མོད། དུར་གདབ་པའི་ཉིན་མོ་སྟེ་སྐར་མའི་ཉིན། གོང་གི་གསུམ་པའི་འཕྲོར་བཞི་པ་སྨོན་ལམ་དང་། ལྔ་པ་གཡང་འབོད། དྲུག་པ་གསེར་ཕོར་འཇོག་རྒྱུ་བཅས་པ་ཁ་སྣོན་བྱེད། བླ་མའམ་གྲྭ་པ་གང་ཡིན་ན་གཡང་འབོད་གལ་ཆེ། གཡང་འབོད་ཀྱི་མཆོད་ཆ་ལ་ཕྱེ་མར་དང་གསེར་སྐྱེམས་ཀྱིས་ཆོག རྗེས་ནས་ཁྱིམ་ཚང་ལ་ཁ་དྲོ་བཀྲ་ཤིས་ཡོང་བ་དང་གཡང་མི་ཉམས་པའམ། དུས་ཚོད་ཉེས་པ་སོགས་ལ་ཤིས་པ་བརྗོད་དགོས་པའི་ཕྱིར་ཡིན།
       འདིའི་བར་གསེང་དུ་མེ་དུར་ཁང་དང་དུར་ཁྲོད་ཀྱི་བསང་གསུར་ཕུད་པ་ལ་མི་གཏོང་དགོས། བེམ་པོ་ལ་ས་སློང་བའི་རྒྱུ་མཚན་དང་གཅིག་ཡིན། མེ་དུར་ཁང་ནང་དུའང་མཆོད་མེ་འབུལ། སྤྱིར་ཁྱིམ་ཚང་ཡོད་ནི་ཞིག་ཡིན་ན་སྐར་ཐག་གི་རིང་ལ་འགྲུལ་པ་རོགས་བྱེད་རྣམས་ལ་ཇ་དང་རྒྱ་ཐུག་བསྐོལ་ནས་ལྡུད། མགོ་རྔ་ཁ་ཚང་ལ་སྡེ་བ་ཆེ་ན་ཤ་རྒྱ་མ600ཡས་མས་ཀྱི་འགྲོ་སྒོ་གཏོང་རྩིས་ཡོད་དགོས། ད་དུང་དགོན་པའི་སྐོར་ལམ་གྱི་མ་ཎིའི་ཁང་པར་རྡོ་བརྐོས་མཆོད་མེ་ལྡུག་རྒྱུ་ཡོད་པ་དང་དུར་གདབ་པའི་སྔར་ཉིན་ནས་མཆོད་མེ་བླུགས་ནས་བསྐྱལ་ཞིང་། སྐར་མའི་ཉིན་ཞལ་ཕྱེ། དེ་ནས་ནམ་མ་ལངས་གོང་བེམ་པོའི་རྩ་སྒོ་སོགས་ལ་བདག་བྱས་ནས་གོན་པ་གཙང་མ་ཆ་ཚང་སྟེ། རས་ཧྲི་པོའུ(市布)དཀར་པོའི་ཚི་ལེན་དང་། རས་ལ་ནག་པོ། ཁེ་བེ་སྔོན་པོ། སྐ་རགས་དམར་པོ་བཅས་པ་ཕལ་ཆེར་ཁྲི་ཙེ7དང་། 17、3、10 ཅན་བཅས་པ་དང་། རྐང་འབོབ(袜子)དང་ལྷམ་སོགས་སོ་མ་བསྐོན། རྣ་རྒྱན་སོགས་ལེན། ལྕགས་དང་སྤོས་འགྱིག་གི་རིགས་ཀྱིས་གདུང་ཐལ་ནག་པོར་བཟོ་བས་འཛེམ།
       དེ་ནས་རས་དམར་པོ་ཞིག་གིས་ཞལ་འགེབ་པ་དང་དེ་རྟིང་རས་དཀར་པོ་ཞིག་དཀྲུས་ནས་མགོ་ཡོངས་རྫོགས་གཏུམ་པར་བྱེད། རུམ་ལ་བཟང་དྲུག་སོགས་གཏོར་ཏེ་སྔ་མོ་ནས་གྲྭ་སྒྲིག་བྱས་པའི་བེམ་པོ་འཇོག་སའི་ཉལ་ཁྲི་ལྟ་བུ་ཞིག་བཟོས་ཡོད་པ་དེའི་ནང་ལ་འཇོག ཉལ་ཁྲི་ལྟ་བུ་དེའང་རས་དཀར་པོ་ཁྲི་ཙེ10ཅན་ཞིག་ཉིས་ལྟེབ་བྱས་ནས་ཁ་ཁྱོན་དུ་བལ་དང་ཤུག་པ་བཏུམ་ནས་བཙེམས་ཏེ་ལམ་ལ་འཁྱེར་དུས་འཛིན་བདེ་པོ་བྱེད། དེ་ནས་ཁ་བཏགས་ཚད་ཀྱི་རས་དཀར་པོ་དུ་མས་བེམ་པོའི་མགོ་དང་། དཔུང་བ། སྐེད་པ། འཕོངས། ལྗིད་ཁུག