logo

སྒེའུ་ལྷ་མོ་སྤུན་གསུམ་གྱི་སྐོར་རགས་ཙམ་གླེང་བ།

རྩོམ་པ་པོ།:འབལ་གཞུང་ཁྱུང་ཐར་རྒྱལ། ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར། དུས་ཚོད།:2025-10-24 ཀློག་གྲངས།:
དང་པོ། སྒེའུ་ལྷ་མོ་སྤུན་གསུམ་དེ་ཡུལ་ཕྱོགས་གང་དུ་གནས་པའི་སྐོར།
       སྒེའུ་ལྷ་མོ་སྤུན་གསུམ་ནི། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་བོན་རྒྱ་ཞང་ནས་བྱང་ཤར་དུ་སྤྱི་ལེ50ཡི་མཚམས་སུ་གནས་ཤིང་རྫ་རི་ཡིན། རྨ་ལྷོའི་རྩེ་ཁོག་རྫོང་དང་མཚོ་ལྷོའི་མང་རྫོང་། ཁྲི་ཀ་རྫོང་བཅས་ཀྱི་འབྲེལ་མཚམས་སུ་གནས། རི་རྒྱུད་ཤར་ལྷོ་ནས་ནུབ་བྱང་གི་ཕྱོགས་སུ་བསྲིངས་ཡོད་ལ། སྤྱིའི་རིང་ཚད་ལ་སྤྱི་ལེ10ལྷག་ཡོད། སྒེའུ་ལྷ་མོ་སྤུན་གསུམ་གྱི་སྤུན་ཆེ་བའི་མཐོ་ཚད་ལ་མཚོ་ངོས་ལས་སྨི4868དང་། སྤུན་འབྲིང་བའི་མཐོ་ཚད་ལ་སྨི4832དང་སྤུན་ཆུང་བའི་མཐོ་ཚད་ལ་སྨི4778བཅས་ཡོད། དམངས་ཁྲོད་ཀྱི་ས་ཁམས་ངོས་འཛིན་དང་ས་གཤིས་རིག་པའི་ས་ཁམས་ཚད་འཇལ་གྱི་ངོས་འཛིན་མི་འདྲ་སྟེ། ཀོས་ནན་རྫོང་གི་དེབ་ཐེར(贵南县志)ལྟར་ན། སྒེའུ་ལྷ་མོ་སྤུན་གསུམ་གྱི་རི་རྒྱུད་ཀྱི་རིང་ཚད་ལ་སྤྱི་ལེ55དང་། དཔངས་ལ་སྤྱི་ལེ8ཡོད་ཟེར། སྒེའུ་ལྷ་མོ་ཡི་མིང་གི་འབྲི་ཚུལ་ལ་སྒེའུ་དང་རྒིས། རྒེའུ། དགེའུ། སྒིས་སོགས་མང་ཡང་གཙོ་ཆེར་སྒེའུ་སྤྱོད་ཀྱིན་འདུག
གཉིས་པ། སྒེའུ་ལྷ་མོ་སྤུན་གསུམ་དང་དེའི་ཆ་ལུགས་ཀྱི་སྐོར།
