གནའ་ནས་ཆགས་པའི་གནའ་གྲོང་། མགོ་ཡག་གྲོང་།
རྩོམ་པ་པོ།:གངས་དབང་གིས་བྲིས་ཤིང་པར་མཁོ་འད
ཡོང་ཁུངས།:གངས་ལྗོངས་ཉི་གཞོན།
དུས་ཚོད།:2025-06-27
ཀློག་གྲངས།:
མི་ཞིག་ཡིན་ན། རང་བློ་རང་ལ་ལྐོག་ཏུ་མ་འགྱུར་བ་ཞིག་དགོས། མི་རིགས་ཤིག་ཡིན་ན། གཞན་རིགས་ཀྱི་རིག་གནས་ལ་རྒྱུས་ལོན་བྱས་ཏེ། འདྲ་བའི་ཆ་ནས་ཐུན་མོང་གི་འབྱུང་ཁུངས་དང་། མི་འདྲ་བའི་ཆ་ལས་གཅིག་གྱུར་གྱི་བསམ་བློ་འཚོལ་དགོས་པ་ཞིག་རེད།

མགོ་ཡག་གནའ་གྲོང་།
ད་བར་དུ་རི་མཐོན་པོ་དང་ཆུ་ཆེན་པོ་གང་མང་མཇལ་ཏེ། རི་ཆུས་གསོས་པའི་མི་སེར་རྣམས་ཀྱི་ཐུན་མོང་མ་ཡིན་པའི་ལྟ་སྤྱོད་མཐོང་ཐོས་སུ་འགྱུར་དུས། ང་རྒྱལ་སྐྱེས་མྱོང་ལ་ཕངས་སེམས་ཀྱང་ཡོད་མྱོང་།ང་རྒྱལ་དེས་རང་ཁོ་ན་དང་ཕངས་སེམས་དེས་གཞན་ཁོ་ནའི་ལྟ་བ་ཕྱོགས་སུ་ལྷུང་བས། རང་རིགས་ཀྱི་རི་ཆུའི་མཚམས་དང་ལྟ་བའི་མཐའ་ལས་བརྒལ་ཏེ། རང་དང་འབྲེལ་བ་ཡོད་མེད་གཉིས་ཀའི་བསམ་སྤྱོད་དང་འཚོ་བ་ལ་རྒྱུས་ལོན་བྱེད་འདོན་ཤིན་ཏུ་ཆེ།
འདོད་བློ་དེ་འགྲུབ་པའི་ཆེད་དུ། སྟོན་དུས་འཆར་ལ་རན་པའི་སྐབས་སུ། ལས་ཀ་ཙག་ཙིག་གི་མཚམས་བཞག་སྟེ། འདབ་པ་རྫོང་དང་མཚམས་འབྲེལ་ནས་ཡོད་པའི་རྨུ་ལི་རྫོང་གི་འཇང་རིགས་ཡུལ་ཤོག་ལ་འགྲོ་འགོ་ཚུགས།

མགོ་ཡག་གྲོང་པའི་ཆུ་འཁོར་ཡོད་ས།
ལམ་བར་གྱི་རི་ཆུ་དང་རྩྭ་རྩི་ཤིང་། འབྲོག་སྡེ་དང་འབའ་འབུ་སེམས་ཅན་རྣམས་ལ་དབྱར་གྱི་ལང་ཚོའི་རྗེས་སུ་སྟོན་གྱི་རང་མདངས་མངོན་ལ་ཉེ། དེ་དག་ལ་ལྟ་ཤེས་པ་དང་ཉན་འདོད་པ། སྣོམ་ཤེས་པ་དང་བསམ་འདོད་པ་ཞིག་ཡིན་ན། ཁྱེད་ཀྱིས་ནམ་མཁའ་ནི་སྤྲིན་དཀར་པོའི་འདུ་གནས་དང་། བསིལ་རླུང་ནི་རྩྭ་རྩི་ཤིང་གི་གཤོག་པ། ཉི་འོད་ནི་གནམ་ས་སྦྲེལ་བའི་རྨུ་ཐག །བྱ་བྱིའུ་ནི་བར་སྣང་གི་ཕོ་ཉ་རུ་མཐོང་སྟེ། རང་བྱུང་ཁམས་ལས་འཚོ་བའི་དོན་སྙིང་རྡོག་རྡོག་ཅིག་སེམས་ཀྱི་རི་མོར་འབབ་ངེས།
རིགས་གསུམ་མགོན་པོའི་བྱིན་རླབས་ཀྱི་ཚན་ཁ་མ་ཡལ་བའི་འདབ་པ་རྫོང་གི་འོད་འཕྲོ་ལ་བརྒྱབ་སྟེ། ནགས་མང་སྐེད་གྲོང་དང་རྐ་ཁ་ཡུལ་ཤོག །སྐྱིད་དགའ་གྲོང་རྡལ། མགོ་ཡག་ཐང་ཡུལ་ཤོག་བཅས་བརྒྱུད་ནས་འགྲོ་དུས། ཚེར་མ་ཅན་གྱི་ལོ་མ་མང་པོས་གཞུང་རྟ་དང་ཡལ་ག་སྲུང་བའི་བེ་ཤིང་དང་། དུས་བཞིར་སྔོ་ལྗང་གོས་སུ་བཀླུབས་ཤིང་གཞུང་རྟ་སྦོམ་པོར་ཡལ་གའི་གཤོག་པ་བརྐྱངས་པའི་གསོམ་ཤིང་། ལོ་མ་ཕྱེ་མ་ལེབ་ལྟར་འཕུར་ཞིང་ཕྱི་ལྤགས་ཀྱིས་ཆུ་སྐྱོགས་རུང་བའི་གྲོ་བ་ཤིང་། སྟོན་གྱི་རང་མདོག་ལུས་ལ་བྱུགས་ཏེ་ས་གཞི་སེར་པོར་བསྒྱུར་བའི་ཐང་ཟག་ཤིང་། སྲིབ་ངོས་ཀྱི་དམའ་སར་སྐྱེས་ཀྱང་དྲི་ཞིམ་མཐོ་སར་ཁྱབ་པའི་རྩྭ་མཁན་པ་བཅས་ནི་བྱ་བྱིའུ་རྣམས་ཀྱིས་ཚང་བཅས་པ་དང་། འབའ་འབུ་སེམས་ཅན་ཚོ་གཞིས་ཆགས་ཏེ་བུ་རབས་ཚ་རྒྱུད་སྐྱོང་ས་ཡིན་ལ། བོད་མི་བརྩོན་སེམས་ཅན་རྣམས་ཀྱིས་རང་བྱུང་ཁམས་མཐོ་རུ་བཀུར་ཏེ་བཟའ་རྒྱུ་འཐུང་རྒྱུ་འཚོལ་ས་ཡང་ཡིན་པས། བྱ་བྱིའུ་དང་རྩྭ་རྩི་ཤིང་གི་དགའ་སྐྱོ་ནི་རི་ཆུའི་དར་རྒུད་དང་འབྲེལ་ནས་ཡོད། བོད་མི་ལྷག་བསམ་ཅན་རྣམས་ཀྱི་སྐྱིད་སྡུག་ནི་འབའ་འབུ་སེམས་ཅན་ཚོའི་ཤི་གསོན་དང་སྦྲེལ་ནས་ཡོད་དོ། །

འཇང་མིའི་ཁང་ཐོག་གི་ལ་བཙས།
རི་རྩུབ་པོ་དང་ཆུ་དྲག་པོས་བར་དུ་བཙིར་བའི་ལུང་པའི་ནང་དུ། མི་གཞི་སྲ་ཞིང་གཤིས་ཀ་རྩུབ་པའི་རིགས་རུས་རྣམས་ནི། སྐབས་འགར་སེམས་རྒྱ་མཁའ་ལྟར་ཡངས་ཀྱང་མཚམས་རེར་མཐོང་ལམ་ཁབ་མིག་ལས་ཀྱང་ཕྲ་བས། གཞུང་ལམ་གྱི་གཡས་གཡོན་དུ་རེའུ་མིག་ལྟར་བཀྲ་བའི་ཞིང་ས་དང་། གྲུ་བཞིར་བརྩིགས་པའི་རྡོ་ཁང་ལ་སོགས་པར་ཨུ་ཚུགས་དང་རང་རྩིས་ཆེ་བའི་འཁྲབ་སྟོན་གང་མང་འཁྲབ་མྱོང་བ་གཏན་དུ་འཁེལ་ཡང་། དེང་སང་ཕྱི་ནང་གཉིས་ཀའི་སྣེ་མོ་སྦྲེལ་བའི་གཞུང་ལམ་སྦོམ་པོ་ཡིས། རིགས་རུས་ཤིག་གི་མིག་མདའ་རི་ཡི་ཕར་རྒྱབ་ལ་འཕངས་ཤིང་། གོམ་སྟབས་ཆུ་ཡི་ཕ་རོལ་དུ་བགྲོད་ཡོད་ཚོད་རེད།
སེམས་ནང་མི་དྲན་དགུ་དྲན་དྲན་ཞིང་། ལག་པས་མི་འབྲི་དགུ་འབྲི་འབྲི་བཞིན་དུ་འདབ་པ་རྫོང་གི་མགོ་ཡག་ཐང་ཡུལ་ཤོག་ཡོད་སར་སླེབས། དེ་ནས་ཅུང་ཕྲ་ལ་སྒང་གཤོང་མང་བའི་གཞུང་ལམ་དེད་ནས་སྤྱི་ལེ་སུམ་ཅུ་ཙམ་སོང་རྗེས། གཡོན་ཕྱོགས་ནི་འཇང་ས་དམ་དང་། གཡས་ཕྱོགས་ནི་རྨུ་ལི་རྫོང་གི་ཕྱོགས་སུ་འགྲོ་ས་ཡིན་པའི་ལམ་ཁ་དབྲག་ཅིག་ཏུ་སླེབས། གཡས་ཕྱོགས་ནས་ཆུ་བོ་མ་ཆེ་མ་ཆུང་ཞིག་བཞུར་ཡོང་བའི་ལུང་པར་ཡུན་རིང་འགྲོ་མ་དགོས་པར། འོ་ཡ(མགོ་ཡག །བོང་གཡག)འཇང་རིགས་གྲོང་སྡེ་ཆེན་པོ་མིག་ལམ་དུ་མངོན་བྱུང་།