རྐང་པའི་ལོང་ཚིགས་བཅས་པ་ནས་ཉལ་ཁྲི་ལྟ་བུ་དེ་དང་མཉམ་དུ་བསྡོམས་ཡག་བྱེད། འདིའང་ལམ་ལ་འཁྱེར་དུས་འགུལ་བདེ་པོ་བྱས་པ་ཡིན། དེ་ནས་དེའི་སྟེང་དུ་འཕྲུག་ལྭའམ་རས་ལྭ་ཞིག་འཕྲེད་དུ་འགེབ་པ་ལ། སྐྱེས་པ་ཡིན་ན་ཕུ་རུང་གཡས་པ་མགོར་འཁེལ་ཞིང་། བུད་མེད་ཡིན་ན་ཕུ་རུང་གཡོན་པ་མགོ་ལ་འཁེལ་བར་བྱེད། དེ་ནས་གསེར་འོད་གཡང་སྐྱབས་འདོན་པའི་བར་ན་གསེར་སྐྱེམས་མཆོད་དུས་མ་སྲི་ཚོས་སྒོའི་ཕྱི་རོལ་དུ་སྤུས་སྣ་བྱེད། དེ་ནས་བཀྲ་ཤིས་བརྩེགས་པ་འདོན་དུས་སྤུན་ཚ་བོ་སོགས་ཀྱིས་བེམ་པོ་འགྱོགས་བྱམས་སྟེང་བཞག་ནས་སྒོ་ལ་འཁྱེར། མ་སྲི་དང་བྱིས་པ་ཚོས་མ་ཎི་བསྐོལ་བའམ། སྨེ་སྔགས་འདོན་པའང་ཡོད།
       དེ་ནས་བེམ་པོ་འཁྱེར་ཤུལ་ཅ་དག་བྱས་ནས་ཆུར་གཤེགས། དེའི་ཤུལ་ལ་གྲོང་པ་ཡིན་ན་ཐོང་ལྕགས་ཀྱི་ཡུ་བའི་ཤུབས་ནང་ཤུག་པ་བལ་གྱིས་རྗུབ་ནས་ཚིལ་རྡོ་དཀར་པོ་གསུམ་གྱི་བར་ལ་བསླངས་པ་དང་། གྲྭ་པ་ཡིན་ན་གསེར་ཕོར་ནང་ཕྱེ་མར་འཇོག ཕྱེ་མར་ཡང་ཚིལ་རྡོ་དཀར་པོ་གསུམ་གྱི་བར་དུ་འཇོག དེང་སང་ཐོང་ལྕགས་དང་གསེར་ཕོར་གཉི་ག་འཇོག་པའང་ཡོད། དྲིས་ན་ཐོང་ལྕགས་ནི་ས་གནོན་བྱེད་ཀྱི་རྟགས་རེད་ཟེར། ཕལ་ཆེར་སྤར་ཁ་བོད་ལ་དར་བ་ལྟར་མ་གཞི་རྒྱ་ནག་གི་སྲོལ་ཞིག་ཨེ་ཡིན་ཀྱང་སྙམ།
       སྐར་མ་ཞེ་ན་ཁ་སྐད་དུ་དུར་གདབ་པ་ལའང་གོ སྔོན་ཆད་བྱ་ལ་གཡེང་བ་ཤས་ཆེ་མོད། དེང་སང་མང་མང་གིས་སྔ་མོ་ནས་མེ་དུར་ཁང་ལ་འབྲེལ་གཏུག་བྱས་ནས་མེ་དུར་གདབ་ཀྱིན་འདུག བེམ་པོ་རླངས་འཁོར་ནང་འཁྱེར་ན་ཁ་ལོ་བ་དང་བཅས་མི་གྲངས་ཡ་འགྲོ་ལ། ཕྱིར་ཡོང་དུས་ཆ་ཡིན་དགོས། མེ་དུར་ལ་འཇུག་དུས་སྒྲ་སྡུད་འཁོར་ལོའི་ནང་སྐྱབས་འགྲོ་དང་སྨོན་ལམ་སོགས་གསུངས་པ་དང་། ཆུང་ཆུང་ཚོས་ཕྱག་བྱ། ད་དུང་སྐར་མ་ལ་འགྲོ་བའི་བཟའ་མིའི་ནང་གི་ཆེས་ཤ་ཉེ་དེས་རས་ཁུག་དམར་པོ་ཞིག་གྲ་སྒྲིག་གིས་གདུང་ཐལ་བསྡུ་བྱེད་དུ་འཁྱེར། གོང་གི་འཕྲུག་ལྭ་དེ་ལྟེབས་ནས་དེའི་ནང་ཕྱིར་པང་སྟེ་དུར་ཁྲོད་དུ་འཁྱེར་བ་དང་། ལམ་ནས་གུང་ཐང་མཆོད་རྟེན་དང་། ལམ་རིམ་མ་ཎིའི་འཁོར་ཁང་གི་སྒོར་གུས་ཕྱག་གི་ཚུལ་བྱ། གདུང་ཐལ་དུར་ཁྲོད་ཀྱི་ཡར་ངོས་དམུ་ཐག་གི་གསེང་ལ་གཏོར་རྗེས་རས་ཁུག་དེ་དུར་ཁྲོད་ནས་ཧྲལ་ཧྲིལ་དུ་གཤགས་ནས་བོར་བའམ་སྲེག་པར་བྱ། བེམ་པོའི་ཐོད་པར་ཕྱིར་འཁྱེར་ནས་ཕྱིས་སུ་ཚ་ཚ་དཔར་བར་བྱ། དབུས་མཇལ་དུ་འཁྱེར་ནས་སོང་སྟེ་ལྷ་ས་ནས་ཚ་ཚ་དཔར་བའང་མང་། ས་ཆ་ལ་ལས་རུས་པའམ་གདུང་ཐལ་ལ་ཁྲུས་ཆོག་བསྐུར་ཟིན་ན་མཆོད་མདུན་དུ་བཞག་ནའང་ཆོག་ཟེར། དེ་ལ་རུས་ཆོག་ཟེར།