       སྒེའུ་ལྷ་མོ་སྤུན་གསུམ་གྱི་རྟེན་ནི་མོ་ལྷ་ཡིན་ལ་ཡུལ་ལྷའི་ཚུལ་འཛིན། སྒེའུ་ལྷ་མོ་ཞེས་པ་ནི་རྒྱུན་དུ་རི་དྭགས་དགོ་བའི་ཕྲུ་གུར་སྲུང་སྐྱོབ་བྱེད་པའི་ཆ་ནས་མིང་ཡང་དེ་ལྟར་ཐོགས་པར་གྲགས། «སྒེའུ་ལྷ་མོ་སྤུན་གསུམ་གྱི་མཆོད་ཐབས་འདོད་འབྱུང་ནོར་བུའི་ཆར་འབེབས་བཞུགས་སོ»ཞེས་པ་ལས“ཆོས་རྣམས་རང་བཞིན་ཡེ་ནས་དག །ལྷུན་གྲུབ་རིག་པའི་རྩལ་སྣང་ལས། །ཤར་བའི་གཉུག་མར་གནས་པ་ཡི། །འཇིག་རྟེན་ཡུལ་ལྷའི་ཚུལ་བཟུང་བ། །སྒིས་ཀྱི་ལྷ་མོ་སྤུན་གསུམ་པོ། །རིན་ཆེན་སྣ་ལྔའི་ཁང་བཟང་དབུས། །དབུས་ཀྱི་ལྷ་མོ་ཀུ་ལྤེའི་མཚན། །གཡོན་པའི་དབང་གི་ལྕགས་ཀྱུ་བསྣམས། །གཡས་ཀྱི་ལྷ་མོ་རཏྣའི་མཚན། །གཡོན་པ་འདོད་འབྱུང་ནོར་བུ་བསྣམས། །གཡོན་གྱི་ལྷ་མོ་གངྒ་མ། །ཕྱག་གཡོན་སྙན་པའི་དུང་དཀར་སྒྲོགས། །ཀུན་ཀྱང་གཡས་པས་མདའ་དར་བསྣམས། །སྐུ་མདོག་དཀར་ལ་དམར་བའི་མདངས། །ཞི་ཆགས་དགྱེས་པའི་ཟུར་མིག་གཡོ། །གོས་ལྗང་གསེར་རིས་ལྭ་བ་གསོལ། །མི་འཇིགས་སྐུ་ཆིངས་དར་གྱིས་མཛེས། །གཟི་བྱུར་རིན་ཆེན་རྒྱན་གྱིས་སྤྲས། །འོད་ལྔའི་མདངས་ཀྱི་པང་ཁེབས་ཅན། །ཨུཏ་དམར་པད་མའི་ཐོད་གདེངས་དང་། །རིན་པོ་ཆེ་ཡི་པྲོག་ཞྭ་གསོལ། །”ཞེས་ལང་ཚོ་དར་ལ་བབས་པའི་ན་ཆུང་བུ་མོའི་ཚུལ་འཛིན་ཅིང་སྐུ་མདོག་དཀར་ལ་དམར་པོའི་མདངས་ཆགས་ཤིང་། གོས་ལྗང་གསེར་རིས་ཅན་གྱི་ཤམ་ལྭ་གསོལ་ཞིང་། གནག་ཅིང་སྣུམ་པའི་སྐྲ་རྒྱན་ལ་མུ་ཏིག་དང་ཉ་ཕྱིས། གཡུ་བྱུར་གྱིས་མཛེས་པར་སྤྲས། འོད་ལྔའི་མདངས་ཀྱི་པང་ཁེབས་དང་ཨུཏྤལ་དམར་པོའི་ཐོད་གདེངས། རིན་པོ་ཆེ་ཡི་པྲོག་ཞུ་སོགས་ཕུན་སུམ་ཚོགས་པའི་རྒྱན་གྱིས་མཛེས་པར་སྤྲས་ཡོད་ལ། ཚང་མས་ཆིབས་སུ་ཤྭ་བ་ཡུ་མོ་རེ་བཅིབས་ཡོད། ཡིན་ནའང་དེའང་མཐའ་གཅིག་ཏུ་མ་ངེས་ཏེ་ཁམས་བླ་ནམ་མཁའ་རྒྱ་མཚོས་གསུངས་པ་ལྟར་ན། “གོང་མས་ཤྭ་བཅིབས་པ། བར་མས་ཡུ་མོའི་སྟེང་བཞུགས་པ། ཞོལ་མས་འབྲོང་བཅིབས་པ་དང་སྐུ་མདོག་དམར་ནག་གི་སྐབས་དྲག་ཏུ་ཁྲོས་ནས་ཡོད།”ཅེས་གསུངས། གཞན་ཡང་གྲུབ་ཆེན་དོ་དོ་ཚང་གི་གཟིགས་སྣང་ལྟར་བཞེངས་ཟེར་བའི་ཐང་ཀ་ཞིག་ཏུ་ཚང་མས་འབྲོང་གཡག་བཅིབས་འདུག