ཐབ་འགྲམ་གྱི་མཆོད་སྟེགས།
ཆུ་བོའི་ཕ་རོལ་དུ་གནའ་ཉམས་དོད་པའི་གྲོང་སྡེ་ཆེན་པོ་ཞིག །ཆུ་བོའི་ཚུར་རོལ་ལ་ད་ཉམས་བཀྲ་བའི་འདུ་ར་ཆུང་ངུ་ཞིག །དེའི་བར་ལ་ཆུ་བོ་ཞིག །ཆུ་བོའི་ཐོག་ལ་ཟམ་པ་ཞིག
འཇང་རིགས་བུ་མོ་མཛེས་མ་ཞིག་གིས་བདག་གཉེར་བྱེད་པའི་མགྲོན་ཁང་དུ་ཚུགས་བབ་རྗེས། འཇང་རིགས་ཀྱི་བྲོ་བ་ལྡན་པའི་ཁ་ཟས་ཤིག་བཟས།གནམ་ངོ་ཧ་ཅང་ཡག །ཉི་མ་ཤིན་ཏུ་ཚ། ས་ཆ་དྲོ་ས་ཁོ་ན་ལ་ཡོད་པའི་འབུ་ཙན་རན་རན་ཞིག་རྩིག་ངོས་སུ་བབ་སྟེ། གཤོག་པ་ལྷན་ལྷན་དུ་རྡེབ་ཀྱིན་ཙན་རན་རན་་་་་ཞེས་རྣ་བ་གཟེར་བའི་སྒྲ་བཏང་ཡང་། དེ་ནི་ང་རང་ཆུང་དུས་ནས་འདྲིས་པའི་འབུ་དང་གོམས་ཤིང་ལོབས་པའི་སྒྲ་ཞིག་ཡིན། འཇང་རིགས་ཀྱི་བྲོ་བ་ལྡན་པའི་ཁ་ཟས་བཟས་པས། འཇང་རིགས་ཀྱི་གྲོང་པར་ཟས་རིན་འཚོལ་དུ་འགྲོ་དགོས། རྒྱུས་མེད་ཀྱི་ཡུལ་ལ་རྒྱུས་ལོན་བྱེད་དགོས་ན། རྒྱུས་ཡོད་ཀྱི་མི་ཞིག་ཡོད་དགོས་པས། རྨུ་ལི་རྫོང་ན་ཡོད་པའི་གྲོགས་པོ་ཞིག་གིས་འབྲེལ་བ་བྱས་པ་ལྟར། འཇང་རིགས་གྲོང་སྡེ་ཆེན་པོའི་སྡེ་དཔོན་གྱིས་སྣེ་ཁྲིད་དེ་གྲོང་པ་ནང་སོང་། གྲོང་པ་ནང་འགྲོ་འགོ་ཚུགས་པ་ནི་ལོ་རྒྱུས་ཀྱི་གླེགས་བམ་ཞིག་གི་གླེགས་ཐག་བཀྲོལ་བ་དང་འདྲ། དེ་སྔོན་ཤིང་ཟམ་ཡིན་ཡང་དེང་སང་ཨར་འདམ་ལ་བསྒྱུར་ཟིན་པའི་ཟམ་པ་དེ་བརྒལ་ནས་འགྲོ་དུས། ཟམ་པའི་ཁ་ལ་ཡོད་པའི་ཚོང་ཁང་ཆུང་ངུ་ཞིག་གི་སྒོ་ལེབ་ཐོག་ལ་སྟག་གི་རི་མོ་བྲིས་ཡོད་པ་ཞིག་མཐོང་། ཚོང་ཁང་དེའི་གཡས་ཕྱོགས་ཀྱི་རྡོ་སྐས་ལ་འཛེགས་ཏེ་མཐོ་སར་སླེབས་དུས། འཇང་རིགས་གྲོང་སྡེ་ཆེན་པོ་ནི་ལྷུན་ཆགས་ཀྱི་བྲག་གདོང་ཆེན་པོ་ཞིག་གི་རྒྱབ་དང་གཡས་གཡོན་ལ་ཆགས་པ་ཞིག་རེད་འདུག

གྲོང་པའི་དར་ཅོག
ས་ཆ་སོ་སོ་ལ་ཡུན་རིང་མིན་ཅི་རིགས་ཀྱི་རྗེས་ཤུལ་ཡོད། དེ་ནི་ཡུལ་མི་རྣམས་ཐོག་མར་གང་ནས་ཇི་ལྟར་བྱུང་ཚུལ་རྗེས་སུ་དྲན་བྱེད་ཅིག་ཡིན་པས། ཚང་མས་རྗེས་ཤུལ་དེ་དག་ནི་ལོ་རྒྱུས་ཀྱི་བདེན་དཔང་དུ་བཟུང་སྟེ་གཞན་ལ་ངོ་སྤྲོད་བྱེད་སྲོལ་ཆགས་པ་ལྟར། གྲོང་སྡེའི་སྡེ་དཔོན་གྱིས་ཀྱང་ང་བྲག་གདོང་དེའི་ཐོག་ལ་ཁྲིད་དེ་ཁང་པ་རྙིང་པ་ཞིག་ངོ་སྤྲོད་བྱས།གནའ་སྔོན་མར་ས་ཆ་འདི་ནི་མི་མེད་ལུང་སྟོང་ཞིག་ཡིན། ལོ་ངོ་བཞི་བརྒྱ་ཙམ་གྱི་སྔོན་ལ། འཇང་ས་དམ་རྒྱལ་པོའི་གཉེར་པ་ཞིག་ལོ་རེར་འདི་གར་རི་དྭགས་རྔོན་དུ་ཡོང་། ཁོ་ཡིས་དྲོ་གྲང་བདེ་བའི་ས་ཆ་འདིར་ལོ་ཏོག་ཡག་པོ་སྨིན་པ་ཤེས་ཏེ། ཕྱིར་ལོག་ནས་འཇང་ས་དམ་རྒྱལ་པོ་ལ་ཞུས་ཏེ་ཆོག་མཆན་ཐོབ་རྗེས། འཇང་མི་ཚོ་པ་ཞིག་ཁྲིད་དེ་གནས་འདི་ན་གནས་བཅས་པས། ས་དམ་རྒྱལ་པོས་འོ་ཡ་ཞེས་ཆོག་་མཆན་གནང་བ་ལྟར་ས་མིང་ལ་འོ་ཡ་གྲོང་ཞེས་ཐོགས་པ་དང་། ཁང་རྙིང་འདི་ནི་གྲོང་པ་དབང་སྒྱུར་མཁན་གཉེར་པ་དེའི་རྗེས་ཤུལ་རེད་ཟེར། ལ་ལ་ཡིས་གྲོང་པ་འདི་ནི་རྡོ་ཕ་བོང་གཡག་འདྲ་བོ་ཞིག་གི་ཐོག་ན་ཆགས་པས་གྲོང་མིང་ལ་བོང་གཡག་ཟེར་བ་རེད་ཅེས་བཤད་ཀྱང་།
དེ་གཉིས་ཀ་ནི་ཨུ་ཚུགས་ཀྱིས་བསྒྲིགས་པའི་གཏམ་ཞིག་རེད། ང་ཡིན་ན་དེ་གཉིས་ཀ་ལ་མི་འཐད་དེ། ས་ཆ་འདི་ནི་འདབ་པ་རྫོང་གི་མགོ་ཡག་ཐང་དང་འབྲེལ་ནས་ཡོད་པས་མགོ་ཡག་གྲོང་ཞེས་ཐོགས་པ་མིན་ནམ་སྙམ།