       འདས་པོའི་གོན་པ་སོགས་བླ་མར་འབུལ་བ་ནི་འདས་པོ་ལ་འཕྲོད་པའམ། འདས་པོའི་ཞེན་ཆགས་གཅོད་པའི་ཆེད་དུ་ཡིན། སྐར་མ་ལ་སོང་བ་དག་ཕྱིར་ལོག་ན་རྒྱལ་སྒོའི་འགྲམ་དུ་ལག་པ་ཆུ་ནག་གིས་བཀྲུས་ཏེ་ཆུ་དཀར་པོས་བཤལ་ཞིང་། ཆུ་ནག་པོ་ཞེས་པ་ནི་སྤྱིར་བཏང་གི་ཆུ་དྲོད་འཇམ་དེ་ཡིན་ཞིང་། ཆུ་དཀར་པོ་ཞེས་པ་ནི་ཆུ་དྲོད་འཇམ་གྱི་ནང་དུ་འོ་མ་ཉུང་ཙམ་བླུག་པ་ལ་ཟེར། ད་དུང་ཤུག་ལོས་བྱི་བྱི་བྱེད་པ་དང་ཤུག་བདུག་བྱེད་པ་ནི་རོ་གྲིབ་འདག་པའི་ཆེད་ཡིན། དེ་ནས་ཁྱིམ་ཚང་གིས་འབྲས་ཐུག་ལྡུད་ཅིང་། གོ་རེ་དང་མར། སྟོད་ཇ་སོགས་སྐལ་སྟེར་སྲོལ་ཡོད།
       རྟེན་འབྲེལ་དུ་དགེ་རྩ་ལ་ཁབ་སྐུད་པ་ཙམ་གྱི་སྦྱིན་པའང་ཉུང་མེད་ཅེས་དགོན་པའི་སྐོར་མཐའ་ནས་ཁབ་ལ་སྐུད་པ་དམར་པོ་བརྒྱུན་ནས་ཀ་ར་ཡང་ཐང(洋糖)སོགས་ངོ་ཤེས་མིན་ཚང་མར་སྦྱིན། རང་གི་སྡེ་བའི་མ་སྲུ་ཚོས་སྐོར་ལམ་ཕྱགས་པའམ། ལོ་ལོན་ཚོ་སྐོར་བ་ལ་སོང་ནས་ཕྱིར་ཐོན་པ་ན་ཉིན་རར་བསྡད་དེ་མ་ཎི་དབྱངས་སུ་བཀུག་ནས་འདོན་ཞིང་གོང་གི་སྐལ་དེ་དག་ཡོད། ད་དུང་སྡེ་བའི་ནང་གི་བྱིས་པ་ཐམས་ཅད་ལའང་སྐལ་མི་གཅོད།
       སྐར་མིའི་ཉིན་ནས་བཟུང་ཚ་གསུར་ཆེ་བ་མི་ཕུད། ཚབ་ལ་ཚ་གསུར་ཆུང་ཆུང་ཞིག་ཞེ་དགུའི་བར་དུ་ཇ་ཐོག་ལྟར་ཕུད་ན་ཆོག སྐར་མའི་ཕྱི་ཉིན་ཨ་མཆོད་ལ་ཞུ་དགོས་པ་དང་། ཞེ་དགུའི་རིང་ཐར་མདོ་གསུངས། འབུལ་བ་ལ་སྒོར300ནས500ཡས་མས། སྨོན་ལམ་གསུངས་པའང་ཉིན་དང་པོ་ནས་སྐར་མའི་བར་དུ་ཡོད་ཅིང་། ཉིན་གཅིག་ལ་གྲྭ་པ30ཡས་མས་བྱུང་ན་ཕུལ་དུ་བྱུང་བ་ཡིན། ཇི་ལྟར་མང་ན་དེ་ལྟར་བཟང་། གྲྭ་པ་ཞིག་ཡིན་ཕྱིན་ང་རང་ཆོས་འདོན་མཁན་ཡིན་བསམ་ནས་སྨོན་ལམ་ལ་ཕེབས་དགོས། མྱ་ངན་ལ་འགྲོ་བ་དང་གཅིག་རེད། བླ་མའི་གདུང་མདུན་དུ་འགྲོ་བ་དང་ཡང་གཅིག་ཡིན། བླ་མ་ཞིག་གདན་འདྲེན་ཞུ་བའང་འདི་ལྟར་ཡིན་ཏེ། མི་ཕེབས་རྒྱུ་མེད། ཐེངས་གཉིས་གསུམ་ལ་དྲིས་ན་ལན་མི་སྟེར་བ་སོགས་ནི་ལུགས་སྲོལ་དང་འགལ་བ་ཡིན།
       སྨོན་ལམ་གྱི་གྲྭ་པ་ཉིན་དང་པོ་ནས་སྐར་མའི་བར་ཉི་མ་རེ་རེར་འབོད། མར་ཆུར་གོ་རེ་རྩམ་པ་ཀ་ར་སོགས་ཀྱི་སྡེར་ཁ་མདུན་ཅོག་རིང་པོར་བཤམས། འབོལ་གདན་གདིང་། ཇ་དང་རྒྱ་ཐུག་གྲ་སྒྲིག་དགོས། སྐར་མའི་ཉིན་ནམ་གསལ་མ་གསལ་གོང་དུད་ཁྲོད་དུའང་འབོད། བླ་བྲང་ལ་མཚོན་ན་དུད་ཁྲོད་ནི་བླ་བྲང་དགོན་པའི་རྒྱབ་རིའི་ཕག་གི་རྒྱ་བུར་ནང་ཞེས་པ་དེ་ཡིན་པ་དང་རྒྱུན་ལྡན་དུ་སྨོན་ལམ་གྱི་གྲྭ་པ་རེ་ལ་སྒོར་གཅིག་འབུལ་ན་སྐར་མའི་ཉིན་སྒོར་གཉིས་འབུལ། སྨོན་ལམ་དང་བསྔོ་ཡིག་གི་དགོས་པ་ནི། ཚེ་ལས་འདས་ནས་ལོ་མང་པོ་འགོར་ནའང་དཀར་པོའི་དགེ་ཕྱོགས་ཡིན་པས་ལས་ངན་འདག་རྒྱུ་ཡོད་གསུངས། ཤི་ནས་སྐྱེ་བ་གང་བླངས་ན་དེ་ལ་ཕན་པར་བཤད་དོ། །
       སྤྱིར་ཆོས་བཅའ་བ་ནི་ཤི་གསོན་གཉིས་ཀ་ལ་ཕན་ཏེ། སེམས་རྒྱ་ཇི་ལྟར་བསྐྱེད་ན་ཕན་ཡོན་དེ་ལྟར་ཆེའོ། །སྐར་མའི་བར་དུ་ཁྱིམ་ཚང་གི་བུད་མེད་ཕལ་ཆེར་བསྙུང་གནས་ལ་འདུག ད་དུང་ཇོ་མོ་སྒར་ལ་བསྙུང་གནས་བཅོལ་བའང་ཡོད། གྲངས་ཀ་ལེན་ན་མཆོག་བརྒྱད་དུ་ཡོད་ཅེས་བརྩི་ཆོག ཇོ་མོ་རྣམས་ཁྱིམ་ཚང་ནང་ལ་ཕེབས་ནས་གུང་ཚིགས་བྱེད་པ་དང་། གུང་ཚིགས་ཀྱི་རྗེས་སུ་སྨོན་ལམ་སོགས་དབྱངས་ལ་བཀུག་ནས་གསུངས་པ་ཡིན་ཏེ་ཧ་ཅང་སྙན་པོ་རང་འདུག ཕལ་ཆེར་འདས་པོ་ལ་ཆོས་དགེ་བ་གསོག་རོགས་བྱེད་པའི་རྒྱུ་མཚན་ཡིན། གུང་ཚིགས་ལ་གྲོ་འབྲས་དང་ཞོ་སོགས་འདྲེན། ཤ་མི་འགྲོ། ཕྱི་ཉིན་ཐུན་བཟུང་སྟེ་ངག་མི་བཟློ། འབུལ་བ་ལ་ཇོ་མོ་རེར་སྒོར22ཡས་མས་རེད། སྨོན་ལམ་གསུངས་པའང་ཐེ།
       སྟོང་མཆོད་ནི་སྐྱེས་ཐང་གང་ལ་བབས་པ་ལྟར་འཛིན་པ་མང་། གཞན་ཡང་གྲྭ་ཚང་ངམ། ལྷ་ཁང་སོགས་ལ་བཟུང་ན་ཆོག འོན་ཀྱང་བླ་བྲང་ལྟ་བུ་ཡིན་ན་སྟོང་མཆོད་ཀྱི་ཉི་མ་དེ་སྔ་མོ་ཞིག་ནས་ལེན་དགོས་པ་མ་གཏོགས། ནངས་ཀ་སྟོང་མཆོད་འཛིན་ན་དེ་རིང་ཉི་མ་སློང་ཐུབ་པ་ཞིག་མིན། ཉི་མ་ལ་ལ་ལོ་གཅིག་གི་སྔོན་དུ་འཁྱེར་སོང་བའང་མང་། དེས་ན་འདས་པོའི་ཞེ་དགུའི་ཉིན་སྟོང་མཆོད་འཛིན་དགོས་ཤེ་ན་ལས་སླ་མོ་ཞིག་མིན་ཏེ། ད་དུང་གྲྭ་ཚང་ངམ་ལྷ་ཁང་གང་དེར་ཆ་རྒྱུས་ཡོད་པ་ཞིག་དགོས། དཔེར་ན་ས་ག་ཟླ་བའི་ནང་གྲྭ་པ་མང་པོ་མི་ཁོམ།