ད་དུང་ཐང་ཀ་གཞན་ཞིག་ཏུ་ལྷ་མོ་གཉིས་ཀྱི་སྐུ་མདོག་དཀར་པོ་དང་གཅིག་གི་སྐུ་མདོག་དམར་པོར་འདུག ན་བཟའ་དམར་སེར་དུ་སྣང་། གཙོ་མོས་སེང་གེ་བཅིབས་ཤིང་། གཞན་གཉིས་ཀྱི་གཅིག་གིས་གཡག་དང་ཅིག་ཤོས་ཀྱིས་དྲེལ་འདྲ་བ་ཞིག་བཅིབས་འདུག ཐང་ཀ་རྙིང་དྲག་པའམ་ཡང་ན་པར་རིས་རབ་རིབ་ཏུ་གྱུར་པས་གསལ་པོ་ཞིག་མཐོང་དཀའ། གཞན་ཡང་ཤྭ་བ་དང་དོམ་བཅིབས་པ་སོགས་ཀྱི་བཤད་ཚུལ་ཡང་སྣང་། དེ་ལྟར་ན་སྒེའུ་ལྷ་མོ་སྤུན་གསུམ་གྱིས་སྤྲུལ་བ་སྣ་ཚོགས་དུས་དང་དུས་སུ་འགྱེད་ཅིང་། སོ་སོའི་མཐོང་སྣང་ཡང་མི་འདྲ་བ་སྣ་ཚོགས་སུ་སྣང་ངེས།
       སྒེའུ་ལྷ་མོ་སྤུན་གསུམ་གྱི་ཆེ་བ་སྟེ་གནས་རི་གསུམ་གྱི་དབུས་ཀྱི་ལྷ་མོ་དེའི་མཚན་ལ་ཀུལྤེ་གསོལ་ཞིང་། ཕྱག་གཡོན་པར་ལྕགས་ཀྱུ་དང་གཡས་པར་མདའ་དར་བསྣམས། གཡས་ཀྱི་ལྷ་མོའི་མཚན་ལ་རཏྣ་ཞུ་ཞིང་ཕྱག་གཡས་པས་མདའ་དར་དང་གཡོན་པས་ནོར་བུ་བསྣམས་ཡོད། གཡོན་གྱི་ལྷ་མོའི་མིང་ལ་གངྒ་མ་ཞུ་ཞིང་། ཕྱག་གཡས་པས་མདའ་དར་དང་ཕྱག་གཡོན་པར་དུང་དཀར་བསྣམས་ཡོད།
       དེ་ཡང་རྣམ་པ་གསུམ་པོའི་མཚན་བོད་སྐད་དུ་ཀུལྤེ་ནི་རིག་བྱེད་མ་དང་། རཏྣ་ནི་རིན་ཆེན་མ། གངྒ་མ་ནི་དལ་འགྲོ་མ་བཅས་སུ་བསྒྱུར་ཆོག་པར་སྣང་།
གསུམ་པ། སྒེའུ་ལྷ་མོ་སྤུན་གསུམ་གྱི་ངག་རྒྱུན་སྐོར་གླེང་བ།