པར་ཤིང་།
ཉི་མ་ཧ་ཅང་དྲོ་བས་འབུ་ཙན་རན་རན་ཞིག་གིས་ཙན་རན་རན་་་་་་་ཞེས་སྒྲ་བཏང་སྟེ་གནམ་གཤིས་དེ་ལས་དྲོ་བའི་སྣང་བ་ཞིག་སྟེར། གྲོང་པའི་འདབས་སུ་བཞུར་བའི་ཆུ་བོ་དེ་ལ་སྟག་ཆུ་སྟེ། འཇང་མིའི་སྐད་ནང་སྟག་ལ་བླ་དང་ཆུ་ལ་ཅུ་ཟེར་བས་བླ་ཅུ་ཞེས་འབོད། ཆུ་དེ་ལུང་པའི་ཕུ་ནས་ཤག་སྒྲ་དང་བཅས་སྟག་མོ་མཆོངས་པ་དང་འདྲ་བས་མིང་ཡང་དེ་ལྟར་ཐོགས་པ་རེད་ཟེར། ཆུ་བོའི་ཕ་རོལ་གྱི་རི་སྐེད་ལ་མ་རྨོས་ལོ་ཏོག་རྣམས་ལྗང་ཐིང་ངེར་སྐྱེས་ཤིང་། བར་བར་དུ་མི་འགའ་ཡིས་ལས་ཀ་ལས་བཞིན་ཡོད་པ་དང་། རི་ལམ་དུ་དྲེལ་དེད་ནས་ཡར་འགྲོ་མར་འོང་བྱེད་མཁན་ཡང་མཐོང་། བསིལ་རླུང་དལ་བུར་ལྡང་བ་དང་བསྟུན་ནས་ཞིང་ནང་བཏབ་པའི་ལུད་ཀྱི་དྲི་མ་སྣ་ལམ་དུ་འཛུལ་ཞིང་། དྲེལ་གྱི་སྐེ་དྲིལ་གྱི་སིང་སྒྲ་རྣ་ལམ་དུ་གྲག །དེ་ནི་ཞིང་ལས་རིག་གནས་དར་བའི་རོང་ས་ཁོ་ན་ལ་ཡོད་པའི་རྣམ་པ་ཞིག་རེད།
འཇང་རིགས་གྲོང་སྡེ་ཆེན་མོའི་གྲོང་མི་ཚོས་དུས་རྒྱུན་དྲེལ་བཀོལ་སྤྱོད་བྱེད་པ་ནི། དྲེལ་ནི་རྟ་དང་མི་འདྲ་བར་གསོ་སླ་ཞིང་ནད་འགོས་དཀའ་བ་དང་། ཤེད་ཤུགས་ཆེ་ལ་ལམ་གཟར་མོར་འགྲོ་མཁས་པས། གནའ་ནས་བཟུང་འཇང་མི་ཚོའི་བློས་ཐུབ་ཀྱི་གྲོགས་པོ་ལྟ་བུར་གྱུར། བློས་ཐུབ་ཀྱི་གྲོགས་པོ་དེས་འཇང་མི་ཚོའི་ལོ་རྒྱུས་རིག་གནས་རྒྱབ་ཏུ་ཁུར་ཏེ་རྒྱང་རིང་ནས་འོངས་ཤིང་། འཚོ་བའི་སྐྱིད་སྡུག་རི་ཆུར་བྲིས་པ་རེད།

རྡོ་བརྐོས།
ཁང་རྙིང་དེའི་རྒྱབ་ནི་འཇང་རིགས་གྲོང་སྡེ་ཆེན་པོར་རྒྱང་ལྟ་བྱེད་ས་ཡག་པོ་ཞིག་རེད། འདམ་བག་དང་རྡོ། ཤིང་གི་ཀ་བ་དང་གདུང་མ་བཅས་ལས་གྲུབ་པའི་འཇང་ཁང་རྣམས་ནི་བརྩེགས་གསུམ་ཅན་རེད། དུད་ཁ་ཉིས་བརྒྱ་ལྷག་ཙམ་ཡོད་པའི་འཇང་རིགས་གྲོང་སྡེ་ཆེན་པོའི་ཁང་པ་རྣམས་ཀྱི་བར་ལ་རྟ་དྲེལ་ལ་དོ་པོ་བཀལ་ནས་ཐར་བ་ཙམ་ལས། དེ་མིན་སྟོད་སྨད་དང་གཡས་གཡོན་ཚང་མ་གཅིག་ལ་གཅིག་མཐུད་དེ་དུད་ཁ་གཅིག་གི་ཁང་སྟེང་ནས་དུད་ཁ་གཞན་ཞིག་གི་ནང་ལ་འགྲོ་ཆོག་པ་ནི། བུང་བས་སྦྲང་ཟོམ་ནང་བཞེངས་པའི་བུང་ཚང་དང་ཧ་ཅང་འདྲ། དེ་ནི་གནའ་མི་ཚོས་འབའ་འབུ་སེམས་ཅན་རྣམས་ཀྱི་ཤེས་རབ་ལ་ལད་མོ་བྱས་ཏེ། མཉམ་གཅིག་ཏུ་ཕྱི་དགྲ་འགོག་ཐུབ་པར་འཛུགས་སྐྲུན་བྱས་པའི་ཁང་པའི་ཁྱད་ཆོས་རེད། དུད་ཁ་སོ་སོའི་སྒོ་ཁར་དར་ལྕོག་རེ་དང་ཁང་སྟེང་དུ་ལ་བཙས་རེ་བཞེངས་འདུག །ལ་བཙས་ལ་ཤིང་ཕུང་གི་ཡལ་ག་དང་ཁ་དབྲག་རྩེ་གསུམ་ཅན་རེ་བཙུགས་པ་དང་། འགྲམ་ལ་རྡོ་དཀར་པོ་ཡང་མཆོད་འདུག །འཇང་མི་ཚོས་ཀྱང་དེ་དག་ལ་དར་ལྕོག་དང་ལ་བཙས་ཞེས་འབོད། དེ་མིན་ཁང་སྟེང་གི་གདུང་མར་ཕག་ཤ་རྙིང་པ་དང་མ་རྨོས་ལོ་ཏོག་མང་པོ་དཔྱངས་ཡོད་པ་ནི། རྡོ་ཁང་ལ་རྒྱན་ཆ་སེར་པོ་ཞིག་བཏགས་པ་དང་འདྲ།
ས་གཞི་རུ་འཚོ་སྟངས་གང་འདྲ་ཞིག་ཡོད་ན། དེ་དང་མཐུན་པའི་སྡོད་གནས་ཤིག་ཡོད། འཚོ་བ་རུ་སེམས་ཁམས་འདུ་ཤེས་གང་འདྲ་ཞིག་ཡིན་ན། སྡོད་ཁང་གི་ཕྱི་ནང་དུ་དེ་འདྲའི་རྟགས་མཚན་ཞིག་བཀྲ་ངེས།

