logo

བོད་མིའི་འཚོ་བའི་ཁྲོད་ཀྱི་གཡུའི་སྤྱོད་སྒོ་དང་མཚོན་དོན་སྐོར།

རྩོམ་པ་པོ།:ཕུར་སྲུང་སྐྱབས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2025-09-15 ཀློག་གྲངས།:
བོད་མིའི་འཚོ་བའི་ཁྲོད་ཀྱི་གཡུའི་སྤྱོད་སྒོ་དང་མཚོན་དོན་སྐོར་ལ་ཅུང་ཟད་དཔྱད་པ།
ཕུར་སྲུང་སྐྱབས།

ནང་དོན་གནད་བསྡུས། དཔྱད་རྩོམ་འདིའི་ནང་དུ་བོད་ཀྱི་གཡུའི་རིག་གནས་ཀྱི་འབྱུང་ཁུངས་དང་རིན་ཐང་། དད་མོས། བོད་མིའི་འཚོ་བའི་ཁྲོད་ཀྱི་སྤྱོད་སྒོ། མཚོན་དོན་སོགས་ཆོས་འབྱུང་ལོ་རྒྱུས་སྔ་ཕྱི་དག་ལ་གཞི་བཅོལ་ཞིང་རང་གི་འདོད་ཚུལ་གང་དེས་ཟུར་བརྒྱན་ཏེ། གཡུ་ནི་བོད་བཙན་པོའི་རྒྱལ་རབས་ཀྱི་དུས་ནས་བཟུང་ཆབ་སྲིད་དང་། དཔལ་འབྱོར། ཆོས་ལུགས། དམག་འཐབ་སོགས་སུ་མེད་དུ་མི་རུང་བའི་དངོས་པོ་རྩ་ཆེན་ཞིག་དང་། བོད་ཀྱི་རིག་གནས་ཁྲོད་གྲུབ་ཆ་གལ་ཆེན་བཟུང་ཡོད་ཚུལ་སོགས་ཀྱི་སྐོར་ལ་དཔྱད་པ་བཏང་ཡོད།
བརྡ་ཆད་གཙོ་བོ། གཡུ། འབྱུང་ཁུངས། དད་མོས། རིན་ཐང་།

གླེང་གཞི།
       སྤྱིར་གཡུ་ཞེས་པ་ནི་གཏེར་ཁ་ནས་ཐོན་པའི་རིན་པོ་ཆེ་མདོག་ལྗང་གུ། དབྱིབས་སྣ་ཚོགས་ཡོད་པ། རྡོ་ལྟར་སྲ་བ། རྒྱན་ཆ་བྱེད་ཆོག་པ་ཞིག་ཡིན།[1]གཏེར་རྫས་རིག་པའི(矿物学)[2]ངོས་ཐད་ནས་གཡུ་ནི་མུ་ཟི་དང་། ཟངས་རྡོའི་གཡའ་དྲེག་ལ་ཆགས་པའི་དངོས་པོ་ཞིག་ཡིན་པར་བཤད། བྱེ་བྲག་ཏུ་གཡུ་ནི་བོད་ཡུལ་དུ་དར་སྔ་བའི་ལོ་རྒྱུས་བཤད་ཚུལ་ཡོད་ལ། དེ་ཡང་མཚོ་ལྷོ་ས་ཁུལ་ནས་ཐོན་པའི་རྫོང་རིའི་གནའ་ཤུལ་བང་སོ(宗日文化遗址)[3]ལས་ཐོན་པའི་རྒྱན་ཆའི་རིགས་དང་། ལྷག་པར་དུ་གཡུ་རྙིང་མང་པོ་རྙེད་པས་བང་སོ་འདི་ལ་ལོ་ངོ་ལྔ་སྟོང་ཡས་མས་ཀྱི་ལོ་རྒྱུས་ལྡན། འདི་ལས་ང་ཚོས་ཤེས་ཐུབ་པ་ཞིག་ནི་རྡོ་ཆས་གསར་མའི་དུས་སྐབས་ནས་བཟུང་མི་རྣམས་ཀྱིས་གཡུ་ལ་བཟུང་བའི་འདུ་ཤེས་དང་། སྐབས་དེའི་གཡུའི་རིན་ཐང་དང་གོ་བབ། སྤྱོད་སྒོ་སོགས་བསྟན་ཡོད་ལ། རིམ་གྱིས་སྤྱི་ཚོགས་འཚོ་བའི་འཕེལ་འགྲོས་དང་བསྟུན་ནས་གཡུ་ཡི་རིན་ཐང་ཆེན་པོར་ཆགས་པ་དང་། གཡུ་ནི་བོད་མིས་རིན་པོ་ཆེ་རྩ་ཆེན་ཞིག་ཏུ་ངོས་འཛིན་བྱེད་ལ། གཡུའི་རིག་གནས་དེ་བོད་མིའི་འཚོ་བའི་རིག་གནས་ཁྲོད་འདྲེས་ཡོད་པ་གསལ་བོར་ཤེས་ཐུབ།
དང་པོ། གཡུ་ཡི་འབྱུང་ཁུངས།
       «རིན་པོ་ཆེ་བརྟགས་ཐབས་མདོར་བསྡུས»ལས། “གཡུ་རྐྱང་དྲུག་དཀར་དྲུག་དམར་བར་གཡུ་དང་། །མཆིན་ཁ་ལ་སོགས་གཡུ་ལ་གཏོགས་ཙམ་ལྔ། །སུལ་མེད་དྲེག་མེད་དྲུག་དཀར་དྲུག་དམར་གཉིས། །ཟིལ་གནོན་གཡུ་རྐྱང་ནོར་བུ་སྤུག་ཅེས་གྲགས། །སུལ་མང་དྲེག་ལྡན་གཡུ་རྐྱང་མདོག་འདྲ་ཡང་། །རིན་ཐང་ཆུང་ཞིང་དྲུག་དཀར་དྲུག་དམར་ཟེར། །འབྱུང་ཁུངས་གངས་ཅན་བོད་ཀྱི་བྲག་མ་གཏོགས། །འཛམ་གླིང་ཡུལ་གྲུ་ཀུན་ལས་མི་འབྱུང་བཤད། །འབྲིང་དང་ངན་པ་ཡུལ་གྲུ་ཀུན་ནས་ཐོན། །”[4]ཞེས་མཆོག་ཏུ་གྱུར་བའི་གཡུ་དྲུག་དཀར་དང་དྲུག་དམར་གཉིས་ཀྱང་གངས་ཅན་བོད་ཀྱི་རྡོའམ་བྲག་རི་ལས་འབྱུང་བར་བསྟན་པ་དང་། ཡང«ཤེལ་གོང་ཤེལ་ཕྲེང»དུ། “གཡུ་ནི་མཚོ་མ་དྲོས་པའི་གཏིང་ན་ཡོད་པས། ཟླ་བ་བདུན་པའི་དུས་ཆར་ཞོད་ཆེ་དུས་མཚོ་དང་བོད་གངས་ཅན་དུ་འབབ་པའི་ཆུ་འབྲུབས་པས་རྐྱེན་བྱས་ན་གངས་ཅན་དུ་ཐོར་བུ་འབྱུང་བ་དང་། འགའ་ཞིག་རྒྱ་ནག་དང་ཞང་ཞུང་ནས་ཀྱང་འབྱུང་ངོ་། །”[5]ཞེས་གཡུའི་འབྱུང་ཁུངས་ནི་ཞང་ཞུང་དང་། རྒྱ་ནག བོད་ཡུལ་གསུམ་ཡིན་ཞིང་། གཡུ་རིགས་རྩེ་གྲ་དེ་དག་བོད་ཟླ་བདུན་པའི་ཆར་ཞོད་ཆེ་བའི་དུས་སུ། མཚོ་མ་དྲོས་པ[6]གཙོར་བྱས་པའི་མཚོ་མོ་འགངས་ཆེ་བ་དང་རྡོའམ་རི་བྲག་ལས་འབྱུང་བཞིན་ཡོད་པ་གསལ་བོར་བསྟན། དེ་བས་བོད་ལ་གཡུའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་མེད་ཀྱང་གཡུ་རྩ་བ་ནས་མི་ཐོན་པ་ཡང་མ་ཡིན་ཏེ། གཡུ་ནི་བོད་ཡུལ་གྱི་མཚོ་དང་གནས་རིའམ་བྲག་རི་འགངས་ཆེ་བ་གཉིས་ཀ་ནས་བྱུང་བ་གོང་གི་དཔྱད་གཞིའི་རྒྱུ་ཆ་དག་ལས་གསལ་བོར་ཤེས།
གཉིས་པ། གཡུའི་རིན་ཐང་དང་དེ་ལས་མངོན་པའི་དད་མོས།