       བོད་ཡུལ་གྱི་རི་ཆུ་ནགས་གསུམ་གང་ཞིག་ཡིན་ཡང་དེ་ལ་མི་རབས་ནས་མི་རབས་སུ་བརྒྱུད་པའི་ངན་རྒྱུན་སྣ་ཚོགས་ཤིག་ཡོད་པ་ནི་ལོ་རྒྱུས་ཀྱི་བྱུང་བ་དང་འཕེལ་རིམ་ཞིག་ཡིན། ངག་རྒྱུན་དེ་དག་ལ་དྲང་ལྡོག་ཅི་རིགས་ཀྱིས་བལྟས་ན། དེ་ལས་སྐབས་དེའི་མི་རྣམས་ཀྱི་འདུ་ཤེས་འཛིན་སྟངས་ཤིག་དང་། རང་བྱུང་ཁམས་ལ་བཅངས་པའི་བརྩེ་བ་ཞིག་མཐོང་ཐུབ། ལྷག་པར་རང་གི་མེས་པོ་རྣམས་མི་བརྗེད་པའི་ཆེད་དུ་གནས་རིར་བཀོད་དེ་ད་རག་བར་དུ་མཆོད་ཅིང་བཀུར་ནས་ཡོང་བ་འདིས་མི་རྣམས་ཀྱི་བརྩེ་བ་ཁོ་ན་མ་ཟད། ད་དུང་ཁོང་རྣམས་ཀྱི་བློ་གྲོས་ཤིག་ཀྱང་མཚོན་ལ། འདི་ལས་ད་དུང་སྐྱེ་ཁམས་ལ་བཟུང་བའི་ཡང་དག་པའི་ལྟ་ཚུལ་ཞིག་ཀྱང་མངོན་པར་གསལ་འདུག
       ལྷ་སྒྲུང་འགའ་ཞིག་ཏུ་མི་སྣ་ག་གེ་མོ་ཞིག་གམ་ལྷ་ག་གེ་མོ་ཞིག་ལ་རི་བོ་འདི་དག་ཆེད་དུ་བཞེངས་པ་ལྟ་བུའི་བཤད་ཚུལ་ཡོད་ནའང་། དོན་དངོས་སུ་དེ་འདྲ་མིན་པར་ཐོག་མར་གངས་རི་དང་རྫ་རི། ནགས་རི་སོགས་རི་བོ་དེ་དག་ཡོད་པ་ནས་མི་སྣ་དེ་དག་གམ་ལྷ་དེ་དག་རི་བོ་དེར་བཀོད་དེ་གནས་རི་བྱུང་བ་རེད། སྒེའུ་ལྷ་མོ་སྤུན་གསུམ་ཡང་དེ་ལས་མ་འདས་ཏེ། སྒེའུ་ལྷ་མོ་ཞེས་པའི་བུད་མེད་གསུམ་གྱི་ལོ་རྒྱུས་དང་བཤད་ཚུལ་དེ་ཐད་ཀར་རྫ་རི་གསུམ་གྱི་སྟེང་དུ་སྦྱར་ཏེ། གཏམ་རྒྱུད་གསོན་ཉམས་ལྡན་པར་བྱས་པ་རེད། དེའི་ཕྱིར་འདི་ལ་དེ་མཚུངས་ཀྱི་ངག་རྒྱུན་ཀྱང་ཧ་ཅང་མང་པོ་ཡོད། སྒེའུ་ལྷ་མོར་མཚོན་ནའང་ངག་རྒྱུན་བཅུ་བཞི་ཙམ་འདུག་ལ། ངག་རྒྱུན་དེ་དག་ལ་གཞི་བྱས་ཏེ་གཙོ་བོ་འགའ་དམིགས་སུ་བགར་ཏེ་བརྗོད་ན། ཁོ་མོ་གསུམ་ནི་ཨ་མྱེས་རྨ་རྒྱལ་གྱི་སྲས་མོ་ཡིན་པ་དང་ཨ་མྱེས་བྲག་དཀར་གྱི་སྲས་ཐོག་ལྷ་སྤུན་གསུམ་གྱི་ཆུང་མ་ཡིན་པར་བཤད། བྲག་དཀར་སྤུན་གསུམ་གྱིས་ཨ་མྱེས་ཞང