འགོ་ཡག་གྲོང་པའི་སྟོན་པ།
གྲོང་པའི་སྡེ་དཔོན་ཁེ་ཟོའམ་རྒོད་ཟོ(འཇང་སྐད་དང་མི་ཉག་གི་སྐད་ནང་ཁྱི་ལ་ཁེ་ཟེར་བ་དང་། འཇང་སྐད་ནང་སྐྱེས་པ་ལ་ཟོ་ཟེར་བས་ཁེ་ཟོ་ཞེས་པ་ནི་བོད་སྐད་དུ་ཁྱི་ཕྲུག་ཅེས་པའི་དོན་དང་འདྲ་ཡང་། སྡེ་དཔོན་གྱིས་ཁོ་ལ་རྒོད་ཟོ་ཞེས་པ་ནི་བྱ་རྒོད་པོའི་བུ་ཞེས་པའི་དོན་རེད་ཟེར)ནི་འཇང་སྐད་དང་རྒྱ་སྐད་གཉིས་ཀ་ཤེས་མཁན་ཞིག་རེད། ཁོའི་ཕྱིའི་རྣམ་པ་དང་གཤིས་ཀ་ལ་བལྟས་ན་བོད་མི་ཞིག་དང་ཧ་ཅང་འདྲ་བས། འཛེམ་སྣང་དང་དོགས་པ་ཅི་ཡང་མི་དགོས་པར་ཁང་རྙིང་དེའི་ཟུར་གྱི་གྲིབ་བསིལ་དུ་བསྡད་དེ་ཡུན་རིང་པོར་ཁ་བརྡ་བྱས་པ་ཡིན།
འཇང་མི་ཚོས་ཁོ་རང་ཚོ་ལ་ནག་ཧེ་ཞེས་འབོད། ནག་ཧེ་ཞེས་པ་ནི་ནག་གཤིས་ཟུར་ཆག་པ་འདྲ། ལོ་རྟགས་བཅུ་གཉིས་བརྩི་སྟངས་ནི་རིམ་བཞིན་དུ་ཧྥུ། འུ། བླ། ཐོ་ལེ། རུལ། ཞུས། དབྲལ། ཡུས། རི། ཡ། ཁེ། འབོ་ཞེས་བྱི་བ་ནས་འགོ་བཙུགས་ཏེ་ཕག་ནས་བསྡུས་པ་བོད་ཀྱི་བརྩི་ལུགས་དང་གཅིག་པ་རེད། དེ་དག་ལས་བྱ་ལ་ཡ་ཟེར་བ་ནི་བོད་སྐད་དུ་ཁུ་བྱུག་ལ་ཁུ་ཡུག་ཅེས་འབོད་པ་དང་འདྲ་ལ། ལུག་ལ་ཡུག་ཅེས་པ་ནི་ཁམས་ཀྱི་རོང་ས་འགའ་ཞིག་ཏུ་ལ་ནི་ཡ་རུ་འདོན་པ་དང་གཅིག་པ་རེད། དེ་མིན་ཁོང་ཚོའི་སྐད་ནང་བོད་པ་ལ་དགུ་རྫི། སྐྱེས་པ་ལ་ཟོ་དང་བུད་མེད་ལ་མིག །རྟ་ལ་དབྲལ། འབྲི་ལ་འབི། ར་ལ་འཚེར། རྩྭ་ལ་བཟི། གནམ་ལ་རྨུ། ཉི་མ་ལ་ཉི་མས། ཟླ་བ་ལ་ཧེ་མས། སྐར་མ་ལ་གུ། བསང་བཏང་བ་ལ་ཁྲུས་བང་འབྱེད། རྡོ་ཕ་བོང་ལ་རུ་སྒྲིལ། སེམས་པ་དཀར་པོ་ལ་ནེ་ནེ་དཀར་དང་སེམས་པ་ནག་པོ་ལ་ནེ་ནེ་ནག་ཅེས་ཟེར། བུད་མེད་ལ་མིག་ཅེས་པ་ནི་ངའི་ཕ་ཡུལ་གྱི་སྐད་དུ་བུད་མེད་གཟུགས་ཆུང་ཆུང་ལ་ཉག་མིག་ཅེས་འབོད་པ་དང་། བོད་མི་ཚོས་དཀར་པོ་ནི་ཡག་པོ་དང་ནག་པོ་ནི་བཙོག་པར་བརྩིས་པ་ལྟར། འཇང་མི་ཚོས་ཀྱང་སེམས་པ་དཀར་པོ་ལ་ནེ་ནེ་དཀར་དང་སེམས་པ་ནག་པོ་ལ་ནེ་ནེ་ནག་ཅེས་པ་ནི། སྐད་ཆ་ཡིས་བསམ་གཞིག་བྱེད་སྟངས་དང་བསམ་བློའི་འདུ་ཤེས། རིག་གནས་གོམས་གཤིས་བཅས་མཚོན་པས། འཇང་མི་ཚོས་ཀྱང་མདོག་དཀར་ནག་གིས་ལས་བཟང་ངན་དང་ཡག་བཙོག་མཚོན་པ་ནི་བོད་མིའི་ལུགས་དང་གཅིག་པ་རེད། གང་ལྟར། འཇང་སྐད་ནང་བོད་སྐད་དང་ཡོངས་སུ་མཚུངས་པའམ་ཆ་འདྲ་བ་མང་པོ་ཡོད་པས། གྲངས་ཉུང་མི་རིགས་མང་པོ་ནི་ཆུ་མགོ་གཅིག་ལས་མཆེད་པའི་ཆུ་ཕྲན་མང་པོ་ལུང་པ་སོ་སོར་འབབ་པའི་ཚུལ་དེ་མཐོང་བྱུང་།

འཇང་མིའི་གྱོན་ཆས།
ཉི་མས་ཉིན་གཅིག་གི་རིང་ལ་ཚ་རླབས་ཆེ་བའི་འོད་ཟེར་གྱིས་རི་ཆུ་དྲོས་རྗེས་གནས་སྐབས་སུ་ལ་མོ་བརྒྱབ་སོང་། རི་མགོར་ལས་ཀར་སོང་བའི་སྐྱེས་པ་ཚོས་དྲེལ་དེད་པ་དང་། བུད་མེད་ཚོས་རྒྱབ་ལ་སླེ་བོ་ཁུར་ནས་གྲོང་པའི་ཕྱོགས་སུ་འཁོར་ཡོང་གིན་འདུག །དུད་ཁ་སོ་སོའི་ཁང་སྟེང་དུ་དུ་བ་སྔོ་ལྷོག་ལྷོག་ཏུ་འཕྱུར་བ་ནི། ལས་ལ་བུད་པའི་གྲོང་མི་རྣམས་ལ་ལག་བརྡ་བརྒྱབ་པ་དང་འདྲ། ངས་ཉིན་ཕྱེད་ཀྱི་རིང་ལ་གྲོང་སྡེའི་སྡེ་དཔོན་དང་ཁ་བརྡ་བྱས་རྗེས། སྟག་གི་རི་མོ་མཐོང་བ་ལྟར་འཇང་མི་རྣམས་ཀྱི་ཕྱིའི་རྣམ་པ་ཙམ་ལས་ནང་ཁོག་ལ་རྒྱུས་ལོན་བྱེད་མ་ཐུབ་མོད། ཕྱི་ཉིན་སྔ་མོ་ནས་འཇང་རིགས་གྲོང་པའི་དོན་ལྔ་སྣོད་དྲུག་འཚོལ་ཞིབ་བྱེད་ཐག་བཅད་དེ་ཕྱིར་འབབ་ཚུགས་སུ་ལོག
དགོང་མོ་དེར། འཇང་རིགས་ལས་བྱེད་པ་འགའ་དང་མཉམ་དུ་ཆང་འཐུང་ཞོར་དུ་འཇང་དང་བོད་ཀྱི་ཡུལ་སྲོལ་གོམས་གཤིས་སྐོར་ལ་ཁ་བརྡ་མང་པོ་བྱས་ཡོད། ཁོང་ཚོ་ཡང་ང་དང་འདྲ་བར་ཆང་གིས་ཁ་སྒོ་ཕྱེ་རྗེས། གཏམ་མང་པོ་སྦ་གསང་མེད་པར་བཤད་མཁན་རྐྱང་རྐྱང་རེད། ང་ཚོའི་བར་དུ་མི་འདྲ་ས་ནི་ཁ་ནས་བཤད་པའི་ཕ་སྐད་ཙམ་ལས། དེ་མིན་སེམས་ཁམས་དང་གཤིས་ཀ་ཧ་ཅང་འདྲ་བས། ཡུན་རིང་མ་མཇལ་བའི་གྲོགས་པོ་ཚོ་གློ་བུར་དུ་ལྷན་དུ་འཛོམས་པ་ལྟར་དགའ་སྤྲོ་ཆེན་པོ་སྐྱེས།

འཇང་མིའི་བུད་མེད་ཀྱི་གྱོན་ཆས།
ཞོགས་པའི་ཉི་ཟེར་མགོ་ཡག་གྲོང་པའི་རི་རྩེར་ཕོག་པ་དང་། དུད་ཁ་སོ་སོའི་ཁང་ཐོག་ལས་དུ་བ་སྔོ་ལྷོག་ལྷོག་ཏུ་འཕྱུར། སྐྱེས་པ་རྣམས་ཀྱིས་ཕྲག་པར་ཁུག་མ་ཁུར། ལག་པས་དྲེལ་ཁྲིད། བུད་མེད་ཚོས་རྒྱབ་ལ་སླེ་བོ་ཁུར། ལག་པས་ཡོ་བྱད་བཟུང་སྟེ་གྲོང་འདབས་ཀྱི་ཟམ་པ་བརྒལ་ནས་ལས་ཀར་བུད་པ་བཅས་ལས། གྲོང་པའི་ཡོད་ཚད་གཉིད་ལས་སད་དེ་ཉིན་གཅིག་གི་འགོ་བརྩམས་པ་ཤེས།
གྲོང་མི་རྣམས་ནི་གྲོང་པའི་ཕྱི་རོལ་དུ་ཞིང་ལས་སམ་ཚོང་ལས་ལ་བུད་པ་རེད་ལ། ང་ནི་གྲོང་པའི་ཕྱི་རོལ་ནས་ལང་ལོགས་སུ་འཇང་མི་ཚོའི་འགྲོ་འདུག་འཆག་ཉལ་གྱི་གནས་ཚུལ་འཚོལ་དུ་འགྲོ་བ་ཡིན།

