logo

གདོད་རྣམ་མཐའ་དཔྱོད་ཀྱི་མཐོང་སྣེ་ལས་གཟིའི་ཡིད་བརྙན་སྐོར་རོབ་ཙམ་གླེང་བ།

རྩོམ་པ་པོ།:དཀོན་མཆོག་སྒྲོལ་མ། ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར། དུས་ཚོད།:2025-10-04 ཀློག་གྲངས།:
       དུས་རབས20པ་ནས་བཟུང་རྩོམ་རིག་མཐའ་དཔྱོད་ཀྱི་ཐབས་ལམ་ནི་རིག་ཚན་སྤེལ་མའི་རྣམ་པས་དཔྱད་པ་བྱེད་པའི་ཕྱོགས་སུ་འཕེལ་མགོ་ཚུགས་ཡོད་ལ། “ལྷ་སྒྲུང་གདོད་རྣམ་མམ་གདོད་རྣམ་མཐའ་དཔྱོད་བྱེད་ཐབས་དེའང་། མིའི་རིགས་རིག་པ་དང་རིག་གནས་རིག་པ། སེམས་ཁམས་རིག་པ་བཅས་ཀྱི་ཞིབ་འཇུག་གི་དཔྱད་འབྲས་དག་རྩོམ་རིག་ཞིབ་འཇུག་བྱེད་པའི་ཐོག་ཏུ་བཀོལ་བས། རྩོམ་རིག་གི་ཞིབ་འཇུག་ལ་མཐོང་རྒྱ་གསར་པ་ཞིག་ཕྱེ་ཡོད”ཅེས་གསུངས་པ་བཞིན། སྐབས་དོན་གྱི་བརྗོད་བྱ་སྟེ་གདོད་རྣམ་མཐའ་དཔྱོད་བྱེད་ཐབས་དེའང་རིག་ཚན་སྤེལ་མའི་སྟེང་ནས་དཔྱད་པ་བྱེད་པར་ཕྱོགས་པས། རྩོམ་རིག་ཞིབ་འཇུག་གི་ཐད་ལ་མཐོང་རྒྱ་གསར་པ་ཞིག་ཕྱེ་ཡོད།
       གདོད་མའི་བླ་རྟེན་དད་མོས(图腾崇拜)དང་ལྷ་སྒྲུང་སོགས་ནི་འགྲོ་བ་མིའི་སྤྱི་ཚོགས་ཀྱི་གདོད་མའི་ཡིད་བརྙན་ཡིན་པ་དང་། མི་རྣམས་ཀྱིས་ཡིད་བརྙན་འདི་དག་སྤྱད་ནས་ལྟ་བ་ག་གེ་མོ་ཞིག་མཚོན་གྱིན་ཡོད་ལ། རྩོམ་རིག་བརྩམས་ཆོས་ཁྲོད་རྒྱུན་དུ་ཐོན་པའི་གདོད་རྣམ་ནི“ཐོག་མའི་ཡིད་བརྙན”རིགས་ཤིག་ཡིན།  མཁས་དབང་ཧྥུ་ལེ(弗莱)ཡིས“གདོད་རྣམ་ཞེས་པ་ནི་དཔེ་མཚོན་དུ་འོས་པ་ཞིག་སྟེ་ཡང་ནས་བསྐྱར་དུ་ཐོན་པའི་ཡིད་བརྙན་ཞིག་ཡིན”ཞེས་གསུངས་ཡོད་དེ། འཚོ་བའི་ཁྲོད་རྒྱུན་དུ་མཐོང་ཐུབ་པའི་རང་བྱུང་སྣང་ཚུལ་ཡང་གདོད་རྣམ་རིགས་ཤིག་ཡིན་ལ། གདོད་རྣམ་གྱི་རྨང་གཞིའི་མཚོན་སྟངས་ནི་ལྷ་སྒྲུང་ཡིན།
གཅིག གཟིའི་དཀྱིལ་འཁོར་གྱི་གདོད་རྣམ།