       བྱིས་པ་མནོལ་སྐྲ་མ་བླངས་པ་སྟེ་བོད་རྩིས་བྱས་ནས་ལོ་གསུམ་ལ་མ་བུད་གོང་མེད་སོང་ན་འདུན་མི་བྱ་སྟེ་མི་བསྡུ། དེ་མིན་མི་ཆེ་བ་དང་གཅིག་ཡིན། འོན་ཀྱང་བྱིས་པ་ལོ་གསུམ་མན་ཆད་ལ་ཆོས་བཅའ་ནི་ཡོད། ཁྱིམ་ཚང་རང་གི་འབྱོར་བ་ལ་བལྟས་པ་འདྲ། འདུན་ཞེས་པ་ནི་ལུས་ངག་ཡིད་གསུམ་ཞི་ཞིང་དུལ་བའི་སྒོ་ནས་འདས་པོ་དེ་ལ་རྗེས་དྲན་གྱི་ཚུལ་དུ། ཞེ་དགུའམ་ལོ་ཁ་འཁོར་རག་བར་ཤིང་སློང་དང་ལོ་སར་སོགས་དུས་སྟོན་ལ་རོལ་བ། སྟོན་མོ་དང་གླུ་ལེན་གར་རྩེད་སོགས་སྐྱིད་རྒྱག་སར་འགྲོ་བ། གོན་པ་གསར་པ་གྱོན་པ། རྒྱན་ཆ་འདོགས་པ། ཆང་འཐུང་བ་སོགས་མི་བྱ་ཞིང་། བོད་ལྭ་གོན་ནའང་སྐ་རགས་སྔུན་ནས་བཅིངས་ཏེ། ཅི་ནུས་གང་ཐུབ་ཀྱིས་སྡིག་པ་ཅི་ཡང་མི་བྱ་ཞིང་། དགེ་བ་ཕུན་སུམ་ཚོགས་པར་བྱེད་དེ། སྒར་དགོན་པ་ལ་བསྐོལ་འདུག་དང་གྲྭ་ཚང་ལ་གྲྭ་ཇ་རྒྱག་པ། སེམས་ཅན་ལ་ཚེ་ཐར་དང་ཉམ་ཆུང་ལ་སྦྱིན་པ་གཏོང་བ་སོགས་ཆོས་ཀྱི་བྱེད་སྒོ་མང་ངོ་། །
       འདི་དག་ལས་དགོན་པའི་བསྐོལ་འདུག་ནི་དགོན་པའི་ཚོགས་ཆེན་ལ་འབྲས་ཐུག་བསྐོལ་བར་ཟེར། བླ་བྲང་ལྟ་བུའི་ཚོགས་ཆེན་ན་གྲྭ་པ་ཆིག་སྟོང་སུམ་བརྒྱ་ཡས་མས་ཡོད། འབྲས་དང་མར། ཤ་གསུམ་པོ་ཐོད་གཏུགས་ཀྱིས་རྒྱ་མ་ཉིས་བརྒྱ་ལྔ་བཅུ་ཡས་མས་རེ་དང་སུམ་ཆའི་ཚད་ཀྱི་རྒུན་འབྲུམ་སྐམ་པོའང་མཁོ། ད་དུང་མཆོད་མར་ལ་རྒྱ་མ་ལྔ་བཅུ་ཡས་མས་དང་། གྲྭ་པ་རེའི་ཕྱག་ཐེབས་ལ་སྒོར་ཉི་ཤུ་ནས་བརྒྱ་ཐམ་པ་ཡས་མས་རེ་འཇོག་དཔེ།
       དེ་ལྟར་ཤི་བོའི་ར་མདའ་ཆོས་ཟེར་བ་བཞིན། བླ་བྲང་ས་ཆའི་གཤིན་པོ་བསྡུ་ཚུལ་གྱི་མགོ་རྔ་ན་བྱ་བ་མང་ཞིང་། རྙོག་དྲ་ཆེ་བ་ཞིག་འདུག་མོད། ནང་དོན་ཧ་གོ་ན་བརྒྱུད་རིམ་ལྡན་པ་ཞིག་ཀྱང་ཡིན། གཤམ་ནས་བརྒྱུད་རིམ་བསྟར་ཆགས་སུ་བཀོད་ན་འདི་ལྟ་སྟེ།
       ༡ བླ་མའི་གསུང་རྟགས།
       ༢ སྐྱེ་བདུན་རིལ་བུ།
       ༣ ཨ་མཆོད།
       ༤ སྔས་མགོའི་བླ་མ། མཆོད་མེ།
       ༥ འཕོ་བ། ② ཚ་གསུར་ཆེ་བ།
       ༦ བེམ་ལས། ③ ཁྲུས་ཆོག
       ༧ གཤིན་རྩིས། ④ བདག་འཇུག
       ༨ སྐྱེས་ཐང་། ⑤ སྐར་བཅོས།
       ༩ སྐར་མ། སྨོན་ལམ།
       ༡༠ གཡང་འབོད། ⑦ བསྙུང་གནས།
       ༡༡ སྟོང་མཆོད།
       ༡༢ འདུན།