འཇང་མིའི་སྡོད་ཁང་།
གྲོང་པའི་བར་ལ་རྣ་ལམ་དུ་གྲག་རྒྱུ་ནི་དྲེལ་གྱི་སྐེ་དྲིལ་གྱི་སྒྲ་དང་། བྱ་དེ་ཕོའི་སྐད། བ་བེའུ་ཡི་ངུར་སྒྲ་རེད་ལ། སྣ་ལམ་དུ་ཁྱབ་རྒྱུ་ནི་དྲེལ་རྟུག་དང་ཕག་སྐྱག །བ་གླང་གི་ལྕི་བའི་དྲི་མ་རེད། མིག་ལམ་དུ་མངོན་པ་ནི་ངོ་མདོག་དམར་སྨུག་ཏུ་ཆགས་ཤིང་མགོ་ལ་རྒྱ་ཞྭ་ལྗང་མདོག་ཅན་གྱོན་པའི་གྲོང་མི་རྒན་པ་ཚོ་རེད། ལོ་ངོ་སུམ་ཅུ་ལྷག་ཙམ་གྱི་སྔོན་ལ། དྲིན་ཆེན་ཕ་ཡབ་ཅིག་གིས་བུ་ཞིག་ལ་རྟ་དྲེལ་ལ་སྒ་སྟན་རྒྱག་སྟངས་དང་དོ་པོ་འགེལ་ཚུལ། ཁ་ལོ་བསྒྱུར་ལུགས་བསླབས་ཤིང་། རྟ་དྲེལ་གྱི་ཁ་ཡི་སོ་ལ་བལྟས་ནས་ན་སོ་ཆེ་ཆུང་བརྟག་ཐབས་བསྩལ། དྲིན་ཆེན་མ་ཡུམ་ཞིག་གིས་ཞིང་ནང་ས་བོན་འདེབས་སྟངས་དང་ཡུར་མ་ཡུར་ཚུལ་བསླབས་པས། ཆུང་དུས་ནས་སྒོ་ཟོག་དང་འབྲུ་རིགས་ལ་གོམས་ཤིང་འདྲིས་ཀྱང་། བུ་དེ་ནར་སོན་རྗེས། རྟ་ཐོག་ནས་གླུ་དབྱངས་ལེན་མཁན་དང་ཞིང་ཁ་ནས་བོད་བྲོ་འཁྲབ་མཁན་ཞིག་ནས། ལག་པས་སྨྱུ་གུ་བཟུང་སྟེ་ཤོག་དཀར་ངོས་སུ་ཕ་ཡུལ་གྱི་སྐྱིད་སྡུག་འབྲི་མཁན་ཞིག་ཏུ་གྱུར།
གྲོང་གསེབ་ནས་སྐྱེས་པའི་མི་ཞིག་ཡིན་ན། དབང་པོའི་ཡུལ་དུ་གྱུར་པ་དེ་དག་ནི། ཧ་ཅང་རྒྱུས་ཡོད་དང་སེམས་པ་གཡོས་པ་ཞིག་རེད། དོན་དུ། ཕ་ཡུལ་གྱི་བྲོ་བ་དང་དྲི་མ་ཞེས་པ་ནི་དེ་ལྟ་བུ་ཞིག་ཡིན་དགོས་ཏེ། ཆུང་དུས་ནས་མིག་ནང་འདྲིས་ཤིང་ལུས་ལ་འགོས་པ་དང་། སྣ་ལ་གོམས་ཤིང་རྣ་བར་འཇགས་པ་རྣམས་ལོ་ན་ཚོད་དང་བསྟུན་ནས་དྲན་གདུང་ཇེ་ལྕི་དང་ཇེ་ལྕི་རེད།

འཇང་མིས་དྲེལ་དེད་ནས་ལས་ཀར་འགྲོ་བ།
དུད་ཁ་སོ་སོའི་སྒོ་ཁར་དར་ལྕོག་རེ་བཞེངས་འདུག །དེའི་འདབས་ལ་ཁུག་མ་རེ་བཏགས། ཁུག་མའི་ནང་ལ་ཕག་ཤ་དང་འབྲུ་རིགས་བཅུག་ཡོད་པ་ནི། མི་ཤི་རྗེས་དར་ལྕོག་བཞེངས་པ་དང་ཚེ་འདས་ལ་བརྫངས་པའི་ཟས་སྐལ་རེད་ཟེར། དར་ལྕོག་གི་ནང་དོན་ནི་མ་ཎི་འབྲུ་དྲུག་རེད་ལ་དར་ལྕེ་འདོགས་སྲོལ་ཡང་བོད་དང་གཅིག་པ་རེད། ཁང་པའི་བརྩེགས་དང་པོའི་རྡོ་སྐས་ལ་འཛེགས་ཏེ་བུད་ན། གཙོ་བོར་མི་འདུག་ས་དང་ཟ་མ་གཡོས་སྦྱོར་བྱེད་ས་ཡིན་པའི་བརྩེགས་གཉིས་པར་སླེབས། ཁང་པའི་དཀྱིལ་ཀ་ཡན་ཆད་ཀྱི་ཁང་མིག་ཕྱེད་ཀ་ཙམ་ཐབ་ཀ་ཡིས་ཟིན། ཐབ་ཀའི་གཡོན་ཕྱོགས་ནི་རྒན་པ་རྣམས་བཞུགས་ས་དང་། གཡས་ཕྱོགས་ནི་བུད་མེད་དང་ལོ་ཆུང་ཚོ་འདུག་ས་རེད། གྱང་ངོས་སུ་སྟག་གི་པར་སྦྱར་ཡོད་པ་མཐོང་། ཐབ་ཀའི་ཟུར་ལ་འཇང་མི་ཚོས་རི་འབེ་ཞེས་འདམ་བག་ལས་བཞེངས་པའི་མཁར་རྫོང་ཆུང་ངུའི་རྣམ་པ་དང་འདྲ་མོ་ཞིག་ཡོད་པ་དེ་ནི། མེས་པོ་རྣམས་ལ་མཆོད་པ་འབུལ་ས་ཡིན་པས། དུས་རྒྱུན་དུ་སྔ་མོར་དེའི་ཐོག་ལ་ཟས་སྣ་འབུལ་སྲོལ་ཆགས། ཐབ་ཀ་ཐོག་གི་གདུང་མར་ཕག་གི་ལྒང་བ་ཞིག་དཔྱངས་འདུག །ངའི་ཕ་ཡུལ་ལྟར་ན། ཕག་ལྒང་ནང་གི་གཅིན་ཕྱུངས་རྗེས་དབུགས་བརྒྱབ་སྟེ་ཐབ་ཀ་ཐོག་དཔྱངས་ནས་སྐོམ་བཅུག་པ་དང་།
དེ་ནས་དེའི་ནང་ཕག་ཚིལ་སོགས་བླུགས་ཏེ་ཉར་ཚགས་བྱེད་སྲོལ་ཞིག་ཡོད་མོད། འཇང་མི་ཚོས་དེ་ནི་མེ་འགོག་བྱེད་རེད་ཟེར་བ་ལྟར་ན། ཐབ་ཀ་ལས་འཕྱུར་བའི་མེ་ཚག་ཕག་ལྒང་ལ་ཕོག་རྗེས་འཐོར་འགྲོ་བས་མེ་ཡི་ཁ་གནོན་དུ་དཔྱངས་པ་ཡིན་པ་འདྲ། རི་འབེ་ཞེས་མཁར་རྫོང་གི་རྣམ་པ་དང་འདྲ་བའི་མེས་པོར་མཆོད་པ་འབུལ་ས་དེ་ལས། བོད་པ་དང་འཇང་རིགས། སྤྱང་མི་སོགས་ཀྱིས་བཞེངས་པའི་མཁར་རྫོང་ནི། དམག་འཐབ་ཁོ་ནའི་ཆེད་དུ་མིན་པར་ཆོ་ག་སྒྲུབ་སའང་ཡིན་པ་ཤེས་ཐུབ། འཇང་མི་ཚོས་གྲོང་འདབས་ཀྱི་ཆུ་ལ་སྟག་ཆུ(བླ་ཅུ)ཟེར་བ་དང་། ཁང་པའི་ཕྱི་ནང་ལ་སྟག་གི་རི་མོ་བྲིས་པའམ་པར་སྦྱར་བ་དང་། གཞི་བདག་གི་མིང་ལ་བླ་ཙོག(སྟག་ཙོག་སྟེ་སྟག་ཙོག་པུར་འདུག་པ་ལྟ་བུའི་རི)ཟེར་བ་ནི། སྤྱང་མི་ཚོ་ལྟར་འཇང་མི་ཚོས་ཀྱང་སྟག་ལ་དད་བཀུར་བྱེད་པའི་རྟགས་ཤིག་རེད་འདུག་སྟེ། འཇང་གི་མེས་པོ་ཚོས་རང་བྱུང་ཁམས་ནི་སྟག་གི་ཤ་ཁྲག་རུས་གསུམ་གྱི་འབྲེལ་བ་ལྟར་ཆགས་པར་འདོད་པས་རེད།