       དཀྱིལ་འཁོར་ནི་ལེགས་སྦྱར་སྐད་དུ་མཎྜལ་ཏེ། བོད་ཀྱི་རིག་གནས་ཀྱི་འདུ་ཤེས་ཁྲོད་དེ་ནི་འཇིག་རྟེན་གྱི་གཞི་བདེན་པ་དང་། སེམས་ཀྱི་ངོ་བོ་རྣམ་དག་པ་བཅས་མཚོན་བྱེད་ཅིག་ཡིན་ལ། མཁས་དབང་རུང་གེ(荣格)ཡིས་མཎྜལ་ནི་རང་གཤིས་ཀྱི་གདོད་རྣམ་མཚོན་བྱེད་ཅིག་ལ་ངོས་འཛིན་བྱས་ཡོད་ཅིང་། དེ་ནི་གདོད་རྣམ་ཀུན་གྱི་ཉིང་བཅུད་ཡིན་ལ། རང་གཤིས་ཀྱིས་འབོད་སྐུལ་ཐེབས་པའི་ཀུན་སྤྱོད་ཀྱི་སྒྲིག་གཞིའི་ཡང་བཅུད་ཡིན། “གདོད་རྣམ་ནི་རྩ་བའི་ཆ་ནས་བཤད་ན་ཤེས་མེད་ཀྱི་རིགས་ཤིག་ཡིན་པ་དང་། དེ་ཉིད་མཐར་གྱིས་འདུ་ཤེས་སུ་གྱུར་ཅིང་ཚོར་བས་ཟིན་དུ་ཡོད་པའི་དུས་དེར་འགྱུར་ལྡོག་འབྱུང་བར་མ་ཟད། དེ་ཉིད་འབྱུང་སའི་མི་སྒེར་གྱི་འདུ་ཤེས་སུ་རྣམ་པར་མངོན་པའོ”ཞེས་གསུངས་པ་བཞིན། གདོད་རྣམ་ནི་མི་སྒེར་གྱི་འདུ་ཤེས་ཁོ་ན་ཙམ་མ་ཡིན་པར། མི་རིགས་ཤིག་གི་འདུ་ཤེས་ཀྱི་བྱུང་རིམ་དུ་བག་ལ་ཉལ་བའི་སྤྱི་པའི་ཤེད་མེད་ཀྱི་བག་ཆགས་ཤིག་ཡིན་ལ། མི་སྒེར་གྱི་འདུ་ཤེས་སུ་སྤྱིའི་འདུ་ཤེས་དེ་ཕྱི་རུ་མངོན་བཞིན་པ་ཞིག་ཡིན།
       སྐབས་དོན་གྱི་གླེང་བྱ་སྟེ་གཟི་བྱ་བ་ནི་བོད་ཀྱི་བླ་མེད་ཀྱི་རིན་པོ་ཆེ་ཞིག་ཡིན་ལ། བོད་ཀྱི་རིག་གཞུང་དུ་གཟི་དང་འབྲེལ་བའི་ལྷ་སྒྲུང་དང་ངག་རྒྱུན་རྫོགས་མེད་ཅིག་ཡོད་དེ། “སྔོན་ཚེ་གངས་ཅན་རི་ཡི་འདབས། །ལྷ་ཆེན་དབང་ཕྱུག་སོ་སར་ཏཱ། །ལྕམ་གཅིག་བྲ་ཡི་སྒྲོལ་མ་གཉིས། །ཏེ་སི་གངས་ཀྱི་རི་བོ་ལས། །གཟི་ཞིག་གཟིགས་པས་གཟི་ཞེས་བཏགས། །གནའ་རབས་དག་གིས་ཁྲ་མོ་ཟེར། །ད་ལྟ་ཡོངས་གྲགས་གཟི་ཞེས་འབོད། །ནོར་བུ་བསམ་འཕེལ་འདི་ལ་ཟེར། །ཁྲ་མོ་གླིང་བཞི་འདི་ལ་ཟེར། །འདི་ཉིད་ནོར་བུའི་མཆོག་ཡིན་ནོ། །”ཞེས་པ་ལས་གཟི་ཡི་མིང་དང་དེ་ཡི་རྣམ་པ་སོགས་གསལ་པོར་ངེས་ཐུབ་ལ། “གཟི་ལེགས་ཉེས་རང་རང་བསོད་ནམས་ཡིན། །བསོད་ནམས་ཅན་ལ་ནོར་བུ་ཡིན། །བསོད་ནམས་མེད་པའི་མི་རྣམས་ལ། །གཟི་རབ་སྲོག་གི་སྟ་རེ་ཡིན། །གཟི་འབྲིང་ནད་ཀྱི་སྣ་འདྲེན་ཡིན། །གཟི་ཐ་མ་ནོར་གྱི་རྐུན་མ་ཡིན། །”ཞེས་མི་རེ་རེ་ཡི་བསོད་ནམས་མི་འདྲ་བའི་སྟོབས་ཀྱིས་གཟི་ལ་ལེགས་ཉེས་ཀྱི་དབྱེ་བ་ཡོད་པ་དང་། ཡང“བོད་པ་ཚོས་གཟི་ནི་བསོད་ནམས་དབང་ཐང་དང་།སྟོབས་འབྱོར་མངའ་ཐང་གི་མཚོན་བྱེད་ཅིག་གམ་ཡང་ན་དེའི་འབྱུང་ཁུངས་རྟེན་རྫས་ཤིག་ཡིན་པར་འདོད་ཀྱིན་ཡོད་དེ། དཔེར་ན་གཟི་བརྗིད་དང་གཟི་བྱིན། གཟི་འོད། གཟི་མདངས། གཟི་དཔལ་སོགས་གཟི་དང་འབྲེལ་བའི་ཐ་སྙད་དུ་མ་ཞིག་ཡོད་པ་དེ་དག་ཀྱང་དོན་དུ་རིན་ཆེན་གཟིའི་བྱེད་ལས་དང་འབྲེལ་བ་མངོན་གསལ་ཡོད་པ་ལྟ་བུའོ། །”ཞེས་པ་ལས་གཟི་ནི་མཐོ་བ་དང་སྤོ་དང་། སྟོབས་དང་སྤོབས་པ། རྒྱལ་བ་དང་བཙན་པ། བསོད་ནམས་དང་འབྱོར་བ་སོགས་གང་རུང་ལ་གོ་ཆོག་པ་བསྟན་ཡོད་ལ། དེ་བས་གདོད་རྣམ་མཐའ་དཔྱོད་ཀྱི་མཐོང་སྣེ་ནས་དཔྱད་པ་བྱས་ཚེ། གཟི་ལ་རང་གཤིས་སམ་དཀྱིལ་འཁོར་གྱི་གདོད་རྣམ་ཡིད་བརྙན་གྱི་ཁྱད་ཆོས་འབུར་དུ་ཐོན་ཡོད་པར་བསམས། །
གཉིས། གཟིའི་སྲུང་འཁོར་གྱི་གདོད་རྣམ།
       མཁས་དབང་རུང་གེ་ཡིས་ཐུན་མོང་གི་འདུ་ཤེས་མེད་པའི་རྣམ་པ་དེར་གདོད་རྣམ་ཞེས་བརྗོད་པ་དང་། གདོད་རྣམ་ནི་གནའ་རབས་ནས་ཡོངས་ཁྱབ་ཏུ་གནས་པའི་ཡིད་བརྙན་ཞིག་གམ་མི་རིགས་ཀྱི་དྲན་ཤེས་ཤིག་ཡིན་པར་ངོས་འཛིན་བྱས་ཡོད། འཛམ་གླིང་གོ་ལ་ཟླུམ་པོའི་སྟེང་དུ་འཚོ་ཞིང་གཞེས་པའི་མི་རིགས་གང་དང་གང་ཞིག་ཡིན་རུང་། ཀུན་ལ་རང་ཉིད་ཀྱི་ཕྱིའི་ཁོར་ཡུག་དང་ནང་བསམ་བློ་ལས་བྱུང་བའི་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་གྲུབ་ཆ་རེ་ཡོད་ལ། རང་རེ་བོད་མི་རིགས་ལ་མཚོན་ན་ཡང་། དུས་ཡུན་རིང་པོར་མཐོ་སྒང་འདིར་རང་བྱུང་ཁམས་དང་འཐབ་རྩོད་དང་མཉམ་གནས་ཀྱི་ཁྲོད་ནས་གཏིང་ཟབ་པའི་བསམ་བློའི་འདུ་ཤེས་སམ་རིག་གནས་ཀྱི་སྣང་ཚུལ་མང་པོ་ཞིག་གྲུབ་ཡོད། ལྷག་པར་ད་ལྟའི་དམངས་ཁྲོད་ན་དར་ཁྱབ་ཆེ་བའི་སྲུང་འཁོར་གྱི་རྣམ་གཞག་འདི་ནི་ནང་དོན་རིག་པ་དང་གསོ་བ་རིག་པ་ཟུང་དུ་འབྲེལ་ནས་གྲུབ་པའི་ཕུན་སུམ་ཚོགས་པའི་རིག་གནས་ཤིག་ཡིན།