       གཡུའི་དད་མོས་ནི་གདོད་མའི་དུས་སྐབས་ནས་དར་ཡུན་ཤིན་ཏུ་རིང་བའི་བོད་ཀྱི་རིག་གནས་ཤིག་ཡིན་ཏེ། དེ་ནི་གཙོ་བོ་བླའི་ཆོ་གའི་རིག་གནས་དང་། རི་ཆུའི་རིག་གནས་སོགས་ཀྱི་ཁྲོད་དུ་མི་རྣམས་ཀྱི་དད་མོས་དང་འདྲེས་ཡོད། དུས་རྒྱུན་བོད་མིས་བླ་སྡོང་དང་བླ་རྡོ། བླ་རི། བླ་མཚོ་ལ་སོགས་པ་དད་རྟེན་དུའང་བརྩི་བར་མ་ཟད། དེ་དག་གནས་དམ་པར་བཟུང་ནས་ཕྱག་མཆོད་འབུལ་བའི་སྲོལ་ཡང་ཡོད། གཡུ་ལུས་ལ་བཏགས་ན་བླ་ཇེ་བརྟན་དུ་ཡོང་བ་དང་། ལྷག་པར་བགྲེས་སོང་དང་སྦྲུམ་མ། ནད་པར་མཚོན་ན་བླ་ཤིན་ཏུ་སྙོམ་པས། གཡུ་ལུས་ལ་བཏགས་ན་ཕན་ནུས་ཆེ་བར་བཤད། «གཏམ་ཤུལ་དགའ་ཐང་འབུམ་པ་ཆེ་ནས་རྙེད་པའི་བོན་གྱི་གནའ་དཔེའི་ཞིབ་འཇུག»ཏུ། “གཤེན་པོ་ཕ་བ་མཚེ་གཅོ་དེས། བརླ་གཡུ་འོད་དཀར་གྱི་རྗེ་ཡི་སྐུ་ཕྱ་བཀུག རྗེ་ཡི་ཐུགས་ཀར་བརླ་གཡུ་བཏགས། བདུད་བཙན་ལག་ནེས་བརླ་ཚེ་བཀུག”[7]ཅེས་བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོའི་སྐུ་དུས་སུ། སྐུ་གཤེན་གཤེན་པོ་ཕ་བ་མཚེ་གཅོ་ཟེར་བ་ཞིག་གིས་བདུད་ཀྱི་ལག་ནས་རྒྱལ་པོའི་བླ་ཚེ་འགུག་པའི་སྐབས་སུ་སྐེ་ལ་བླ་གཡུ་བཏགས་ནས་བཀུག་ཚུལ་བརྗོད་ཡོད་པ་དང་། བླ་འགུག་གི་ཆོ་ག་ནི་གནའ་སྔ་མོ་ཞིག་ནས་རང་ཅག་གི་ཡུལ་གྲུ་འདི་རུ་དར་ཡོད་པ་མངོན་གསལ་དུ་སྣང་བ་མ་ཟད། བླ་དང་བླའི་ཆོ་ག་དེ་ནི་བོད་ཀྱི་གདོད་མའི་བོན་པོའི་ཆོས་ལུགས་སུ་གོ་གནས་ཆེན་པོ་བཟུང་ཡོད་པ་ཤེས། «ཁུ་བྱུག་སྔོན་མོའི་གསུང་སྙན»ལས། “སྟངས་ཀྱི་ཕྱ་ཉམས་ན། བླ་གཡུ་འོད་ཆེན་དེ་ལ་བླན།”[8]ཞེས་སྐྱེས་པ་ཕོ་ཡི་གཡང་ཉམས་ནས་བླ་འཁྱམས་པ་སོགས་ཕྱུགས་ལ་གོད་ཁ་འབྱུང་བ་དང་། ནད་ཀྱིས་མནར་བ་སོགས་བཀྲ་མི་ཤིས་པའི་སྣང་ཚུལ་སྣ་ཚོགས་པ་འབྱུང་དུས། བླ་གཡུ་འོད་ཆེན་དེ་ལ་བརྟེན་ནས་བླ་ཚུར་འགུགས་པར་བཤད་ལ། དེ་ཉིད་ལས། “ནམ་མཁའི་སྙིང་པོ་གཡུ་ཡིན་པས། སྙིང་པོ་གཡུ་ལ་བརྟེན་ནས་ཕྱ་ཅིག་འགུགས།”[9]ཞེས་ཕྱྭ་གཡང་འགུགས་པའི་ཆོ་གའི་ནང་དུ། གཡུ་ནི་ངེས་པར་ཏུ་མཁོ་བའི་མཆོད་རྫས་གལ་ཆེན་ཡིན་པ་དང་དེ་ལ་བརྟེན་ནས་ཕྱྭ་གཡང་འགུགས་དགོས་པ་ཤེས།
       ཡང«མདའ་དང་འཕང»དུ། “བོན་གྱི་ཆོ་གའི་སྐོར་གྱི་དཔེ་ཆ་ཞིག་གི་ནང་དུ། དེ་ནས་དབུ་ལ་ལ་ཐོད་བཅིངས། །ཁ་གསེར་ཁ་གཡུ་ཞལ་དུ་མུར། །གསེར་དང་གཡུ་ཡི་སྒྲོན་མེ་བཏགས། །མདའ་དར་ཕྱར་ལ་འདི་སྐད་དོ། །”[10]འདི་ལ་མཁས་དབང་མཁར་རྨེའུ་བསམ་གཏན་གྱིས་འདི་ལྟར་འགྲེལ་བཤད་བྱས་ཡོད་དེ། ཁ་གསེར་དང་ཁ་གཡུ་ཞེས་པ་དེ་གཉིས་ནི་ཆང་དང་ཇའི་མཆོད་པར་ཡང་གོ་བ་ཡིན་སྟེ། གསེར་བླུགས་པའི་ཕོར་པའི་ནང་དུ་ཆང་ངམ་ཇ་མཆོད་ཕུལ་བར་གསེར་སྐྱེམས་དང་། གཡུ་ཆུང་བླུགས་པའི་ཕོར་ནང་དུ་ཇ་མཆོད་ཕུལ་བར་གཡུ་སྔོན་ཞེས་ཟེར། ཆོ་ག་སྤེལ་མཁན་གྱིས་ཁ་ནང་དུ་གསེར་གཡུ་འཇོག་པའམ། ཡང་ན་གསེར་གཡུ་མཉམ་བསྲེས་ཀྱིས་ཆོ་ག་སྤེལ་བ་ཡིན་པར་བཤད། དེ་ཉིད་ལས། “བླ་བསླུའི་ཆོ་ག་སྤེལ་སྐབས། མཆོད་གནས་སམ་སྔགས་པ་དེས་བླ་གཡུ་དེ་བླ་བསླུ་ཡུལ་གྱི་སྐྱེ་བོ་དེའི་སྐེ་ལ་འདོགས་འདོགས་པ་དང་། བླ་བསླུ་ཡུལ་གྱི་སྐྱེ་བོ་དེས་ངེས་པར་དུ་བླ་གཡུ་དེ་མི་བརླག་པར་བདག་གཅེས་ཡག་པོ་བྱེད་དགོས་ལ། གལ་ཏེ་བླ་གཡུ་དེ་བརླག་པའམ་ཆགས་སྐྱོན་སོགས་བྱུང་ན་བླ་གཡུའི་བདག་པོའི་སྲོག་ལ་བར་ཆད་འབྱུང་བར་བཤད། བཤད་སྲོལ་ལྟར་ན་བླ་གཡུའི་མདོག་ནི་ཁོར་ཡུག་གི་འོད་མདངས་མི་འདྲ་བའི་ཆ་རྐྱེན་འོག་འགྱུར་ལྡོག་འགྲོ།”[11]ཞེས་བླ་བསླུ་བྱེད་དུས་ཀྱང་གཙོ་བོ་གཡུ་ལ་བརྟེན་ནས་བླ་བསླུ་བྱེད་དགོས་པ་ཤེས་པ་མ་ཟད། གཡུ་དང་བླ་སྲོག་གི་བར་ལ་འབྲེལ་བ་ངེས་ཅན་ཞིག་ཡོད་པ་དང་། གཡུ་བརླག་པའམ་ཆགས་སྐྱོན་སོགས་བྱུང་ཚེ་གཡུའི་བདག་པོའི་ཚེ་སྲོག་ལ་བར་ཆད་འབྱུང་བ་སོགས་ཀྱི་བཤད་ཚུལ་ཡོད་དེ། བླ་བསླུའི་ཆོ་གའི་སྐབས་སུ་གཡུ་ནི་མེད་དུ་མི་རུང་བའི་མཆོད་རྫས་ཤིག་ཡིན་པ་དང་། གཡུ་ལ་བརྟེན་ནས་བླ་འགུགས་པར་བྱེད་པ་ཡིན་པས། གཡུ་དེའི་མིང་ལ་བླ་གཡུ་ཞེས་འབོད། བླ་བསླུ་སྐབས་བླ་བསླུ་མཁན་གྱིས་གཡུ་དེ་ཉིད་བླ་བསླུ་ཡུལ་གྱི་སྐེ་ལ་འདོགས་དགོས་པ་དང་། དེར་བདག་སྐྱོང་ཡག་པོ་བྱེད་དགོས་པ་ཡིན། གང་ཟག་གི་སྟེང་དུ་གནས་ཡོད་པའི་བླ་ནི་ཚེ་སྲོག་གི་རྟེན་གཞི་ཡིན་པ་དང་། དེ་ཉམས་པ་དང་མེད་པར་གྱུར་བ། གདོན་བགེགས་དང་འབྱུང་བོ་སོགས་ཀྱི་གནོད་པར་བྱས་ཚེ། དེ་ཉིད་བསླུ་བར་བརྩོན་དགོས།
གསུམ་པ། བོད་མིའི་འཚོ་བའི་ཁྲོད་ཀྱི་སྤྱོད་སྒོ་དང་མཚོན་དོན།
       གཅིག གོ་ཐོབ་ཀྱི་མཚོན་དོན་གལ་ཆེན་ཡིན་པ།
       དཔའ་མཛངས་དང་ཡ་རབས་ཀྱི་ངང་ཚུལ་ལ་དཔའ་རྟགས་དང་མ་རབས་ལ་སྡར་མའི་མིང་རྟགས་འདོགས་ཚུལ་ནི་བོད་པའི་ཐུན་མོང་གི་ཁྱད་ཆོས་ཤིག་ཡིན། «ཆོས་རྒྱལ་ནམ་མཁའི་ནོར་བུའི་གསུང་འབུམ»དུ། “གཡུང་དྲུང་བོན་གྱི་རྒྱུད་འབུམ་ལས། ཡང་སུམ་པའི་བོན་པོ་སྤེ་ནག་གུ་ཡིས་དགྲ་ལྷ་གསོལ། དགྲ་སྲི་གནན་ནས། ཧོར་ལ་དགོལ་བས་ཧོར་གྱི་རྒྱལ་ཁམས་མངའ་འོག་ཏུ་ཆུད། དེའི་ཆེ་དགེ་དང་ཡིག་རྩང་དུ་གསེར་གྱི་གསས་ཟན་དང་། གཡུའི་སྨན་བཤོས་ཕུལ། གསེར་མདའ་དང་གཡུ་འཕང་བཀའ་རྟགས་སུ་བྱིན་པས། བོན་པོས་གསས་གསང་དང་སྨན་བཤོས་ལྷ་ལ་འཛུགས་པ་དང་། འདའ་འཕང་ལྷ་ལ་རྟེན་འཛུགས་པའང་དེ་ནས་བྱུང་གདའ། ཡང་དེ་ཉིད་ལས། ཡང་རྒྱ་ནག་རྒྱལ་པོས་རྗེའི་སྐུ་ལ་སྡོས་པས། ཞང་ཞུང་གི་བོན་པོ་གྱེར་ཆེན་བཙོ་འཕེན་གྱིས། གསེར་ལ་སྔགས་ནས་བཙོ་འཕངས་པས། རྒྱ་ནག་རྒྱལ་ཁམས་ཐུལ། དེའི་ཆེ་དགེ་དང་ཡིག་རྩང་དུ་རྒྱལ་པོས་གཡུ་ཕྲུགས་གཅིག་ཕུལ། དབུ་ལ་དར་ཐོད་དཀར་པོ་བཅིངས། ད་ལྟ་བོན་པོས་དབུ་ཐོད་འཆིང་བ་དང་། འགུལ་དུ་གསེར་གཡུ་འདོགས་པའང་བརྟན་ཚིགས་དེ་ལྟར་ལགས་སོ། །”[12]ཞེས་པ་དང་། «ཐང་ཡིག་གསར་རྙིང»ལས། “གཡུལ་དུ་ཤི་བ་དཔའ་བོར་བརྩི། ནད་ཀྱིས་ཤི་བ་དམན་པར་བརྩི། ཁྱིམ་གཅིག་ནས་མི་མང་པོ་དམག་ཏུ་ཤི་ན་ཁྱིམ་ཚང་དགའ་མོར་བརྩི། སྡར་མའི་མགོ་ལ་ཝ་ཡི་གཞུ་གུ་བཏགས་ཏེ་མང་མའི་མདུན་ནས་དམོད་འདེབས་ཤིང་། དེ་ནི་ངོ་ཚ་བ་ཞིག་ཏུ་བྱེད་ཅིང་། མིའི་གྲས་སུའང་མི་འཇོག་ལག་པ་ས་ལ་བཙུགས་ཏེ་ཁྱིའི་ལད་མོ་བྱས་ཏེ་གུས་ཕྱག་བྱེད”[13]ཅེས་པ་ལྟར། མི་རིགས་སོ་སོའི་རིན་ཐང་གི་ལྟ་བ་མི་འདྲ་བའི་རྐྱེན་གྱིས་དེའི་མཚོན་བྱེད་ཀྱང་མི་འདྲ། དེའང་བོད་མིའི་སྡར་མའི་ངང་ཚུལ་ཝ་ལྤགས་ཀྱིས་མཚོན་ལ་དཔའ་མཛངས་ཀྱི་ཡོན་ཏན་གཡུ་ཡིས་གཙོ་བོར་མཚོན་པར་བྱེད། འདི་ལས་བོད་མིས་དཔའ་བོར་བཀུར་ཞིང་སྡར་མར་སྡང་བའི་མཛེས་དཔྱོད་ཀྱི་འདུ་ཤེས་གསལ་བོར་ཤེས། དེ་མིན་བོད་ཀྱི་གཡུ་འདི་ཉིད་ནི་ཐོབ་དང་གོ་སར་འབྲེལ་བ་ཡོད་པ་ཞིག་ཡིན་ཏེ། «ལ་དྭགས་རྒྱལ་རབས»ལས། “རྗེ་གཉའ་ཁྲི་བཙན་པོ་ཞེས་མཚན་གསོལ་ཏེ། རིན་པོ་ཆེའི་རྒྱན་དམ་པ་ཡར་ལུང་སོགས། སྐུ་མཁར་ཕྱེ་དབང་སྟག་རྩེ་ན་བཞུགས་ཏེ། མངའ་ཐང་དང་བཀའ་ཁྲིམས་ཀྱིས་སྐུ་རྒྱན་མཛད། འཇིག་རྟེན་ཆོས་བཞིན་དུ་བསྐྱངས་པས། རྒྱལ་ཁམས་བདེ་ཞིང་སྐྱིད། སྐུ་སྲུང་སྡེ་བཞིས་སྐུ་བསྲུངས། རྒོད་ལྡོད་སྡེ་མི་བཞི་བཅུ་རྩ་བཞིས་ནི་ནང་གི་ཆ་ཁ་སྙོམས། སོ་ཁ་བཞིར་ནི་སོ་འཛུགས། ཁྲོམ་ཁ་བརྒྱད་ཀྱིས་ནི་སོ་ཁའི་དགྲ་འདུལ། རོང་དོར་ཁ་བ་སོ་ཉི་ཤུ་རྩ་གཉིས་ཀྱིས་བང་མཛོད་འགྱེངས། ཚོང་འདུས་བཅུ་གཉིས་ནས་ནོར་གྱི་དབྱིག་འབུལ། ལེགས་ཉེས་ཀྱི་བྱ་དགའ་དཔའ་མཛངས་ཀྱིས་ཤན་འབྱེད། ནོངས་ཀྱི་ཆད་པའི་ངན་གཡོའི་ཁུང་སྣུབས། མཛངས་སྣ་ལྔའི་གསེར་གཡུ་དང་ཡིག་ཚང་གིས་བསྟོད། དཔལ་སྣ་ལྔས་སེང་གེ་དང་གུང་སྟག་གིས་བརྒྱན།”[14]ཞེས་བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོའི་དུས་ནས་བཟུང་དཔའ་མཛངས་ཅན་ལ་གསེར་གཡུའི་ཡིག་ཚང་གིས་ཆེ་བསྟོད་བྱེད་སྲོལ་ཡོད་པ་ཤེས། «བོད་ཀྱི་བརྡ་རྙིང་ཡིག་ཆ་བདམས་སྒྲིག»ལས། “ཞུ་པྱག་རྒྱ་པྱེ་སྟེ། གཟིགས་ན། གཡུ་བཟང་པོ་སུམ་ཅུ་ཙམ་ཞིག་བྱུང་སྟེ། །བཙན་པོ་དགོངས་དགོངས་ནས། ཡུ་བུས་ལིག་མྱྀ་དྷྱ་ལ་རྒོལ་ཕོད་ན་ཎི་གཡུ་ཐོགས་ཤིག རྒོལ་མ་ཕོད་ན་ནི་བུད་མྱེད་དང་མཚུངས་ཞུ་གྱོན་ཆིག་ཟེར་བ་ལྟ་ཞེས་བཀའ་སྩལ་ནས་རྗེ་བློན་བློད་དེ། ལིག་མྱྀ་རྷྱའི་སྲིད་བརླག་གོ”[15]ཞེས་འབྱུང་བ་ལྟར་འབུལ་རྟེན་གྱི་རྒྱ་ཞྭ་མོ་བཤིག་ནས་གཟིགས་སྐབས་དེའི་ནང་བོད་གཡུ་རྙིང་པ་ཧ་ཅང་ལེགས་པ་སུམ་ཅུ་ཙམ་ཞིག་བླུགས་ཡོད་པ་གཟིགས། བཙན་པོས་དགོངས་པ་ཡང་ནས་ཡང་དུ་བཞེས་པའི་མཐར་བློན་པོ་རྣམས་ལ་བཀའ་བསྩལ་པ། རང་རེས་ཞང་ཞུང་ལིག་མི་རྒྱ་ལ་ཕར་རྒོལ་བྱེད་ཕོད་ན་གཡུ་ཐོགས། གལ་ཏེ་ཕར་རྒོལ་བྱེད་མ་ནུས་ན་བུད་མེད་དང་མཚུངས་པས་ཞྭ་དེ་གྱོན་ཅིག་ཞེས་པར་གོ་ལ། དེ་བས། བཙན་པོ་སྲོང་བཙན་གྱི་སྐུ་དུས་སུ་དཔའ་མཛངས་ཅན་ལ་གཡུ་ཡི་ཡིག་ཚང་སྤྲད་དེ་ཆེ་མཐོང་ཆེན་པོ་མཛད་ཅིང་། གཡུ་ནི་དཔའ་མཛངས་གཉིས་ཀྱི་མཚོན་རྟགས་གལ་ཆེན་ཞིག་ཡིན་པ་ཤེས།
       ཡང«ཆོས་འབྱུང་མཁས་པའི་དགའ་སྟོན»དུ། “གཡུས་བཟོས་པའི་བྱང་བུའི་ཐོག་གོ་གནས་སོགས་བཀོད་པའི་ཡི་གེ་གཡུའི་ཡིག་ཚང་ལ་རབ་གསེར་གཡུ་གཉིས། འབྲིང་དངུལ་དང་ཕྲ་མེན། ཐ་མ་ཟངས་ཡིག་དང་ལྕགས་ཡིག་སྟེ་དྲུག་པོ་རེ་རེ་ལ་ཆེ་ཆུང་གཉིས་ཕྱེ་བས་བཅུ་གཉིས་ཡོད། དགུང་བློན་ཆེན་པོ་ལ་གཡུ་ཡིག་ཆེན་པོ་གནང༌བ་དང་། དགུང་བློན་འབྲིང་དང་ནང་བློན་ཆེན་པོ་ལ་གཡུ་ཡིག་ཆུང་ངུ༌། བཀའ་བློན་ཐ་ཆུང་དང་བཀའ་ཡོ་གལ་འཆོས་པ་ཆེན་པོ་གསུམ་ལ་གསེར་ཡིག་ཆེན་པོ། ནང་བློན་ཐ་ཆུང་དང་བཀའ་བློན་འབྲིང་ལ་གསེར་ཡིག་ཆུང་ངུ༌། བཀའ་བློན་ཐ་ཆུང་ལ་ཕྲ་མེན་གྱི་ཡི་གེ་གནང༌། གཞན་ཡང་ཆོས་གྲྭའི་སློབ་དཔོན་དང༌། སྐུའི་སྔགས་མཁན། སྟོད་སྨད་ཀྱི་དབང་བློན་རྣམས་ལ་དངུལ་གྱི་ཡི་གེ་ཆེན་པོ་བྱིན། སྐུ་འཚོ་བའི་བོན་པོ། གཟིམ་མལ་བརྩིགས་ཁབ། བྱང་ཐང་གི་ས་མཁན། མཐའི་སོ་ཁ་སྲུང་བ་དང་སྐུ་མཁར་གྱི་རྩེ་སྲུང་སོགས་ལ་དངུལ་ཡིག་ཆུང་བ། ཡབ་འབངས་རུས་དྲུག་སོགས་ལ་མཁར་བའི་ཡི་གེ ། སྟོང་དཔོན་རུ་དཔོན་སོགས་ལ་ཟངས་ཡིག །གཡུལ་དུ་དཔའ་བ་ལ་ལྕགས་ཡིག །”[16]ཅེས་དང་། «ཐང་ཡིག་གསར་མ»ལས། “དཔོན་རྟགས་སུ། གཡུའི་ཡི་གེ་བླ་ན་མཐོ། གསེར་གྱི་ཡི་གེ་དེ་ལས་དམན། ཕྲ་མེན་དེ་ལས་ཀྱང་དམན། དངུལ་དེ་ལས་ཀྱང་དམན། ཐ་མ་ཟངས་སུ་བྱེད་ཅིང་ཆེ་ཆུང་དབྱེ། དེ་རྣམས་དཔུང་པར་བཏགས་ཏེ་མཐོ་དམན་འབྱེད།”[17]ཟེར་བ་ལས་གཡུ་ཡི་ཐོབ་དང་གོ་ས་ཡང་མཚོན་ཏེ། གཡུ་ལ་གཡུང་དྲུང་བརྐོས་པའི་བྱང་བུ་སྟེ། བཙན་པོའི་དུས་སྐབས་སུ་བྱ་དགའི་རྟགས་མར་གནང་བའི་བྱང་བུ་ལ་རིམ་པ་མཐོ་དམན་བདུན་ནི་གཡུ། གསེར། དངུལ། ཕྲ་མེན། ཟངས། ལྕགས་ཡོད་པའི་ནང་ནས་མཐོ་ཤོས་ནི་གཡུ་ཡི་བྱང་བུ་ཡིན་ཅིང༌། དེ་ནི་རྒྱལ་པོའི་བླ་མཆོད་དང༌། དགུང་བློན་ཆེན་པོ་ལ་མ་གཏོགས་གནང་སྲོལ་མེད། བོད་མིའི་སྲིད་ཀྱི་བྱ་བར་མཁས་ཤིང་མཛངས་པའི་བློན་པོ་དང་མི་སྣ་བྱས་རྗེས་ཅན། གཡུལ་ལ་དཔའ་བའི་སྐྱེས་མཆོག་རྣམས་ལ་གཡུའི་ཡིག་ཚང་སྤྲད་དེ་དམིགས་བསལ་གྱི་མཐོང་ཆེན་དང་གོང་བཀུར་བྱེད་པ་དང་། གཡུ་ནི་སྐྱེས་པ་དག་གི་འཇོན་ནུས་སོགས་མཚོན་བྱེད་ཀྱི་ཐོབ་རྟགས་གལ་ཆེན་ཞིག་ཏུ་གྱུར་ཡོད་པས། དེ་ནི་ཐོབ་དང་གོ་ས་མཚོན་བྱེད་ཀྱི་རྟགས་གལ་ཆེན་ཞིག་ཡིན་པ་མཚོན་ནུས་སོ། །
       གཉིས། རྒྱན་ཆ་གལ་ཆེན་ཡིན་པ།
       བོད་ཀྱི་རྒྱན་ཆའི་རིགས་ལ་ཡུན་རིང་གི་ལོ་རྒྱུས་ལྡན་ཞིང་སྣ་མང་ཕུན་སུམ་ཚོགས་པ་དང་། དེས་བོད་རང་གི་ཐུན་མོང་མ་ཡིན་པའི་འཚོ་བ་དང་གོམས་སྲོལ། མཛེས་དཔྱོད་ཀྱི་ལྟ་བ་སོགས་མཚོན་ཡོད། དེ་ནི་ལོ་རྒྱུས་ཡུན་རིང་ལྡན་པའི་བོད་ཀྱི་རིག་གནས་ཁྲོད་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་དང་། བོད་མིའི་རྒྱན་ཆ་ལ་གསེར། དངུལ། ཟངས། ལྕགས། ལི། གཡུ། བྱུ་རུ། མུ་ཏིག སྤོས་ཤེལ། པདྨ་རཱ་ག གཟི། ཕྲ་མེན། ཁྱུང་སྐྱུགས། ནལ། མརྒཏ་སོགས་ཡོད། དེའང་བོད་མིའི་བཤད་རྒྱུན་ལ་གཡུ་ནི་མགོ་དང་སྐེ། ལུས་སོགས་ལ་བཅིངས་ན་གཟུགས་གཞི་བདེ་ཐང་ཡོང་བ་སོགས་ལ་ཕན་པར་བཤད། དེ་བས་ང་ཚོས་དུས་རྒྱུན་སྤྱི་ཚོགས་འཚོ་བའི་ཁྲོད་དུ་ཕོ་རྣམས་ཀྱིས་གཡུའི་རྣ་ལུང་དང་སྐེ་ལ་བླ་གཡུ་འདོགས་པ་དང་། མོ་རྣམས་ཀྱིས་མགོ་ལ་གཙུག་གཡུ་དང་སྐེ་ལ་གཡུའི་མགུལ་རྒྱན་སོགས་འདོགས་པའི་ལུགས་སྲོལ་ནི་རྒྱུན་མཐོང་གི་སྣང་ཚུལ་ཞིག་ཡིན། «མདའ་དང་འཕང»དུ། “བོད་དུ་གཉེན་སྒྲིག་གི་ཆོ་ག་སྤེལ་སྐབས། མནའ་མ་དེས་མག་པར་བརྩེ་དུང་གི་མཚོན་བྱེད་ཡིན་ནི་ཞེས་གཡུ་ཞིག་སྤྲོད་ལ། མག་པས་མནའ་མར་བླ་གསེར་ཞེས་པའི་གསེར་རྡོག་ཅིག་ཀྱང་སྤྲོད་སྲོལ་ཡོད། ཡང་མག་པས་མནའ་མར་གཙུག་གཡུའམ་ཐོད་གཡུ་ཞེས་པའི་གཡུ་ཞིག་སྤྲོད་ལ། གཡུ་དེ་ཉིད་མནའ་མས་རང་གི་ཐོད་པར་བརྒྱན་པ་དང་སྐྱེ་བོ་གཞན་པ་ཞིག་གིས་གཡུ་བཤད་ཅེས་པའི་བཤད་པ་རྒྱག་སྲོལ་ཡོད”[18]ཞེས་པ་ལྟར། ཕོ་མོ་གཉེན་སྒྲིག་བྱེད་དུས་བུད་མེད་དེས་རང་གི་བརྩེ་དུང་མཚོན་བྱེད་དུ་སྐྱེས་པ་དེར་གཡུ་ཞིག་སྟེར་བ་དང་། སྐྱེས་པས་བུད་མེད་དེར་གཙུག་གཡུ་ཞིག་སྟེར་བའི་སྲོལ་ཡོད་ལ། གཙུག་གཡུ་ནི་གཅིག་ནས་བུད་མེད་ཀྱི་རྒྱན་ཆ་རྩ་ཆེན་ཞིག་ཡིན་ལ། གཉིས་ནས་རང་གི་དགའ་གྲོགས་སམ་ཟླ་བོར་བཅངས་པའི་མི་འགྱུར་བརྩེ་སེམས་ཀྱི་མཚོན་རྟགས་ཤིག་ཀྱང་ཡིན་ནོ། ། «བཀྲས་ཟུར་ཚང་གི་གསང་བའི་གཏམ་རྒྱུད»ལས་ཀྱང་། “སླར་ཉིན་གཅིག་ཚིང་སྐྱིད་པ་རྡོ་གཅལ་དུ་བསྐྱོད་པའི་སྐབས་ཤིག་ན་ལྷོ་འདྲེ་རྗེས་འདེད་དུ་འཁོད་ནས་མོའི་ལག་གི་གསེར་གྱི་སོར་གདུབ་ཕྲོགས་ཞེས་བཤད། ཚིང་སྐྱིད་པས་སླར་གཡང་གསལ་བརྒྱུད། སེམས་པ་ཤོར་གྱི་འདུག་ན། །མགོ་ལ་གཡུ་ཞིག་རྒྱོབས་དང་། །ལག་པའི་ཚིགས་ཁེབས་འཕྲོག་པ། །ནོར་འདོད་ལངས་པའི་རྟགས་རེད། །ཅེས་ཁ་ལན་བརྫངས། དེ་འཕྲལ་ལྷོ་འདྲེས་ཚིང་སྐྱིད་པའི་ཁྲོམ་སྟེགས་ནས་བོད་གཡུ་དམར་མདངས་རྒྱས་པ་ཞིག་ཉོས་ནས་སེམས་རྟེན་དུ་བྱིན། ཕྱིས་སུ་ཁོང་གཉིས་བཟའ་ཚོར་གྱུར་རྗེས་གཡུ་དེ་ཚིང་སྐྱིད་པའི་སྤ་ཕྲུག་གི་ཐོད་གཡུར་འཁོད་ཅེས་གླེང་།”[19]ཞེས་གཡུ་ནི་ཕོ་མོའི་འགྱུར་བ་མེད་པའི་བརྩེ་དུང་མཚོན་བྱེད་དང་གཉེན་རྟགས་ལ་སྐྱེས་སུ་འབུལ་བའི་རྒྱན་ཆ་གལ་ཆེན་ཞིག་ཡིན་པ་ཤེས།