       གཡས་ཕྱོགས་སུ་གུག་རྟགས་ནང་ལ་ཨང་རིམ་བཀོད་པ་དེ་དག་ཚེ་ལས་འདས་པའི་ཉིན་དང་པོ་ནས་སྐར་མའི་བར་གྱི་ཉི་མ་རེ་རེར་ཡོད་ཅིང་། དེ་དག་ཕན་ཚུན་བར་གཅིག་ལ་གཅིག་འབྲེལ་ནས་ཡོད། ལ་ལ་གཡོན་ཕྱོགས་ཀྱི་བརྒྱུད་རིམ་གཉིས་ཡན་ཆད་ལ་འབྲེལ་བ་ཡོད་པའི་རྐྱེན་གྱིས། ཁྱིམ་ཚང་འཆར་གཞི་ཅན་ཡིན་ན་སྤྱིའི་བཀོད་སྒྲིག་བྱེད་མཁན་ཡོད་དེ། སྐབས་འདིར་གསལ་བཤད་བྱ་དགོས་པ་ཞིག་ནི། གལ་ཏེ་ནད་པའམ་དེ་སྨན་ཁང་ནང་ནས་མ་དྲག་ན། དེང་སང་ཆ་རྐྱེན་འཛོམས་པས་ཨ་མཆོད་དང་སྔས་མགོའི་བླ་མ། ཡང་ན་གྲྭ་པ་ཞིག་སྨན་ཁང་ནང་གདན་འདྲེན་ཞུས་ཏེ་ཁྲུས་ཆོག་བསྐུར་ན་ཆོག གལ་ཏེ་ཡུལ་གཞན་པའམ་ལམ་ནས་མ་བདེ་ན། ཁ་པར་རྒྱག་པའམ་སྐད་བཏང་ནས་ཨ་མཆོད་དང་སྔས་མགོའི་བླ་མ། ཡང་ན་གྲྭ་པ་ཞིག་ལ་ཁྲུས་ཆོག་དང་བདག་འཇུག་བཅོལ་ཆོག
       གལ་ཏེ་གོང་གི་ཆ་རྐྱེན་དེ་གཉིས་ཀྱང་མ་འཛོམས་པར་བེམ་པོ་དེར་སྐར་མ་བྱ་དགོས་ན། དུས་ཕྱིས་སུ་ཨ་མཆོད་དང་སྔས་མགོའི་བླ་མ། ཡང་ན་གྲྭ་པ་ཞིག་ལ་བརྒྱུད་རིམ་ལྔ་པ་ནས་བཅུ་གཉིས་བར་གྱི་བརྒྱུད་རིམ་བདུན་དང་། ཉིན་རེའི་ཞིབ་ཆ་བདུན་པོ་བཅས་ཚང་མ་བཅོལ་ཆོག་པ་ནི་བདག་ཅག་གི་སྟོན་པ་རིན་པོ་ཆེའི་བསྟན་པ་བླ་ན་མེད་པ་དང་། ཡང་དག་པ། བསླུ་བ་མེད་པ་བཅས་ཀྱི་ཚན་ཁ་འབར་བའི་བྱིན་རླབས་ཀྱི་མཐུ་སྟོབས་བཙན་པོའི་ནུས་ཤུགས་ཡིན་པར་དོགས་པ་ཟ་མི་དགོས་པ་ཡིན་ནོ། །
       མཉམ་འཇོག་དགོས་པ་ཞིག་ནི། གལ་ཏེ་རབ་ཏུ་བྱུང་མིན་སྐྱ་སེར་གང་ཡིན་རུང་ཐུགས་དམ་ལ་བཞུགས་ཐུབ་པའི་སྐྱེས་བུ་དམ་པ་ཞིག་སྐུ་གཤེགས་ན། དེ་ནི་བརྒྱུད་རིམ་ཐོག་མ་ལྔ་དང་རང་ཤུགས་ཀྱིས་ཁ་བྲལ་བ་ཡིན་པས་ཤངས་ཁྲག་ཐོན་རེག་བར་བེམ་པོ་ལ་རེག་པར་མི་བྱ། སྐབས་འདིར་སྤོས་དང་བདུག་པ་སོགས་ལ་འཛེམ། དེ་འཕྲོའི་བརྒྱུད་རིམ་བདུན་པོ་དང་ཉིན་རེའི་ཞིབ་ཆ་བདུན་པོ་དེ་འཇིག་རྟེན་ཆོས་བརྒྱད་དང་བྲལ་བ་ཞིག་ཡོང་བར་བརྩོན་དགོས།
       སྤྱིར་ཐུགས་དམ་ལ་བཞུགས་ཞེས་པ་ནི་སྐྱེས་བུ་དམ་པ་གང་ཞིག་འཆི་འཕོ་ལ་རང་དབང་ཐོབ་པ་ཡིན་ཏེ། དེའང་སེར་སྐྱ་གང་ཡིན་རུང་ཆོས་ཀྱི་འབྲེལ་བ་བཟང་མིན་དང་། ཆོས་ལ་སྦྱངས་པ་སོང་མིན་སོགས་ལ་རག་ལས་པས། ཤུལ་ན་གསོན་པ་དག་གིས་དལ་འབྱོར་གྱི་མི་ལུས་རིན་ཆེན་ཐོབ་དཀའ་ཞིང་། ཐོབ་པ་ནས་བཟུང་མི་ཚེ་དོན་ཡོད་དུ་བསྒྲུབ་དགོས་པ་ལ་ངེས་ཤེས་ཟབ་མོ་འདྲོངས་དགོས་པ་ཡིན་ནོ། །འོན་ཀྱང་། བླ་བྲང་བཀྲ་ཤིས་འཁྱིལ་གྱི་གྲྭ་པ་རྒན་པ་ལ་ལས། ཐུགས་དམ་ལ་བཞུགས་པ་ནི་ཆེ་ཚུགས་སྟོན་པ་དང་འདྲ་བས། དགག་བྱའམ་འཛེམ་འཛུ་ཞིག་ལ་བརྩི་མཁན་ཀྱང་མང་ཞེས་གསུངས།