       སྲུང་བ་ཞེས་པ་ནི་བདག་ཉིད་རྐྱེན་གྱིས་མི་འཇིགས་པའི་ཆེད་དུ་ཕ་རོལ་བའི་གནོད་པ་ལས་སྲུང་བར་བྱེད་པ་ཞིག་ཡིན་ལ། «བོད་ཀྱི་ཚིག་མཛོད་ཆེན་མོ»རུ“སྲུང་བ་ནི་ནད་གདོན་སོགས་མི་མཐུན་པའི་འཚེ་བ་ལས་སྲུང་ཞིང་། ཚེ་སྲོག་སོགས་མཐུན་པའི་རྐྱེན་འགྲུབ་ཆེད་རྒྱུན་དུ་ལུས་ལ་བཅང་རྒྱུའི་བྱིན་རྫས”ཞེས་བཀོད་ཡོད་པ་དང་། «བོད་རྒྱ་ཚིག་མཛོད་ཆེན་མོ»རུ“ནང་བསྟན་གསང་སྔགས་ཀྱིས་བཤད་པའི་སྨན་རྫས་དང་སྔགས་པ། ལྟ་བ་སོགས་ཀྱིས་གནོད་འཚེ་འགོག་ཐུབ་པའི་སྲུང་སྐྱོབ་ཀྱི་མུ་ཁྱུད་གྲུབ་ཡོད”ཅེས་བཀོད་ཡོད། སྲུང་འཁོར་གྱིས་མེ་ཆུ་དུག་གསུམ་སོགས་ཕྱི་ཡུལ་གྱི་གནོད་འཚེ་དང་། རླུང་མཁྲིས་བད་ཀན་སོགས་ནང་གི་འདུ་བ་འཁྲུགས་པ། འདྲེ་གདོན་འབྱུང་པོ་སོགས་གསང་བའི་བར་ཆད་ཐམས་ཅད་བསྲུང་ནུས་ལ། ཕྱི་ནང་གསང་གསུམ་གྱི་སྲུང་བ་བཅས་འཁོར་ལོའི་སྒྲུབ་ཐབས་འདི་ནི་བོད་ཀྱི་ནང་དོན་རིག་པ་དང་གསོ་བ་རིག་པ་ཟུང་དུ་འབྲེལ་བའི་ལུས་ཅན་རྣམས་ཡུན་རིང་དུ་འཚོ་ཞིང་ཉེར་འཚེ་མི་འབྱུང་བར་བྱེད་པའི་ཐབས་ཚུལ་ཐུན་མོང་མ་ཡིན་པ་ཞིག་ཡིན།
       ལར་གཟི་ཡི་བྱེད་ནུས་དང་ཁྱད་ཆོས་ཀྱི་ཆ་ནས“གཟི་རྙིང་གཟའ་ཡི་ནད་དང་གདོན་གཟེར་འཇོམས། །མཆོང་དང་མརྒཏ་དག་ཀྱང་དེ་དང་འདྲ། །”ཞེས་དང་། “གཟའ་གྲིབ་སྲུང་བ་ལ། རང་སྲུང་སྔགས་འདོན་པས་ཆོག་གཞན་སྲུང་བྱེད་ན་གཟི་མིག་དགུ་པའམ་མ་རྙེད་ན་དར་ཚོན་སྣ་ལྔ་བཏབ་སྟེ་འཆང”ཞེས་པ་བཅས་ལས་ནད་བཅོས་དང་གདོན་འགོག་སོགས་ཀྱི་ནུས་པ་བསྟན་ཡོད་དེ། རིན་པོ་ཆེ་གཟི་ནི་ལུས་ལ་འཆང་ན་ནད་གདོན་འགོག་པ་དང་། བར་ཆད་བཟློག བསོད་ནམས་འཕེལ། གཟི་བརྗིད་ལྡན་པ་སོགས་ཀྱི་ཁྱད་ཆོས་དང་ནུས་པ་བརྗོད་ཡོད།