       ཡང«དགའ་བཞི་པའི་རྣམ་ཐར»ལས། “གཡུ་ཐོག་གཉིས་ཀས་བོད་པའི་རང་ལུགས་ཀྱི་རྣ་བ་གཡས་སུ་མུ་ཏིག་དང་། གཡོན་དུ་གྲུ་གཡུའི་རྣ་རྒྱན་སྦྲགས་ཤིང་། གཡུ་འདོགས་པ་དེ་བོད་རྙིང་ཁུངས་ཀྱི་སྲོལ་དང་། མུ་ཏིག་འདོགས་པ་འདི་མཚོ་སྔོན་གྱི་རྒྱལ་པོ་གི་ཤྲི་ཁང་གི་རྒྱལ་རྒྱུད་ནས་བོད་ཀྱི་རྒྱལ་པོ་བྱེད་དུས་སྲོལ་ལམ་དར་བ་ཡིན་འདུག”[20]ཅེས་དང་། «རྒྱལ་དབང་ལྔ་པའི་རྟོགས་བརྗོད་དཱུ་ཀུ་ལའི་གོས་བཟང»དུའང་། “བོད་འདིར་སྒེར་ལ་ཕྱི་སྒེར་དང་ནང་སྒེར། གྲུབ་ཐོབ་ཀྱི་སྒེར་གསུམ་ལས། ནང་སྒེར་རལ་པ་འཛིན་གྱིས་གྲུ་གུའི་ཡུལ་ནས་གཡུ་རྫིང་བདུན་དྲངས་པར་གྲགས་ཤིང་བོད་ཆོས་རྒྱལ་མེས་དབོན་གྱི་དུས་སུ་གཡུའི་རྣ་རྒྱངས་དང་བླ་གཡུ་སོགས་རིན་པོ་ཆེའི་རྒྱན་ཅི་རིགས་སྤྲོལ་ཡོད་འདུག །”[21]ཅེས་རྣ་བར་གཡུ་འདོགས་པ་ནི་གནའ་སྔ་མོ་ནས་བོད་རང་ས་ལ་ཡོད་པའི་ལུགས་སྲོལ་ཞིག་ཡིན་པ་དང་། དམངས་ཁྲོད་ཁ་དཔེར་ཕོ་རྣ་གཡུ་ཅན་ལ་དགྲ་ལྷ་འཁོར་ཞེས་ད་ལྟའི་ཆར་ཡང་སྐྱེས་པ་རྣ་གཡུ་འདོགས་མཁན་མང་པོ་ཡོད་པ་མཐོང་ཆོས་ལྟར་ལགས་སོ། །གཞན«གཏམ་རྒྱུད་གསེར་ཐང»དུ། “དབུས་གཙང་ཕྱོགས་ནི་ཡུལ་གྲུ་ཆེ་བས་སྤྱོད་ལམ་དང་སྐད་ལུགས་ཆས་གོས་སོགས་མང་དུ་འགྱུར་ཟིན་ཅིང་། སྐད་ཀྱང་ཨ་མདོ་དང་མི་འདྲ། ཆས་ཀྱང་མི་འདྲ་ཡང་། སྟོད་མངའ་རིས་དང་རྒྱ་གར་མཚམས་ཀྱི་མཐའ་ན་གནས་པའི་ཡུལ་མང་པོ་ཞིག་གི་སྐད་ཀྱང་ཨ་མདོའི་སྐད་དང་ཤིན་ཏུ་མཐུན། བུད་མེད་རྣམས་ཀྱི་ཆས་གོས་ཀྱང་རྒྱབ་ཏུ་རས་ལྷེབ་མོ་ཞིག་དཔྱངས་ཏེ་དེར་གཡུ་སོགས་བསྒྲིག་པ་ཨ་མདོ་དང་འདྲ།”[22]ཞེས་གཡུ་འདི་ཡང་བོད་ཀྱི་ཡུལ་གྲུ་ཀུན་ཏུ་ཁྱབ་ཡོད་པ་མ་ཟད། བོད་རང་གི་ཁྱད་ཆོས་མཚོན་ཐུབ་པའི་མཛེས་ཆས་ཐུན་མོང་མ་ཡིན་པ་ཞིག་ཡིན་པ་ངེས་ཐུབ། དེང་སང་ཡང་སྟོད་མངའ་རིས་དང་ལ་དྭགས། དབུས་གཙང་སོགས་གཙོར་གྱུར་བའི་ས་ཆ་མང་པོ་ཞིག་གིས་སྐྱེས་ཕོ་མོ་རྒན་གཞོན་ཚང་མས་གཡུ་རྣ་འདོགས་པའི་སྲོལ་ཡོད་པས་ཤེས། དེའང་ང་ཚོའི་ཕ་ཡུལ་མདོ་སྨད་གཅན་ཚའི་ཕྱོགས་ནས་ཀྱང་བུད་མེད་རྣམས་ཀྱི་རང་གི་སྐེ་རྒྱན་དང་རྣ་རྒྱན། རྔ་ལེབ། བཞོ་ཟུང་སོགས་ཀྱི་སྟེང་དུ་གཡུ་འདོགས་པའི་སྲོལ་ཡོད་ལ། སྐྱེས་པའི་གའུ་སྟེང་དུའང་གཡུའི་ཕྲ་རྒྱན་གྱི་རྒྱན་ནས་འདོགས་སྲོལ་ཡོད་པ་ལས་ཀྱང་གཡུ་ནི་བོད་མིའི་རྒྱན་ཆ་གལ་ཆེན་ཞིག་ཡིན་པ་ཤེས།
       གསུམ། ཕྱག་རྟེན་རྩ་ཆེན་ཡིན་པ།
       གནའ་བོའི་བོད་བཙན་པོའི་དུས་ནས་བཟུང་གཡུ་ནི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད། དེ་ཡང་རྒྱལ་ཁབ་ཞིག་ལ་མཚོན་ནས་བཤད་ན་རྒྱལ་ཁབ་ཕན་ཚུན་བར་སྐྱེས་སུ་འབུལ་བའི་ཕྱག་རྟེན་ནི་རྒྱལ་ཁབ་རང་ཉིད་ལ་ཡོད་པའི་ཐུན་མོང་མ་ཡིན་པའི་རིན་པོ་ཆེ་ཞིག་ཡིན་པ་སྨོས་མ་དགོས་སོ། །གཡུ་ནི་བོད་བཙན་པོའི་སྐབས་ཀྱི་ཐུན་མོང་མ་ཡིན་པའི་ཕྱག་རྟེན་ཞིག་ཡིན་ཏེ། «ཐང་ཡིག་གསར་མ»ལས། “ལོ་ལྔ་རེའི་ནང་བྷོད་ནས་ཕོ་ཉ་བ་མངགས་པ་དང་། ཐང་ནས་ཀྱང་ཕོ་ཉ་དུས་ལྟར་མངགས་པ་ཡིན། བྷོད་ཀྱིས་སྐྱེས་སུ་ཕུལ་བའི་གྲས་སུ་གཡུའི་ཕྲ་ཅན་གྱི་སྐེད་རགས་དང་། གསེར་གྱི་ཆ་སྤྱད། ཆུ་སྲམ། རྔ་ཡབ། སྣམ་བུ། རྟ། ལུག རྔ་མོང་བཅས་ཡོད།”[23]ཅེས་པ་ལྟར། བོད་བཙན་པོ་ཁྲི་རལ་བ་ཅན་གྱི་སྐུ་དུས་སུ་ཐང་རྒྱལ་རབས་དང་ཕན་ཚུན་བར་ལོ་ལྔ་རེའི་ནང་དུ་ཕོ་ཉ་མངགས་པའི་སྲོལ་ཡོད་ལ། སྐབས་དེ་དུས་བོད་བཙན་པོས་ཕོ་ཉ་མངགས་དུས་གཡུའི་ཕྲ་བཏབ་ཡོད་པའི་སྐེད་རགས་སོགས་དངོས་པོ་མང་པོ་ཕྱག་རྟེན་དུ་འབུལ་བཞིན་ཡོད་པ་ཤེས་ཐུབ། ཡང་དེ་ཉིད་ལས། “ཁེ་ཁྲིན་ཁྲི་ལོ་བཞི་བར། གོང་མས་ཐེ་ཅི་ཀྲན་ཧྲིའི་ཐབས་ཡོད་པ་ལི་ཅིན་རུའུ་བྱ་བ་བྷོད་དུ་མངགས། བྷོད་ནས་བློན་སྐྱི་བཞེར་བྱ་བ་ཕོ་ཉར་མངགས་ཏེ། གཡུའི་ཆ་སྤྱད་དང་ལུག་རྟ་ཕུལ།”[24]ཞེས་པ་ལྟར། བཙན་པོ་དར་མའི་སྐབས་སུ་ཡང་གཡུ་ནི་རྒྱལ་ཁམས་གཞན་ལ་སྐྱེས་སུ་འབུལ་བའི་ཕྱག་རྟེན་ཡིན་པ་དང་། གཡུ་ལ་གོ་གནས་ཀྱང་གལ་ཆེན་ཞིག་ཡོད་པ་ཤེས།
       ཡང«རྗེ་བཙུན་མི་ལ་རས་པའི་རྣམ་པར་ཐར་བ་ཉི་ཟླའི་འོད་ཟེར་སྒྲོན་མེ་ལས།»“རྗེ་བཙུན་མི་ལའི་ཞལ་ནས། ང་དང་པོ་ལྷོ་བྲག་ན་སྡོད་དུས་སུ། རྗེ་མར་པའི་དྲུང་དུ་དབང་ཞུ་བ་ལ་དབང་ཡོན་མེད་པ་ལ་ཡུམ་བདག་མེད་མས་ང་ལ་ཡབ་ཡུམ་གྱི་ཕག་ནོར་གཡུ་འདི་གནང་ནས་ཕྱིས་ཀུན་དགོས་པ་སྲིད་གསུངས་བ་ཡིན་ཏེ་ད་དགོས་ངེས་ཀྱང་མེད་ལ། གལ་དེ་དགོས་པ་བྱུང་ན་ཡང་། བུ་སློབ་མི་ཆེན་རེ་རེ་ལ་ཟླ་རྒྱགས་རེ་བླངས་པར་ཆོག་པས། གཡུ་འདི་ཁྱིད་ཀྱི་དབང་ཡོན་གྱིས། གསུངས་ནས་གནང་ནས་དབང་ཐོབ། དེ་མན་ཆོད་རྒྱུད་མང་རབ་ཐོས་པ་ལགས་སོ། །[25]ཞེས་རྗེ་བཙུན་མི་ལ་རས་པའི་རྗེ་མར་པའི་དྲུང་ནས་དབང་ཞུ་དུས་སུ། རང་གི་ཡུམ་བདག་མེད་མས་གནང་བའི་གཡུ་རྩ་ཆེན་དེ་དབང་ཡོན་ལ་ཕུལ་བ་ལས་ཀྱང་། གཡུ་ནི་རང་ལས་མཐོ་བའི་བླ་མ་དང་དགེ་བའི་བཤེས་གཉེན་དག་ལས་དབང་ཞུ་སྐབས་སུ་འབུལ་རྒྱུའི་ཕྱག་རྟེན་རྩ་ཆེན་དེ་ཡིན་པ་ཤེས་ཐུབ། «བོད་གཡུའི་རིག་གནས»ལས། “ང་མིང་གི་གཡུ་ཆུང་གྲུ་དམར་འདི། །སྲིང་མོ་ཁྱེད་ལ་རྫོངས་སུ་བསྐུར། །གཡུ་མིག་དོད་ལ་སྲ་བ་འདི། །ཤེས་རིག་ཁོང་ནས་རྒྱས་པ་ཡིན། །གཡུ་ལ་གངས་རི་ཡོད་པ་འདི། །ཕོ་ལྷ་དགྲ་ལྷ་ཆགས་པའི་དོན། །གཡུ་ལ་མཚོ་མོ་ཡོད་པ་དེ། །མ་ལྷ་མོ་སྨན་ཆགས་པའི་དོན། །གཡུ་མདོག་མདངས་དང་ལྡན་པ་འདི། །གཞན་རྣམས་ཟིལ་གྱིས་གནོན་པའི་དོན། །བཏགས་ན་རྗིད་དུ་ཆེ་བ་འདི། །མོ་ཁྱེད་གཡུས་འབྱེད་པ་ཡིན། །”[26]ཞེས་བོད་ཀྱི་ལུགས་སྲོལ་ལྟར་ན་བུ་མོ་གནས་ལ་འགྲོ་དུས་སུ་རང་གི་དྲིན་ཆེན་ཕ་མ་གཙོར་བྱས་པའི་ནང་མི་དག་གིས་དུངས་བ་མཚོན་ཕྱིར་བུ་མོར་རྫོང་སྐལ་དུ་གཡུ་སྟེར་བའི་སྲོལ་ཡོད། དེ་བས་གཡུ་ནི་བུ་མོ་གནས་ལ་འགྲོ་དུས་ཀྱི་རྫོངས་སྐལ་དང་ལེགས་སྐྱེས་གལ་ཆེན་དེ་ཡིན་ནོ། །
       བཞི། མཆོད་རྫས་གལ་ཆེན་ཡིན་པ།
       «མ་ཎི་བཀའ་འབུམ»ལས། “ངོ་མཚར་བར་གཟིགས་ནས་རིན་པོ་ཆེའི་ཁྲི་ལ་བཞག་སྟེ། འཁོར་དང་བཅས་པས་ཕྱག་བཙལ། མཚན་མོར་མར་མེ་ཕུལ། ཉིན་རེ་བཞིན་གསེར་སྐྱེམས་དང་གཡུ་སྔོན་གྱིས་མཆོད། མཚན་གཉན་པོ་གསང་བ་བྱ་བར་བཏགས་སོ། །”[27]ཞེས་བོད་ཡུལ་དུ་ལྷ་ཐོ་ཐོ་རུ་གཉན་བཙན་གྱི་སྐུ་རིང་ལ། ནང་པ་སངས་རྒྱས་ཆོས་ལུགས་ཐོག་མར་བོད་ཡུལ་དུ་གདན་འདྲེན་དུས། གླེགས་བམ་ལ་སོགས་པར་གཡུ་ཡིས་མཆོད་པ་བྱས་ནས་དད་གུས་བླ་ལྷག་གནང་ཡོད་པ་ཤེས་ཐུབ། «རྣམ་ཐར་དད་པའི་འཇུག་ངོགས»ལས། “གླང་གི་ལོ་ཟླ་བ་དང་པོའི་ཚེས་གཅིག་ནས་བཅོ་ལྔའི་བར་དུ་ཆོ་འཕྲུལ་ཆེན་པོའི་དུས་ཀྱི་མཆོད་པ[28]དངོས་གཞི་མཛད་པ་ལ། ཇོ་བོ་རིན་པོ་ཆེའི་དྲུང་དུ། དེ་བཞིན་གཤེགས་པ་རིགས་རྣམ་པ་ལྔ་འཕྲུལ་ལས་བཏོན་པ་དར་དཔྱིངས་དང་བཅས་པའི་དབུ་རྒྱན་རྒྱུ་གསེར་བཟང་པོ་འབའ་ཞིག་ལས་བསྒྲུབས་པ། རིན་པོ་ཆེ་ནེལ་དང་། མུ་ཏིག་དང་། གཡུ་ལ་སོགས་པའི་ཕྲ་བཟང་པོ་བཀོད་པས་མཛེས་པར་བྱས་པ་དང་། ཇོ་བོ་མི་བསྐྱོད་པ་དང་བཅུ་གཅིག་ཞལ་ལ། དངུལ་བཟང་པོ་ལས་བྱས་པའི་དབུ་རྒྱན་ཕུན་སུམ་ཚོགས་པ་དང་བཅས་ཕུལ།”[29]ཞེས་རྗེ་ཙོང་ཁ་པ་བློ་བཟང་གྲགས་པས་ཆོ་འཕྲུལ་ཆེན་མོའི་སྐབས་སུ་གཙུག་ལག་ཁང་གི་ཇོ་བོའི་ཅོད་པན་གྱི་དཀྱིལ་དུ་གཡུ་ཕྲ་ཚོམ་ལ་ཕུལ་བ་ལས་ཀྱང་། བོད་མིས་སེམས་སུ་གཡུ་ནི་དངོས་རྫས་གཞན་དང་བསྡུར་ན་གལ་ཆེའི་གནས་བབ་བཟུང་ཡོད་པ་མཚོན། «རྣམ་ཐར་དུ་ཀཱུ་ལའི་གོས་བཟང»དུ། “གསང་སྔགས་རྙིང་མར་འཇིག་རྟེན་དྲེགས་པའི་གསོལ་མཆོད་དུས་ཁ་གཡུ་ཁ་གསེར་བཤད་པ་ཡང་གསེར་སྐྱེམས་པ་ལ་རྣ་གཡུ་མ་འབྱོར་ན་དེ་ཚབ་ཏུ་དགོངས་པ་ཡིན།”[30]ཞེས་གསང་སྔགས་རྙིང་མའི་འཇིག་རྟེན་དྲེགས་པར་ལྡན་པའི་ལྷ་མཐུ་བོ་ཆེ་ལ་གསོལ་མཆོད་བྱེད་དུས། གསེར་སྐྱེམས་པའི་རྣ་གཡུ་བཏགས་མེད་ཚེ། དེའི་དོད་དུ་གསེར་གཡུ་བཞག་ནས་མཆོད་པ་འབུལ་བར་བཤད། ཡང་དེ་ཉིད་ལས། “ཧོར་ཟླ་གཉིས་པའི་ཚེས་གཅིག་ལ་བཟོ་ཐབས་སྣ་ཚོགས་བཙུགས་ཏེ་ཇོ་ཤཱཀ་ཡིད་བཞིན་གྱི་ནོར་བུར་གསེར་ཞོ་དྲུག་ཅུ་རེ་བརྒྱད། གཡུ་བརྒྱ་དང་བཞི་བཅུ། ཕུབ་སྒོར་གསུམ་རྣམས་ཀྱི་ཞལ་འདེབས་ཐེ་བའི་གསེར་ཞོ་སྟོང་བརྒྱད་བརྒྱ་དོན་གཉིས། ཕུབ་སྒོར་བཅུ་བདུན། ཨ་ཙར་སྔ་རིལ་གཅིག ། སོག་རྣ་སོག་སྒོར་གཅིག ། ཕྲོམ་རྫར་གཅིག ། གསེར་སྤྱི་གཅིག ། གཡུ་རིལ་གཅིག ། ཕུད་ཀྱུ་བཅུ་བཞི། གཙུག་གཡུ་རྡོག་ཁམ་རློན་ཕྱེད་གཤགས་ཙམ་ནས་གཡུ་སྤྱང་ཁམ་སྐམ་ཙམ་འདྲེས་པ་ལྔ་བཅུ་ང་ལྔ། གྲི་ཆུང་མགོ་ཤུབས་ཀྱི་གཡུ་ཕྲ་སྤུས་ལེགས་པད་འདབ་བཞི་ལྡང་བ། མུ་ཏིག་ཆེ་བ་བྱུར་ཀོང་ནས་ཆུང་བ་རྒྱ་སྲན་ཙམ་གྱི་བར་ལྔ་བརྒྱ་ཉེར་བདུན། དངུལ་སྲང་ཞེ་གཅིག་སྐོར་ལས་བསྐྲུན་པའི་དབུ་རྒྱན་གྲོང་གསར་བ་པདྨ་རབ་བརྟན་གྱིས་བཟོ་བཀོད་དང་འཕྱོང་རྒྱས་རབ་འབྱམས་པ་ཀུན་དགའ་བསྟན་འཛིན་གྱིས་དོ་དམ་བྱས་ཏེ་ལྕགས་གླང་ཟླ་བ་བདུན་པའི་ཚེས་ལྔ་ལ་ལེགས་པར་གྲུབ་ནས་དབུ་རྒྱན་དང་སྙན་རྒྱན་གཡས་གཡོན་ལ་འདྲི་རྒྱུར་ཚིགས་བཅབ་ལྷུག་བརྩམས་པ་གཟོང་བརྐོས་བརྒྱབ་སྟེ་ཕུལ།”[31]ཞེས་རྒྱལ་དབང་ལྔ་བའི་སྐུ་དུས་སུའང་། ཇོ་བོའི་དབུ་རྒྱན་ལ་རིན་ཆེན་གཡུ་གཙོར་བྱས་པའི་རིན་པོ་ཆེ་དུ་མའི་ཕྲ་བཏབ་པ་སོགས་ཀྱིས་བོད་མིའི་སེམས་སུ་གཡུ་ནི་མཆོད་རྫས་གལ་ཆེན་ཞིག་ཡིན་པ་ཤེས་ཐུབ་པ་མ་ཟད། དེང་སང་ཡང་དགོན་པ་སོགས་ཀྱི་ནང་དུ་མཇལ་སྐོར་དུ་ཕྱིན་ན། ལྷ་སྐུ་དང་མཆོད་རྟེན་གཙོར་གྱུར་བའི་མཆོད་ཆས་མང་པོ་ཞིག་གི་སྟེང་དུ་རིན་ཆེན་གཡུ་ཡི་ཕྲ་རྒྱན་བཏབ་ཡོད་པ་སོགས་ལས་ཀྱང་གཡུ་ནི་མཆོད་རྫས་གལ་ཆེན་ཞིག་ཡིན་པ་གསལ་བོར་ཤེས།
མཇུག་བསྡུ་བ།