ཕག་གི་སེའུ།
མེས་པོ་ལ་དད་ཅིང་བཀུར་བའི་མི་རིགས་ནི་ནམ་ཡང་མདུན་ལམ་ཡོད་པའི་མི་རིགས་ཞིག་རེད་ཅེས་བཤད་མི་ཕོད་མོད། མེས་པོ་མི་བརྗེད་པའི་མི་རིགས་ནི་ཅིས་ཀྱང་བརྩི་ཞིང་བཀུར་དགོས་པ་ཞིག་རེད།
ཀུན་གྱིས་གྲོང་གསེབ་ཀྱི་ཁང་པ་ནི་མི་སེར་རྣམས་ཀྱི་འཚོ་བའི་ལོ་རྒྱུས་ཤིག་ཡིན་ལ། མི་སེར་ཚོས་ཅི་ཞིག་ལས་པ་དང་གང་ཞིག་འདོད་པ་ཚང་མ་ཁང་པའི་ཕྱི་ནང་ལས་གསལ་པོར་བཀྲ་ཡོང་ཟེར། འཇང་མི་ཚོས་ཁང་པ་ལས་ཏེ་བརྩེགས་རེ་རེ་འགྲུབ་དུས་རྟེན་འབྲེལ་སྒྲིག་པའི་ལུགས་སྲོལ་འདུག །ཁྱད་པར་དུ་བརྩེགས་གཉིས་པ་འགྲུབ་དུས་དུད་ཁ་སོ་སོས་ཆང་སེར་པོ་དང་སྒོ་ང་། འབྲུ་རིགས་སོགས་ལེགས་སྐྱེས་སུ་ཕུལ་རྗེས། མེ་ཕུང་བསྐོར་ཏེ་གླུ་ལེན་གར་འཁྲབ་ཀྱིས་རྟེན་འབྲེལ་ཞུས་པ་དང་། ཁང་པའི་དཀྱིལ་ཀར་དར་ཚོན་སེར་པོ་དང་སྔོན་པོ། དམར་པོ། དཀར་པོ་བཅས་བཏགས་པ་ཡིས། ས་ཆུ་མེ་རླུང་དང་ནམ་མཁའ་བཅས་རང་བྱུང་ཁམས་ཀྱི་རྟེན་འབྲེལ་མ་འཁྲུགས་པ་མཚོན་པ་ནི། ངའི་ཕ་ཡུལ་གྱི་ལུགས་སྲོལ་དང་གཅིག་པ་རེད། གནའ་ཆགས་ཀྱི་མི་རིགས་ཤིག་ཡིན་ན། གནའ་ནས་རང་བྱུང་ཁམས་དང་འབྲེལ་འདྲིས་བྱས་པ་ལས་ཆོས་ལུགས་དད་མོས་དང་ཡུལ་སྲོལ་གོམས་གཤིས་དར་བ་རེད། འཇང་མི་ཚོས་དད་པ་བྱེད་ས་ནི་སྟོན་པ་གཤེན་རབ་མི་བོ་ཆེའི་བོན་ལུགས་ཡིན་པས། གྲོང་པ་ནང་སྟོན་པ་ཞེས་ཆོ་ག་སྒྲུབ་མཁན་ཉི་ཤུ་ལྷག་ཙམ་འདུག །ཁོང་ཚོའི་ལས་ཀ་ནི་འཇང་རིགས་ཀྱི་འདྲ་གཟུགས་ཡི་གེའི་ཐོག་ནས་འདས་མཆོད་སྒྲུབ་པ་དང་། གཞི་བདག་ལ་ལྷ་བསང་གཏོང་བ། གཡང་སྒྲུབ་པ་བཅས་རེད། འཇང་རིགས་ཀྱི་འདྲ་གཟུགས་ཡི་གེ་ནི་གྲོང་པ་ནང་གི་སྟོན་པས་བྲིས་ཤིང་བཏོན་ཏེ་རྒྱུན་འཛིན་བྱེད་བཞིན་ཡོད་པས་སྟོན་པའི་ཡེ་གེ་ཞེས་འབོད། ཡིག་འབྲུ་ཆིག་སྟོང་བཞི་བརྒྱ་ལྷག་ཙམ་ཡོད། དཔེར་ན། སྟོན་པ་ཡི་འདྲ་གཟུགས་ཡི་གེ་ནི་རིགས་ལྔ་ཅོད་པན་བཞེས་པའི་མི་མགོ་ལྟ་བུ་ཞིག་དང་སྒྲ་གདངས་སུ་སྟོན་པ་ཞེས་འདོན། ཉི་མ་དང་ཟླ་བ་ཡི་འདྲ་གཟུགས་ཡི་གེ་ནི་ཉི་ཟླའི་རྣམ་པ་དང་འདྲ་མོ་རེད་ལ། གྲོང་པའི་སྟོད་དུ་འདྲ་གཟུགས་ཡི་གེ་བསྐོས་པའི་རྡོ་འབུམ་ཞིག་ཀྱང་སྣང་། འདྲ་གཟུགས་ཡི་གེ་དེ་དག་ནི་སྟོན་པའི་རིག་གནས་དང་བསྟུན་ནས་དར་བ་ཡིན་ལ། སྟོན་པའི་རིག་གནས་ཀྱང་འདྲ་གཟུགས་ཡི་གེ་ལ་བརྟེན་ནས་རྒྱུན་འཛིན་བྱེད་པ་ཡིན་པས། དེ་གཉིས་ཀ་ནི་དར་ན་མཉམ་དར་དང་རྒུད་ན་མཉམ་རྒུད་དུ་འགྱུར་བ་ཞིག་རེད། མི་རིགས་ཤིག་གི་ཡི་གེ་ནི་ཆོས་ལུགས་དང་འབྲེལ་བ་ཡོད་ལ། མི་སེར་རྣམས་ཀྱི་འཚོ་བ་དང་ཡང་འབྲེལ་བ་ཡོད་དགོས་པ་ཞིག་རེད། ཆོས་ལུགས་ཀྱིས་དེའི་ཚེ་ཐག་རིང་དུ་བཏང་ཞིང་། འཚོ་བ་ཡིས་དེའི་ནང་དོན་ཕུན་སུམ་ཚོགས་པར་བྱེད།