       གོང་གི་བརྒྱུད་རིམ་འདིའི་ཕན་ཆད་ན། རྩོམ་འདིའི་དབུར་གླེང་བ་ལྟར། བླ་བྲང་ས་ཆའི་གཤིན་པོ་བསྡུ་ཚུལ་ལ་ད་དུང་ཐུར་མ་འཁྱེར་ནས་སྐྱིད་སྡུག་ལ་ཡོང་མཁན་མང་། ཐུར་མ་ཞེས་པ་ནི་སྐྱིད་སྡུག་ལ་ཡོང་མཁན་གྱི་ཉེ་ས་དང་། བཟང་ས་རྒྱན་ས། གཞུང་གི་སྐུ་ཚབ་སོགས་ཀྱིས་འདས་པོ་ལ་གཤིན་ཆོས་སྒྲུབ་བྱེད་ཀྱི་དངུལ་སོགས་སྦྱིན་པ་དེ་ལ་ཟེར། དེའང་ཕར་འགྲོ་ཡོད་ན་ཚུར་འོང་ཡོད་པ་ཞིག་ཡིན་ཏེ། དཔེར་ན་འདས་པོ་ཚང་དེས་སྔོན་ཆད་ཁྱིམ་ཚང་གཞན་ཞིག་ལ་ཐུར་མ་སྦྱིན་པར་ཕར་སོང་ན། ཁྱིམ་ཚང་དེ་ད་ལན་འདས་པོ་ཚང་ལ་ཐུར་མ་སྦྱིན་པར་ཚུར་ཡོང་ངེས།
       ད་དུང་འདས་པོ་དེ་གསོན་དུས་ཀྱི་མི་གཤིས་བཟང་ངན་དང་། རྒྱུ་འབྲས་བརྩི་མིན། ཁ་ལས་དགེ་མིན་སོགས་ལའང་རག་ལས་ཡོད། ལེགས་ན་ཡོང་མཁན་མང་བ་དང་ཉེས་ན་དེ་ལྟ་མིན། དེ་ལྟར་ལེགས་པའི་དབང་དུ་བཏང་ན། ནམ་རྒྱུན་ཐུར་མ་དང་མཆོད་མེ་ལེན་མཁན་ལ་མི་གཉིས་ཡོད་དེ། གཅིག་གིས་ཐུར་མ་དེ་འདས་པོའི་ཁྱིམ་ཚང་གི་སྤྱིའི་ཡིན་པའམ། བཟའ་མི་སྒེར་གྱི་ཡིན་པ། ཡང་ན་ཉེ་ས་སྤྱི་གཞུང་གིའམ། ཉེ་ས་སྒེར་གྱི་ཡིན་པ་སོགས་གསལ་པོ་བྱས་ནས་མིང་ཐོ་འགོད་ཅིང་། གཅིག་གིས་སྒོར་མོ་སོགས་བཟུང་ནས་སྐབས་ཐོག་གི་འགྲོ་སྒོ་དེའི་ནང་ནས་འཁོར་བར་བྱེད་ཆོག
       དེ་ནས་རླངས་འཁོར་ལ་བཀོད་སྒྲིག་བྱེད་མཁན་ཏེ། བླ་མ་དང་གྲྭ་པ་ཡར་སྐྱེལ་མར་ལེན་དང་། ཉོ་བཅའ་རྒྱག་མཁན་བཅས་པ་ཡོད། དེང་སང་ཆ་རྐྱེན་འཛོམས་ན་ཆུ་ཤེལ་གྱི་པུར་སྒམ(水晶棺材)གླ་ཆོག་སྟེ་ཉིན་རེར་སྒོར་ཉིས་བརྒྱ་ཡས་མས་རེད། གློག་བྱིན་ན་འཁྱག་སྒམ་ཞིག་དང་འདྲ་བས་སྐར་ཐག་རིང་བའམ་བེམ་པོ་འཇོག་སའི་ཁང་པ་དྲོན་པོ་སོགས་ཡིན་ན་འདང་རྒྱག་མེད། འོན་ཀྱང་ཐོག་ཁང་དུ་བསྡད་ཡོད་ན་རྒྱ་ནག་ལྟར་ར་དཀྱིལ་ནས་པུར་ཁང་ཞིག་ཕུབ་པ་ལས། ཆུ་ཤེལ་གྱི་པུར་སྒམ་དེ་ཧ་ཅང་ལྕི་བས་ཉིས་ཐོག་ཡན་ཆད་ལ་འཁྱེར་དཀའ་བ་ཞིག་ཡིན་ནོ། །
       དེ་ནས་མཆོད་གཡོག་སྟེ། མཆོད་པའི་ཤེས་བྱ་ཤེས་པ་དང་། དགོན་པའི་ནང་ཆེན་དང་གྲྭ་ཚང་བཅས་པར་རྒྱུག་ཐུབ་པ་ཞིག་ཡིན། དེ་ནས་ཇ་ཁང་ལ་བཀོད་སྒྲིག་བྱེད་མཁན་ཏེ། ཞོ་འོ་མ། མར་རྩམ་པ། ཤ་གོ་རེ། གྲོ་འབྲས། རྒྱ་ཐུག ཚོད་མ་བཅས་ཀྱི་རྒྱུ་མཚན་ཤེས་ནི་ཞིག་ཡིན། དེང་སང་སྒོར་བརྒྱ་རེ་བྱིན་ན་ཇ་མ་དང་ཆུ་རྒོད་སྐོལ་བྱེད་ཀྱི་ཁྲོ་ཐབ(锅炉)བཅས་པ་གླ་ཆོག