       མདོར་ན། གཡུ་ནི་གནའ་སྔ་མོ་ཞིག་ནས་བོད་མིའི་རྩ་ཤིན་ཏུ་ཆེ་བའི་རྡོའི་རིགས་ཤིག་དང་རྒྱན་ཆའི་རིགས་ཤིག་ཡིན་པར་མ་ཟད། མི་མངོན་པའི་ནོར་ལོངས་སྤྱོད་ཀྱི་བདག་ཉིད་ཅན་ཞིག་ཀྱང་ཡིན་པར་ངོས་འཛིན་བྱེད། དེ་ནི་བོད་ཀྱི་རིག་གནས་ཁྲོད་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། གནའ་རབས་བོད་བཙན་པོའི་དུས་ནས་ད་ལྟའི་བར་དུ་གལ་ཆེའི་གནས་བབ་བཟུང་ཡོད། གཡུ་ནི་བཙན་པོའི་དུས་ནས་བཟུང་ཆབ་སྲིད་དང་། དཔལ་འབྱོར། ཆོས་ལུགས། དམག་འཐབ་སོགས་སུ་མེད་དུ་མི་རུང་བའི་དངོས་པོ་རྩ་ཆེན་ཞིག་ཡིན་ལ། བོད་མིའི་སེམས་ཁོང་དུ་གཡུ་ནི་ངོ་མཚར་ཆེ་ཞིང་བཀྲ་ཤིས་རླུང་རྟ་འཕེལ་བ། འཚེ་བར་བྱེད་པའི་གདོན་བགེགས་ཐམས་ཅད་འགོག་པ། རང་སྲོག་སྲུང་བའི་དངོས་པོ་རྩ་ཆེན། བདེན་དགེ་མཛེས་གསུམ་གྱི་མཚོན་རྟགས་ལྟ་བུར་གྱུར་ཏོ། །

ལུང་ཁུངས།
[1] སྟག་འབུམ་ཐར་སོགས་ཀྱིས་གཙོ་སྒྲིག་མཛད། «དག་ཡིག་གསར་བསྒྲིགས།» མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2018ལོ། ཤོག་ངོས766ན་གསལ།
[2] གཏེར་རྫས་རིག་པ་ནི་གཏེར་རྫས་ཀྱི་རྫས་འགྱུར་གྲུབ་ཆ་དང་། ནང་ཁུལ་གྱི་གྲུབ་ཚུལ། ཕྱི་ངོས་ཀྱི་རྣམ་པ། དངོས་ལུགས་ཀྱི་ངོ་བོ། འབྱུང་རྐྱེན་གྱི་ཐོན་དབྱིབས། རིགས་དབྱེ་དང་གསལ་འབྱེད། དེ་བཞིན་ཕན་ཚུན་བར་གྱི་འབྲེལ་བ་བཅས་ལ་ཞིབ་འཇུག་བྱས་ཏེ། གཏེར་རྫས་གྲུབ་པའི་དུས་ཚོད་དང་བར་སྟོང་ཁྱབ་ཚུལ་གྱི་ཆོས་ཉིད། འགྱུར་ལྡོག་གི་ལོ་རྒྱུས། དངོས་ཡོད་ཀྱི་སྤྱོད་སྒོ་བཅས་ལ་ཞིབ་དཔྱད་བྱེད་པའི་རིག་ཚན་ཞིག་ཡིན།
[3] རྫོང་རི་གནའ་ཤུལ་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་འབའ་ལུང་ཞང་ཐོན་ཅེ་སྡེ་བ་རུ་གནས་ཡོད་པ་དང་། གནའ་ཤུལ་དེའི་ཤར་ནུབ་ཀྱི་རིང་ཚད་ལ་སྤྱི་ལེ5ལྷག་ཡོད། དེ་ནི་མིག་སྔར་རྨ་ཆུའི་སྟོད་རྒྱུད་དུ་ཤེས་རྟོགས་བྱུང་བའི་དུས་རབས་སྔ་ཤོས་དང་། རྒྱ་ཁྱོན་ཆེ་ཤོས། ནང་དོན་ཕུན་སུམ་ཚོགས་པའི་རྡོ་ཆས་གསར་པའི་དུས་སྐབས་ནས་ཟངས་ཆས་དུས་སྐབས་བར་གྱི་གནའ་ཤུལ་ཞིག་རེད། སྤྱི་ལོ2013ལོར་རྫོང་རིའི་གནའ་ཤུལ་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁག་བདུན་པའི་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པ་ཡིན་པ་ཁྱབ་བསྒྲགས་བྱས།
[4] ཀློང་རྡོལ་ངག་དབང་བློ་བཟང་། «ཀློང་རྡོལ་ངག་དབང་བློ་བཟང་གི་གསུང་འབུམ།» (སྨད་ཆ།) [M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2020ལོ། ཤོག་ངོས610ན་གསལ།
[5] དེའུ་དམར་བསྟན་འཛིན་ཕུན་ཚོགས། «ཤེལ་གོང་ཤེལ་ཕྲེང་།» [M] མི་རིགས་དཔེ་སྐྲུན་ཁང་། 2005ལོ། ཤོག་ངོས73ན་གསལ།
[6] བོད་ལྗོངས་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་གི་ས་ཁོངས། སངས་རྒྱས་ཆོས་ལུགས་ཀྱི་གཞུང་«མངོན་པ་མཛོད»ལས། རྒྱ་གར་རྡོ་རྗེ་གདན་ནས་བྱང་ཕྱོགས་སུ་རི་ནག་པོ་དགུ་འདས་པ་ན་གངས་རི་ཏི་སེ་དང་། དེ་ནས་ཤར་ཕྱོགས་སུ་སྤོས་ངད་ལྡང་གི་རི་ཡོད་ཅིང་། དེ་གཉིས་ཀྱི་བར་ན་ཁ་ཞེང་ལ་དཔག་ཚད་ལྔ་བཅུ་ཡོད་པའི་མཚོ་མ་དྲོས་པ་སྟེ་ཡོངས་གྲགས་སུ་མཚོ་མ་ཕམ་ཞེས་འབོད་པ་དེ་ཡོད་པར་བཤད། དུང་དཀར་བློ་བཟང་འཕྲིན་ལས། «དུང་དཀར་ཚིག་མཛོད་ཆེན་མོ།» [M] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2018ལོ། ཤོག་ངོས1608ན་གསལ།
[7] “གཤེན་པོ་ཕ་བ་མཚེ་གཅོ་ནི་བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོའི་དུས་ཀྱི་སྐུ་གཤེན་ཞིག་ཡིན།” ལྕགས་མོ་མཚོ། «གཏམ་ཤུལ་དགའ་ཐང་འབུམ་པ་ཆེ་ནས་རྙེད་པའི་བོན་གྱི་གནའ་དཔེའི་ཞིབ་འཇུག» [M] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2016ལོ། ཤོག་ངོས142ན་གསལ།
[8] Samten G.Karmay Yasuhiko Nagano «The Call of the Ble Cuckoo» National Museum of Ethnology Osaka 2002 P.44
[9] གོང་དང་མཚུངས། P.50
[10] མཁར་རྨེའུ་བསམ་གཏན་གྱིས་བརྩམས། བདེ་ཁང་བསོད་ནམས་ཆོས་རྒྱལ་གྱིས་དབྱིན་ཡིག་ནས་བོད་ཡིག་ཏུ་བསྒྱུར། «མདའ་དང་འཕང་།» (སྨད་ཆ།) [M] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2011ལོ། ཤོག་ངོས147དང148ན་གསལ།
[11] གོང་དང་མཚུངས། ཤོག་ངོས144དང145ན་གསལ།
[12] ནམ་མཁའི་ནོར་བུ། «ཆོས་རྒྱལ་ནམ་མཁའི་ནོར་བུའི་གསུང་འབུམ།» (པོད་བཞི་བ།) [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2015ལོ། ཤོག་ངོས323ན་གསལ།
[13] དོན་གྲུབ་རྒྱལ་དང་ཁྲིན་ཆིན་དབྱིན་གཉིས་ཀྱིས་བསྒྱུར། «ཐང་ཡིག་གསར་རྙིང་ལས་བྱུང་བའི་བོད་ཆེན་པོའི་སྲིད་ལུགས།» [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1983ལོ། ཤོག་ངོས7ན་གསལ།