སོམ་སྐུད།
དུད་ཚང་ཞིག་གི་ནང་ལ་འགྲོ་དུས། མིང་ལ་ཀྲང་ཀྲང་ཝ་ཀོང་ཟེར་བ་དེ་ནི་ཁོ་ཚང་གི་སྟོན་པ་རེད་འདུག །སྟོན་པ་ཚོས་ཆོ་ག་སྒྲུབ་དུས་སྐེད་ལ་འདོགས་རྒྱུའི་བྱ་ཁྱུང་དང་གའུ། རྡོ་རྗེ་སོགས་ལ་འཇང་སྐད་ནང་ཡང་དེ་ལྟར་འབོད། སྟོན་པ་དེས་ཟེར་བ་ལྟར་ན། ཁང་སྟོན་དང་གཉེན་སྟོན། འདས་མཆོད་སོགས་སོ་སོའི་འདོན་ཆ་མི་འདྲ། འཇང་རིགས་ཡིན་ན་མི་ཞིག་ཚེ་ལས་འདས་རྗེས་ཚང་མ་མེ་ནང་བཏང་བ་རེད། གྲོང་པའི་རྒྱབ་ལ་དུར་ས་ཞིག་ཡོད་པ་ལས། སྟོད་ལ་དུས་སུ་ཤི་བ་དང་སྨད་ལ་གྲི་ཤིར་སོང་བའི་ཕུང་པོ་མེ་ལ་གཏོང་ས་རེད་འདུག །ཚེ་འདས་སྐྱེས་པ་ཡིན་ན་བུད་ཤིང་ཁུར་པོ་བཅུ་གཅིག་དང་དགུ། བུད་མེད་ཡིན་ན་ཁུར་པོ་བདུན་བཅས་གྲངས་ཀ་ཡ་ལས་ཆ་ཁུར་སྲོལ་ཡོད་མ་རེད་ཟེར། སྟོན་པས་ང་ཚོའི་མེས་པོ་ཐོག་མར་འབྲུ་ནག་རག་རག་འབྲུ་ཞེས་པ་ནས་ཡོང་བ་ཡིན་པས། ཚེ་འདས་ཀྱི་རྣམ་ཤེས་ས་ཚུགས་རེ་རེ་བཞིན་དེད་དེ་གནས་དེ་ན་སྐྱེལ་དགོས་པ་རེད། འབྲུ་ནག་རག་རག་འབྲུ་ཞེས་པ་ནི་རི་བོ་ཧི་མ་ལ་ཡ་ལ་གོ་དགོས་པ་རེད་ཟེར། ཁོང་ལ་འདྲ་གཟུགས་ཡི་གེ་ཐོག་ནས་བྲིས་པའི་འདོན་ཆ་ཤོག་ལེབ་སྣ་རིང་མ་འགའ་འདུག །ངས་རེ་བ་ཞུས་པ་ལྟར་ཁོང་གིས་ཁང་སྟོན་དང་གཉེན་སྟོན་སོགས་རྟེན་འབྲེལ་སྒྲིག་པའི་སྐབས་སུ་འདོན་རྒྱུའི་ཤོག་ལེབ་འགའ་བླངས་ཏེ། ཧ་ཅང་བྱང་ཆ་ལྡན་པའི་སྒོ་ནས་ཚར་གཅིག་བཏོན་སོང་། ངས་ནང་དོན་ཅི་ཡང་མ་གོ་མོད། སྟོན་པ་ཁོང་གི་སྒྲ་གདངས་དང་ཉམས་འགྱུར་གྱིས་འཇང་རིགས་མེས་པོ་ཚོའི་བློ་གྲོས་རིག་པ་ལ་ཧ་ལས་བཅུག་སོང་།གལ་སྲིད་སྟོན་པ་དང་སྟོན་པའི་རིག་གནས་མེད་ན། འདྲ་གཟུགས་ཡི་གེ་འདི་དག་ཀྱང་ལོ་རྒྱུས་ཀྱི་ཆུ་བོས་རྒྱང་དུ་དེད་ཚར་ནའང་སྲིད།
སྟོན་པ་ཚང་ལས་བུད་དེ་དུད་ཁ་གཞན་ཞིག་གི་ཕྱོགས་སུ་འགྲོ་དུས། སྒོ་ཁར་བུད་མེད་ཅིག་འཕང་འཁེལ་ལ་བྲེལ་བཞིན་ཡོད་པ་དང་། བུད་མེད་གཞན་ཞིག་གིས་སོམ་ལྤགས་བཤུ་བཞིན་ཡོད་པ་དང་ཕྲད། དུད་ཁ་དེའི་ཁྱིམ་སྒོ་ཐོག་ལ་བྱ་རྒྱལ་ཁྱུང་དང་བོད་ཡིག་འགའ་བརྐོས་པའི་རྡོ་ལེབ་ཅིག་དཔྱངས་ཡོད་པ་མཐོང་། སོམ་ཞེས་པ་ནི་ངའི་ཕ་ཡུལ་གྱི་ཡུལ་སྐད་རེད། དེ་ལ་ཕོ་སོམ་དང་མོ་སོམ་ཞེས་གཉིས་ཡོད། ཕོ་སོམ་གྱི་པགས་པ་བཤུས་ཏེ་སྐུད་པ་འཁེལ་ཆོག་ལ། མོ་སོམ་གྱི་འབྲས་བུ་བརྡུངས་ནས་བསྐོལ་ན་འཐུང་ཆོག་པ་ཞིག་ཡིན། འཇང་མི་ཚོས་དེ་ལ་གསའ་ཞེས་འབོད། ཁོ་ཚོས་སོམ་ལྤགས་བཤུས་ཏེ་རྒྱུ་དང་། འཇང་སྐད་དུ་འབྲི་ཕུ་ཞེས་མེ་ལེན་བྱེད་ཀྱི་སྤྲ་བ་ལྟ་བུའི་ལྡུམ་བུ་དེའི་རྒྱབ་ལྤགས་ཀྱིས་སྤུན་བྱས་ཏེ། སྟོད་གོས་དང་སྨད་གཡོགས་བཏགས་སྲོལ་དར། ངས་ཁོ་ཚོའི་ཆ་ལུགས་ལ་ལྟ་འདོད་ཆེ་སྟེ་གྲོང་པའི་སྡེ་དཔོན་ལ་རེ་བ་ཞུས་པ་ན། ཅུང་མ་འགོར་བར་ཁྱིམ་ཚང་གཅིག་གི་བཟའ་ཚང་གཉིས་དང་བུ་བུ་མོ་བཅས་ཀྱིས་འཇང་མིའི་ཆ་ལུགས་སྤྲས་ཏེ་ང་ཚོ་ཡོད་སར་སླེབས་བྱུང་།
སྐྱེས་པ་ཚོའི་སྲོལ་རྒྱུན་གྱི་གྱོན་ཆས་ནི་བོད་གོས་ལྟར་སྟོད་སྨད་གཉིས་ཀ་ཡུག་གཅིག་ཏུ་སྦྲེལ་བ་ཞིག་རེད། བུད་མེད་ཚོའི་སྟོད་གོས་ནི་བོད་མི་ཚོའི་སྟོད་གོས་དང་འདྲ། སྨད་གཡོགས་ཀྱང་ཆགས་སྲུབ་མང་པོ་ཡོད་པ་ཞིག་རེད། བུད་མེད་ཚོའི་མགོ་རྒྱན་ནི་དཀྱིལ་དུ་དངུལ་སྒོར་སྒོར་ཆེན་པོ་ཞིག་དང་། དེའི་མཐའ་སྐོར་ལ་སྒོར་སྒོར་ཆུང་ངུ་དྲུག །དེའི་འགྲམ་ལ་བོད་པའི་མཇུབ་དཀྲིས་རྟ་སྒ་འདྲ་མོ་མང་པོ་སྦྲེལ་འདུག །རྒྱབ་ལ་རས་དམར་རིང་པོ་ཞིག་བཏགས་ཡོད་པ་བཅས་ནི་ཉི་ཟླ་སྐར་གསུམ་གྱི་མཚོན་བྱེད་རེད་ཟེར། གྲངས་ཉུང་མི་རིགས་ཚོའི་དད་མོས་རིག་གནས་ཀྱི་མཚོན་རྟགས་ནི་མགོ་རྒྱན་ལས་གསལ་པོ་ཤེས་པ་ལྟར། འཇང་མི་ཚོས་ཀྱང་སེམས་ཀྱི་དད་འདུན་ལུས་ལ་བཏགས་པ་ནི། མི་རིགས་ཤིག་གི་རིག་གནས་གཞན་ལ་བཤམས་སྟོན་བྱེད་པ་དང་འདྲ།
འཇང་རིགས་ཀྱི་འདྲ་གཟུགས་ཡི་གེ་དང་གྱོན་ཆས་རྣམས་མིག་ལམ་དུ་འཆར་ཞིང་མུ་མཐུད་དུ་གྲོང་པ་ནང་སྐོར་ར་རྒྱག་དུས། རྒན་རྒོན་འགའ་ཡིས་འཁར་བ་ལ་བརྟེན་ཏེ་གྲོང་པ་ནང་འགྲོ་སྐྱོད་བྱེད་པ་དང་ཕྲད། འགའ་ཞིག་སྒོ་ཁར་འདུག་སྟེ་བག་ལྷོད་པོས་སྔོ་དུ་འཐེན་བཞིན་འདུག །སྒོ་ཁར་ལངས་པའི་མི་རྒན་ཞིག་གིས་ང་ལ་ལག་བརྡ་བརྒྱབ་ཅིང་ཁ་ནས་རྡབ་བེ་རྡིབ་བེས་ཅི་ཞིག་བཤད་པ་མཐོང་། ཁོང་གི་ཆ་ལུགས་དང་ཉམས་འགྱུར་ལ་བལྟས་ན་དབང་པོ་སྐྱོན་ཅན་ཞིག་ཡིན་པ་འདྲ། ངས་མི་རྒན་དེ་ཚོ་དང་ཁ་བརྡ་ལྷོད་པོ་ཞིག་བྱེད་འདོད་མོད། གཅིག་ནི་གོ་བརྡ་མི་འཕྲོད་ལ་གཉིས་ནི་གོ་བརྡ་འཕྲོད་ཀྱང་། ཁོང་ཚོའི་སེམས་གཏིང་དུ་འཛུལ་ཐུབ་པའི་གདེང་ཚོད་མ་རྙེད།
གྲོང་པའི་སྡོད་ཁང་དང་འགྲོ་ལམ། བཟའ་ཆས་དང་ཆ་ལུགས་གོམས་སྲོལ་མཐོང་དུས། མི་མང་པོས་བདེ་སྐྱིད་ཅེས་པའི་ཡིག་འབྲུ་གཉིས་ཀྱིས་ཁོང་ཚོའི་མི་ཚེ་འཇལ་སྲིད་མོད། ཁོང་ཚོས་རྐང་རྩེ་རྡོ་ལ་བརྡར་ཏེ་གྲོང་པའི་ཕྱི་ནང་གི་ལམ་བཏོད་པ་དང་། མཛུབ་རྩེ་བྲག་ལ་གཏད་དེ་ཁང་པ་གཅིག་ཐོག་གཉིས་སུ་བརྩེགས་པ་ཡིན་པས་ང་ཁོ་ཚོ་ལ་དགའ་ཞིང་གུས། མ་གཞིར་ང་ལ་ཤར་ཕྱོགས་སྟོན་པའི་རླབས་ཆེན་གྱི་བསམ་བློ་མེད་ལ། སྦྱིན་པ་གཏོང་བའི་རྒྱུ་ནོར་དབང་ཐང་ཡང་མེད་མོད། ལག་པ་སྐེད་པར་གཟེད་དེ་རྫིག་ཉམས་སྟོན་མཁན་གྱི་ངོ་ལ་མིག་ཟུར་ཙམ་ཡང་འཕངས་མ་མྱོང་། མགོ་བོ་ཐུར་ལ་བསྒུར་ཏེ་འཚོ་ཚིས་ལ་འབད་པའི་ཉམས་ཆུང་ཅན་རྣམས་ལ་ཚིག་མདའ་ཙམ་ཡང་འཕེན་མི་སྲིད།
ནམ་ཉི་མ་ཞིག་ལ། ང་ཚོའང་རྒ་བའི་ཁུར་པོས་མནར་ངེས་ཀྱང་། དེ་དུས་སེམས་པ་འཇོག་སའི་གནས་མལ་དང་། དབང་པོ་ཚིམ་བྱེད་ཀྱི་ཕ་སྐད་ཀྱི་སྙན་ཆ་ཡོད་མེད་སུ་ཡིས་ཤེས། གྲོང་པ་ཞིག་ཆགས་པ་ནས་བཟུང་། རྒན་གཞོན་དར་གསུམ་ལས་འཇོན་ཐང་ཅན་ཡོད་ངེས་ལ། ཉམ་ཆུང་ནུས་མེད་ཀྱང་ཡོད་སྲིད། རིག་པ་ཀློང་དུ་བརྡོལ་མཁན་ཡོད་དགོས་ལ། དབང་པོ་སྐྱོན་ཅན་ཡང་ཡོད་ཆོག །དེ་ལ་ད་གཟོད་སྐྱིད་སྡུག་རེས་སུ་འཁོར་བའི་འཇིག་རྟེན་མི་ཡི་འཚོ་བ་ཟེར།