       དེ་ནས་སྐྱིད་སྡུག་ལ་ཡོང་བའི་སྔུན་ན་བསུ་མ་བྱེད་མཁན་ཏེ་སྣེ་ལེན་པ་ནི། ཁྱིམ་ཚང་དེ་གའི་ཆེས་བརྩི་ས་དང་འདས་པོ་ལ་ཆེས་ཤ་ཉེ་བ་དག་ཡིན། ཕར་ལ་ཚེ་ལས་འདས་པའི་རྒྱུ་མཚན་སོགས་འཆད་ན། ཚུར་ལ་སེམས་གསོ་མཛད་པ་སོགས་འཇིག་རྟེན་ལུགས་ཀྱི་འགྲོ་སྲོལ་ཡིན།
       ད་དུང་བཞེས་པ་འདྲེན་མཁན་སོགས་ཀྱང་ལས་བགོས་བྱས་ནས་ཡོད་པ་དང་། སྐྱིད་སྡུག་ལ་ཡོང་མཁན་དེ་ཚོའང་ཧ་ཅང་བྲེལ་བའི་ངང་ཚུལ་མི་སྟོན་པར། འདས་པོ་གསོན་དུས་ཀྱི་དཀར་པོའི་དགེ་བ་སོགས་གླེང་ནས། ཕྱི་མར་བདེ་འགྲོ་ཐོབ་པའི་སྨོན་ལམ་རྒྱག་ཤེས་པ་ཞིག་ཕལ་ཆེར་ཡིན་ནོ། །དགེ་ལེགས་འཕེལ། བཀྲ་ཤིས།

དཔྱད་གཞིའི་ཡིག་ཆ།
1. མཆིམས་ནམ་མཁའ་གྲགས། མཆིམས་མཛོད། [M]. བླ་བྲང་དགོན་པའི་ཤིང་པར། མངོན་པ་མཛོད་ཀྱི་འགྲེལ་བཤད་མངོན་པའི་རྒྱན།
2. རྗེ་ཙོང་ཁ་པ། ལམ་རིམ་ཆེན་མོ། [M]. མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1985 སྐྱེས་བུ་འབྲིང་གི་སྐོར།
3. པཎ་ཆེན་བློ་བཟང་ཆོས་རྒྱན། བར་དོའི་འཕྲང་སྒྲོལ། [M]. བླ་བྲང་དགོན་པའི་ཤིང་པར།
4. ཀུན་མཁྱེན་འཇིགས་མེད་དབང་པོ། བར་དོའི་འཕྲང་སྒྲོལ་གྱི་མཆན་འགྲེལ་ཐར་བའི་ལམ་སྟོན། [M]. བླ་བྲང་དགོན་པའི་ཤིང་པར།
5. དབལ་མང་པཎྜིཏ་དཀོན་མཆོག་རྒྱལ་མཚན། རཏྣ་དྷྭ་ཛའི་བར་དོའི་ངོ་སྤྲོད་ཉི་མའི་འོད་ཟེར། [M]. བླ་བྲང་དགོན་པའི་ཤིང་པར།6. རྒྱལ་མཚན་རྩེ་མོའི་དཔུང་རྒྱན། [Z]. བླ་བྲང་དགོན་པའི་ཤིང་པར།
[1][2][6][7] རྗེ་ཙོང་ཁ་པ། ལམ་རིམ་ཆེན་མོ། [M]. མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1985 སྐྱེས་བུ་འབྲིང་གི་སྐོར།
[3][5][9] དབལ་མང་པཎྜིཏ་དཀོན་མཆོག་རྒྱལ་མཚན། རཏྣ་དྷྭ་ཛའི་བར་དོའི་ངོ་སྤྲོད་ཉི་མའི་འོད་ཟེར། [M]. བླ་བྲང་དགོན་པའི་ཤིང་པར།
[4] མཆིམས་ནམ་མཁའ་གྲགས། མཆིམས་མཛོད། [M]. བླ་བྲང་དགོན་པའི་ཤིང་པར། མངོན་པ་མཛོད་ཀྱི་འགྲེལ་བཤད་མངོན་པའི་རྒྱན།
[8] རྒྱལ་མཚན་རྩེ་མོའི་དཔུང་རྒྱན། [Z] བླ་བྲང་དགོན་པའི་ཤིང་པར།
འབྲེལ་ཡོད་འོས་སྦྱོར།