[14] ལྷག་པ་བཀྲ་ཤིས་ཀྱིས་གཙོ་སྒྲིག་མཛད། «ལ་དྭགས་རྒྱལ་རབས།» [M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2023ལོ། ཤོག་ངོས30ན་གསལ།
[15] གཉའ་གོང་དཀོན་མཆོག་ཚེ་བརྟན། «བོད་ཀྱི་བརྡ་རྙིང་ཡིག་ཆ་བདམས་སྒྲིག» [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2001ལོ། ཤོག་ངོས50ན་གསལ།
[16] དཔའ་བོ་གཙུག་ལག་ཕྲེང་བ། «ཆོས་འབྱུང་མཁས་པའི་དགའ་སྟོན།» [M] མི་རིགས་དཔེ་སྐྲུན་ཁང་། 2017ལོ། ཤོག་ངོས103ན་གསལ།
[17] དོན་གྲུབ་རྒྱལ་དང་ཁྲིན་ཆིན་དབྱིན་གཉིས་ཀྱིས་བསྒྱུར། «ཐང་ཡིག་གསར་རྙིང་ལས་བྱུང་བའི་བོད་ཆེན་པོའི་སྲིད་ལུགས།» [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1983ལོ། ཤོག་ངོས6ན་གསལ།
[18] མཁར་རྨེའུ་བསམ་གཏན་གྱིས་བརྩམས། བདེ་ཁང་བསོད་ནམས་ཆོས་རྒྱལ་གྱིས་དབྱིན་ཡིག་ནས་བོད་ཡིག་ཏུ་བསྒྱུར། «མདའ་དང་འཕང་།» (སྨད་ཆ།) [M] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2011ལོ། ཤོག་ངོས145ན་གསལ།
[19] བྲག་གདོང་བཀྲས་གླིང་དབང་རྡོར། «བཀྲས་ཟུར་ཚང་གི་གསང་བའི་གཏམ་རྒྱུད།» [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2021ལོ། ཤོག་ངོས247དང248ན་གསལ།
[20] རྡོ་རིང་བསྟན་འཛིན་དཔལ་འབྱོར། «དགའ་བཞི་པའི་རྣམ་ཐར།» [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1998ལོ། ཤོག་ངོས784ན་གསལ།
[21] ངག་དབང་བློ་བཟང་རྒྱ་མཚོ། «རྒྱལ་དབང་ལྔ་པའི་རྟོགས་བརྗོད་དཱུ་ཀུ་ལའི་གོས་བཟང་།» [M] ནང་བསྟན་དཔེ་ཚོགས་ལྟེ་གནས།  (BDRC) སྣ་རིང་དབུ་ཅན་ལག་བྲིས་མ། ཡིག་ཆའི་ཨང་རྟགས། W2CZ5990 ཤོག་ངོས238ན་གསལ།
[22] དགེ་འདུན་ཆོས་འཕེལ། «དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ།» (པོད་གཉིས་པ།) [M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2012ལོ། ཤོག་ངོས70ན་གསལ།
[23] དོན་གྲུབ་རྒྱལ་དང་ཁྲིན་ཆིན་དབྱིན་གཉིས་ཀྱིས་བསྒྱུར། «ཐང་ཡིག་གསར་རྙིང་ལས་བྱུང་བའི་བོད་ཆེན་པོའི་སྲིད་ལུགས།» [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1983ལོ། ཤོག་ངོས110ན་གསལ།
[24] གོང་དང་མཚུངས། ཤོག་ངོས111ན་གསལ།
[25] དགེ་སློང་ཞི་བྱེད་རི་ཁྲོད་པས་མཛད། «རྗེ་བཙུན་མི་ལ་རས་པའི་རྣམ་པར་ཐར་བ་ཉི་ཟླའི་འོད་ཟེར་སྒྲོན་མེ།» [M] ཡུན་ནན་རིག་གནས་སྒྱུ་རྩལ་དཔེ་སྐྲུན་ཁང་། 2022 ཤོག་ངོས128ན་གསལ།
[26] བསོད་ནམས་བཀྲ་ཤིས། «བོད་གཡུའི་རིག་གནས།» [M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2018ལོ། ཤོག་ངོས66ན་གསལ།
[27] ཆོས་རྒྱལ་སྲོང་བཙན་སྒམ་པོ། «མ་ཎི་བཀའ་འབུམ།» (གླེགས་བམ་དང་པོ།) [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2011ལོ། ཤོག་ངོས271ན་གསལ།
[28] “ཆོ་འཕྲུལ་དུས་ཆེན་ནི་སྟོན་པ་ཤཱཀྱ་ཐུབ་པས་རྒྱ་གར་གྱི་གྲོང་ཁྱེར་ཆེན་པོ་མཉན་ཡོད་དུ་མུ་སྟེགས་ཀྱི་སྟོན་པ་དྲུག་དང་ཆོ་འཕྲུལ་འགྲན་ནས་ཕམ་པར་མཛད་པའི་དུས་ཆེན་ཡིན་པས་དེ་ལྟར་བརྗོད་ལ། སྤྱིར་བཏང་བྱས་ན་ཟླ་བ་དང་པོའི་ཚེས་གཅིག་ནས་བཅོ་ལྔའི་བར་ཆོ་འཕྲུལ་ཆེན་པའི་དུས་ཆེན་ཡིན་ཞིང་། རྗེ་བཙུན་ཙོང་ཁ་པ་ཆེན་པོས་ཐོག་མར་ཆོ་འཕྲུལ་སྨོན་ལམ་ཟླ་བ་དང་པོའི་ཚེས་གཅིག་ནས་བཅོ་ལྔའི་བར་མཛད་ཀྱང་ལོ་གསར་གྱི་བྲེལ་ཟིང་སོགས་རྐྱེན་དབང་གིས་ཕྱིས་སུ་ལྷ་ས་སྨོན་ལམ་ཡང་ཟླ་བ་དང་པོའི་ཚེས་གསུམ་ནས་གྲལ་འཛིན་བྱས་ཏེ། དངོས་གཞི་ཚེས་བཞི་ནས་འགོ་ཚུགས་ནས་ཚེས24ལ་གཏོར་རྒྱག་དང་། ཚེས25ལ་བྱམས་པ་འདྲེན་གྲུབ་རྗེས་སྨོན་ལམ་གྲོལ་བ་ལགས་ཤིང་། འདིའི་སྲོལ་ནི་རྗེ་ཙོང་ཁ་པ་ཆེན་པོས1409ལོར་ལྷ་སར་ཆོ་འཕྲུལ་སྨོན་ལམ་ཆེན་མོ་བཙུགས་པ་ལས་དར་ཞིང་། དེ་ནི་བོད་ཀྱི་ཆོས་ལུགས་དུས་ཆེན་ཆེ་ཤོས་ཡིན།” དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་རྩོམ་སྒྲིག་མཛད། «དུང་དཀར་ཚིག་མཛོད།» [k] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2018ལོ། ཤོག་ངོས1667དང་1668ན་གསལ།
[29] མཁས་གྲུབ་དགེ་ལེགས་དཔལ་བཟང་། «རྣམ་ཐར་དད་པའི་འཇུག་ངོགས།» [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1995ལོ། ཤོག་ངོས83ན་གསལ།
[30] ངག་དབང་བློ་བཟང་རྒྱ་མཚོ། «རྒྱལ་དབང་ལྔ་པའི་རྟོགས་བརྗོད་དཱུ་ཀུ་ལའི་གོས་བཟང་།» [M] ནང་བསྟན་དཔེ་ཚོགས་ལྟེ་གནས།  (BDRC) སྣ་རིང་དབུ་ཅན་ལག་བྲིས་མ། ཡིག་ཆའི་ཨང་རྟགས། W2CZ5990 ཤོག་ངོས239ན་གསལ།
[31] གོང་དང་མཚུངས། ཤོག་ངོས587དང588ན་གསལ།
འབྲེལ་ཡོད་འོས་སྦྱོར།