       མདོར་ན། བོད་ཀྱི་རིག་གནས་ཀྱི་འདུ་ཤེས་ཁྲོད་དུ། གཟི་ཡི་དབྱིབས་དང་རི་མོ། ཁ་དོག་སོགས་ལས་འབྱུང་བ་བཞི་དང་སྣོད་བཅུད་ཀྱི་འབྲེལ་བས་གྲུབ་པའི་དཀྱིལ་འཁོར་གྱི་རྣམ་པ་མཚོན་ཡོད་ལ། ད་དུང་དེ་ནི་རྒྱན་ཆ་དང་སྲུང་འཁོར། ནད་བཅོས་དང་ནད་གདོན་འགོག་པ་བཅས་ཀྱི་ཚུལ་དུའང་གནས་ཡོད། གཟི་ཡི་གདོད་རྣམ་གྱི་ཡིད་བརྙན་ལ་གཞི་བཅོལ་ནས་རྩོམ་པ་པོ་རྣམས་ཀྱིས་གཟི་ཞེས་པའི་ཐ་སྙད་དེ་རྩོམ་རིག་བརྩམས་ཆོས་ཁྲོད་ཡོངས་ཁྱབ་ཏུ་བཀོལ་བཞིན་ཡོད་ལ། གདོད་རྣམ་མཐའ་དཔྱོད་ཀྱི་མཐོང་སྣེ་ནས་དཔྱད་པ་བྱས་ཚེ། གཟིའི་ཡིད་བརྙན་ལ་རང་གཤིས་སམ་དཀྱིལ་འཁོར་གྱི་གདོད་རྣམ་དང་སྲུང་འཁོར་གྱི་གདོད་རྣམ་རིགས་གཉིས་ཡོད་དོ། །

དཔྱད་གཞིའི་ཡིག་ཆ།
[1] དཀོན་མཆོག་བསྟན་འཛིན་གྱིས་བསྒྲིགས། «བཟོ་རིག་ཕྱོགས་བསྒྲིགས་རིན་ཆེན་སྒྲོམ་བུ་ཞེས་བྱ་བ» [M]. ཀྲུང་གོའི་བོད་རིག་པའི་དཔེ་སྐྲུན་ཁང་། 2011ལོའི་དཔར་མ།
[2] ཚངས་དབང་དགེ་འདུན་བསྟན་པས་བརྩམས། «གཟི་དམར» [M]. སི་ཁྲོན་མི་དམངས་དཔེ་སྐྲུན་ཁང་། 2018ལོའི་དཔར་མ།
[3] དེའུ་དམར་བསྟན་འཛིན་ཕུན་ཚོགས་ཀྱིས་བརྩམས། «ཤེལ་གོང་ཤེལ་ཕྲེང» [M]. མི་རིགས་དཔེ་སྐྲུན་ཁང་། 2001ལོའི་དཔར་མ།
[4] ཀཿཐོག་རྒྱུད་སྡེ་བཤད་སྒྲུབ་ནོར་བུའི་ལྷུན་པོས་བསྒྲིགས། «འཇུ་མི་ཕམ་བཀའ་འབུམ»28ས། བར་ཆ། [M]. སི་ཁྲོན་དཔེ་སྐྲུན་ཚོགས་པ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2012ལོའི་དཔར་མ།
[5] ར་ས་བསྟན་འཛིན་ཆོས་གྲགས་ཀྱིས་བསྒྲིགས། «རྩོམ་རིག་མཐའ་དཔྱོད་ཀྱི་རིགས་ལམ» [M]. མི་རིགས་དཔེ་སྐྲུན་ཁང་། 2019ལོའི་དཔར་མ།
[6] ངམ་རིང་བློ་བཟང་བསྟན་དར་གྱིས་བརྩམས། «བོད་ཀྱི་ཚིག་མཛོད་ཆེན་མོ།» སྨད་ཆ། [Z]. 2010ལོའི་དཔར་མ།
[7] 荣格著冯川苏克译:《心理学与文学》[M].三联书店,1987.
[8] 张怡荪主编.藏汉大辞典[Z].民族出版社,1993.
འབྲེལ་ཡོད་འོས་སྦྱོར།