སྟོན་པའི་འདྲ་གཟུགས་ཡི་གེ།
གྲོང་པའི་ནང་དུ་བུ་མོ་འགའ་ཞིག་གིས་ཁ་པར་བཟུང་སྟེ་ཐད་གཏོང་བྱེད་བཞིན་ཡོད་པ་དང་ཕྲད། ཐད་གཏོང་གི་ནང་དོན་ནི་འཇང་རིགས་ཀྱི་སྡོད་ཁང་གི་ཁྱད་ཆོས་དང་ཡུལ་སྲོལ་གོམས་གཤིས་ཕུད། བཤད་རྒྱུ་ཆེས་མང་བ་ནི་འཇང་མི་ཚོའི་ཁྱོ་མང་ཤུག་གཅིག་གམ་ཤུག་མང་ཁྱོ་གཅིག་གི་གཉེན་ལམ་ལུགས་སྲོལ་དེ་རེད། བུ་སྤུན་གཉིས་ལ་མནའ་མ་གཅིག་བསླངས་པ་ལ་ཁྱོ་མང་ཤུག་གཅིག་དང་། བུ་མོ་སྤུན་གཉིས་ལ་བུ་ཐང་གཅིག་བསླངས་པ་ལ་ཤུག་མང་ཁྱོ་གཅིག་ཟེར། ཁམས་ཀྱི་ས་ཆ་མང་པོར་ལུགས་སྲོལ་དེ་ཡོད་མྱོང་ཞིང་། ལ་ལ་ཡིས་དེ་ལ་འཕོང་འབྱར་ཟེར། འཇང་རིགས་ལ་དེ་སྔོན་ལུགས་སྲོལ་དེ་དར་ཆེ་བས། ཕྱི་རོལ་གྱི་མི་རྣམས་ལ་མཚར་སྣང་ཆེ་སྟེ་དོགས་འདྲི་རྩད་གཅོད་བྱེད་མཁན་མང་པོ་རེད། བདག་འཛིན་ཆེ་བའི་མི་རྣམས་ཀྱིས། རང་ཉིད་ཀྱི་རིག་གནས་གོམས་སྲོལ་ཚད་ཐིག་ཏུ་བྱས་ཏེ། གཞན་ལ་སྔོན་ཐོན་དང་རྗེས་ལུས་ཞེས་དབྱེ་བ་འབྱེད་པར་དགའ། དོན་དུ་སུ་ཞིག་སུ་ཡི་རྗེས་སུ་ལུས་པ་རེད། གང་ཞིག་གང་གི་སྔོན་དུ་ཐོན་པ་རེད་ཅེས་དྲིས་ན། དེ་ནི་སྒེར་སེམས་ཆེ་བའི་རྟགས་ཙམ་ལས་གནད་དུ་ཕོག་པའི་ལན་ཞིག་སུ་ལའང་བཤད་རྒྱུ་མེད་དོ། །ལུགས་སྲོལ་དེ་ཡོད་མྱོང་ལ་ཡོད་ཀྱང་ཆོག་པས། ཐད་གཏོང་བྱེད་མཁན་རྣམས་ཀྱིས་དྲང་ཕྱོགས་འབུར་དུ་བཏོན་ཏེ་གསལ་གསལ་དུ་གཏང་རྒྱུ་དང་། ལྡོག་ཕྱོགས་ལོགས་སུ་བཀར་ཏེ་གཟབ་གཟབ་ཀྱིས་བཤད་རྒྱུ་ནི་གལ་ཆེ་བ་ལས། མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ཚང་མ་ཨ་མཚར་མཚར་དགུ་རུ་བརྩིས་ཏེ། ལ་བཤད་ལུང་བཤད་བརྒྱབ་པ་ནི། ཕ་ལ་འགྲམ་ལྕག་དང་བུ་ལ་རྐུབ་ལྕག་བཞུས་ཏེ་ངོ་ཚ་ཉོས་པའི་ལས་ཤིག་རེད།
ཉི་མ་སེར་པོས་ཉིན་གཅིག་ཙམ་གྱི་རིང་ལ་ང་དང་འགྲོ་རོགས་བྱས་རྗེས། རི་སྐེད་ལ་རྒྱབ་གཟུགས་ནག་རིལ་ཞིག་འཐེན་སོང་། སྔ་མོར་སླེ་བོ་སྟོང་པ་ཁུར་ཏེ་སོང་བའི་བུད་མེད་ཚོས་རྒྱབ་ལ་ཁུར་པོ་ལྗིད་མོ་རེ་ཁུར་ཏེ་ཕྱིར་ཁྱིམ་ནང་ལོག་འོང་གིན་འདུག སྔ་མོར་དྲེལ་སྟོང་དེད་དེ་སོང་བའི་སྐྱེས་པ་ཚོས་དྲེལ་ལ་དོ་པོ་མགོ་ལས་མཐོ་བ་བཀལ་ཏེ་སིར་སྒྲ་དང་བཅས་ཕྱིར་གྲོང་པར་ལོག་ཡོང་གིན་སྣང་།

གྲོང་པའི་སྟོན་པས་འདོན་ཆོག་ཀློག་བཞིན་པ།
གྲོང་འདབས་ཀྱི་གད་པར་སྐྱེས་པའི་མེ་ཏོག་དབང་ལག་ཚོས་མུ་མཐུད་ནས་ཚ་གདུང་དང་གྲང་ངར་གཉིས་ཀ་བཟོད་ཐུབ་པའི་ཉམས་ཤིག་བསྟན།
གྲོང་འདབས་ཀྱི་ཆུ་ཁ་རུ་གཡོན་ཕྱོགས་སུ་ཆད་མེད་དུ་འཁོར་བའི་ཆུ་འཁོར་ལས་འབྲུ་རིགས་ཀྱི་དྲི་མ་ཞིམ་པོ་ཞིག་ཁྱབ།ང་དེ་ན་ཡོད་དུས་ཀྱི་ཕྱི་ཉིན་ལ། གྲོང་པའི་སྟོན་པ་ཚོ་མཉམ་དུ་འཛོམས་ནས་ཆར་པ་འབེབས་པའི་ཆོ་ག་བསྒྲུབ་རྒྱུ་རེད་ཟེར། ཉིན་མོ་དེར་ང་ཕྱིར་ཕ་ཡུལ་དུ་ལོག་པ་ཡིན། སྟོན་པ་ཚོས་ཆར་པ་ཕབ་ཐུབ་མིན་མི་ཤེས་མོད། ངའི་མིག་ལམ་དུ། ཆར་པ་ཟིམ་ཟིམ་ཞིག་འབབ་དུས། ལྗང་མྱུག་རྣམས་ནེམ་ནེམ་དུ་གཡོ་བ་དང་། འཇང་མི་རྣམས་འཛུམ་འཛུམ་དུ་དགོད་ཅིང་། ཆར་པ་ཆད་རྗེས། འཇའ་ཚོན་སྣ་ལྔ་ཡིས་གྲོང་པའི་རི་ཆུ་སྦྲེལ་ཞིང་། རི་ཆུའི་བར་ལ་འདྲ་གཟུགས་ཡི་གེ་མང་པོ་ཁྲ་ལམ་ལམ་དུ་ཤར་བྱུང་། །
འབྲེལ་ཡོད་འོས་སྦྱོར།