་ཧ་བྲག་གི་གམ་དུ་སྲས་མོ་སྤུན་གསུམ་སློང་བར་མངགས་པར་ཁོང་གིས་སྒེའུ་ལྷ་མོ་སྤུན་གསུམ་བག་མར་བྱིན། དེ་རྨ་ཆེན་སྦོམ་རས་ཤེས་ཏེ་ཞལ་བཞེས་ཁར་ཁོང་ཁྲོས་དབུས་སུ་ཆས། ཞང་པོས་དེ་མ་ཐག་རྫུ་འཕྲུལ་གྱིས་ཆུ་ཡི་མཆོད་པ་དང་འབྲུ་ཡི་མཆོད་པ་མང་པོ་བཤམས་ནས་འགྲོ་ལམ་བཀག་ཀྱང་མ་ཁོགས་པས་ཁོང་གི་གནས་རི་ལམ་ཁར་བསྙིལ་ཅིང་རང་ལུས་རིང་པོར་སྤྲུལ་ནས་མདུན་དུ་ཉལ་བས་འགྲོ་ལམ་ཡོངས་སུ་བཀག འབྲུ་ཡི་མཆོད་པ་དེར་བྱེ་མ་འབྲུ་དེའུ་ཟེར། དེ་གཉིས་ཀྱི་བར་དུ་ཞང་ཧ་བྲག་ཅེས་རི་རྒྱུད་ཅིག་འཕྲེད་དུ་ཡོད་ལ། སྔོན་གྱི་དུས་སུ་ལྷ་ཆེན་སྦོམ་རའི་གངས་ཀྱི་མདུན་ཨ་མདོའི་ཕྱོགས་སུ་འཁོར་ཡོད་ལ། སྐབས་འདི་ནས་བཟུང་དབུས་གཙང་ཕྱོགས་སུ་འཁོར་བར་གྲགས། དེ་ལྟར་ལམ་བཀག་པས་ལྷ་ཆེན་སྦོམ་རས་རྟ་ཁ་འཐེན་ཙམ་བྱེད་དུས། ཞང་པོས་མྱུར་དུ་རྟའི་སྲབ་སྐྱོགས་ནས་བཟུང་སྟེ་བཤོལ་བཏབ་པས། ལྷ་ཆེན་སྦོམ་རས་དབུས་ལ་མི་འགྲོ་བར་ཞལ་གྱིས་བཞེས་ཏེ་སྒེའུ་ལྷ་མོ་སྤུན་གསུམ་གྱིས་རྨ་ཆེན་མཐོང་བ་དང་། རྨ་ཆེན་གྱིས་ཀྱང་སྲས་མོ་གསུམ་མཐོང་བའི་གནས་ཤིག་ཡིན་ཚེ། སྲས་མོ་གསུམ་གྱི་ལས་དོན་ཁྱོད་ལ་གཏད་པ་ཡིན་ཞེས་ཁས་ལེན་ཞུས། སྲས་མོ་གསུམ་གྱིས་ཀྱང་ཞང་ཧ་བྲག་ལ། ངེད་གསུམ་འགྲོ་བའི་ས་ཆ་དེར་དུག་སྦྲུལ་སྣ་ཚོགས་ཀྱི་འཇིགས་པ་རྒོད་ཚུལ་སོགས་ཞུས་པ་བཞིན་དུ་ཞང་ཧ་བྲག་གིས་ལྷ་ཀླུ་གནོད་སྦྱིན་དང་། མི་མ་ཡིན་མཐུ་ཆེན་མང་པོ་ཡུལ་འདིར་བསྡུས་ཏེ་སྒེའུ་ལྷ་མོ་སྤུན་གསུམ་གྱི་གནས་རི་མཐོ་ལ་བརྗིད་ཆགས་པ་འདི་ཉིད་བཞེངས་ཤིང་། སྦྲུལ་རྣམས་ཕྱོགས་གཅིག་ཏུ་བསྡུས་པའི་ལུང་པ་དེའི་མིང་སྦྲུལ་ལུང་དུ་ཐོགས། དེ་ནས་བཟུང་སྒེའུ་ལྷ་མོ་སྤུན་གསུམ་གྱི་ཉེ་འགྲམ་དུ་སྦྲུལ་གཅིག་ཀྱང་མཐོང་རྒྱུ་མེད། སྦྲུལ་རྣམས་སྡུད་བཞིན་པའི་དུས་དེར་ཡུལ་འདིའི་ལྷོ་ནུབ་མཚམས་ནས་ཀླུ་བདུད་ཀྱི་ཆོ་འཕྲུལ་ལས་དུག་སྦྲུལ་ཆེན་པོ་ཞིག་བྱུང་བ་དང་དུས་མཚུངས་སུ། ལྷོ་ཕྱོགས་ནས་དཀར་ཕྱོགས་ལྷའི་སྤྲུལ་བའི་བྱ་རྒྱལ་ཁྱུང་ཆེན་ཞིག་གིས་ལྡིང་སྐོར་རྒྱག་བཞིན་དུག་སྦྲུལ་ཆེན་པོ་དེ་སྦར་འཛིན་བྱས་ནས་བཏུལ་ཏེ་རི་བོ་ཞིག་གི་སྟེང་དུ་བབས། དེའི་མིང་ལ་ཁྱུང་སྨན་རི་བོ་དང་རྭ་གཉིས་དང་མཆུ་བརྡར་བའི་ས་ལ་རིམ་པ་བཞིན་དུ་ཁྱུང་གི་རྭ་བར་དང་། ཁྱུང་མཆུའི་གད་ཀོར་ཟེར། དུག་སྦྲུལ་ཆེན་པོ་དེ་ནུར་བའི་ཤུལ་ཡུལ་འདིའི་ལྷོ་ནུབ་མཚམས་སུ་ཡོད་པ་དེར་ཧ་ལ་ཝོལ་ཟེར།
       ཨ་མྱེས་བ་ཡན་གྱི་རི་བོའི་གཡས་ཕྱོགས་སུ་མགྲོན་ལ་ཐང་ཟེར་བར་སྒེའུ་ལྷ་མོ་སྤུན་གསུམ་བག་མར་བསུ་བའི་སྟོན་མོ་བྱས་ཤིང་། སྒེའུ་ལྷ་མོ་སྤུན་གསུམ་གྱི་རི་བོའི་ཉེ་འདབས་སུ་སྒྱེད་གསུམ་ཟེར་བའི་རི་ཆུང་གསུམ་སུམ་ཚུགས་སུ་ཡོད་ལ། དེ་ནི་སྐབས་དེའི་བག་སྟོན་བྱེད་པའི་ཆེད་དུ་བཙུགས་པའི་སྒྱེད་པུ་ཡིན་པར་བཤད། སྐབས་དེར་འབའ་ནས་སྟོན་མོ་རྒྱ་ཆེན་པོ་བཤམས་ཏེ་འབབ་གཏམ་བཤད་པས་དེ་ནས་བཟུང་ས་དེའི་མིང་ལ་འབབ་ཅེས་ཐོགས་པ་སྒྲ་འགྱུར་ནས་འབའ་ཞེས་པར་གྱུར་ཅིང་། སྤྲུལ་པའི་བྱ་རིགས་དེ་དག་ཁྱུང་སྨན་གྱི་སྨད་ཀྱི་གཞུང་ཁོག་དེའི་རི་སོ་སོར་བབས་ཏེ་ངལ་གསོ་མཛད་པས་བྱ་གཞུང་གི་བྱ་དྲུག་སོགས་སུ་གྱུར་པས་བྱ་ཁོག་ཅེས་གྲགས་སྐད།
       གཞན་ཡང་སྒེའུ་ལྷ་མོ་སྤུན་གསུམ་ནི་བྲག་དཀར་སྤུན་གསུམ་གྱི་ཡུམ་ཡིན་ཟེར་ལ། བྲག་དཀར་སྤུན་གསུམ་གྱི་སྲིང་མོ་ནི་ཆུ་ཁོལ་གསུམ་ཡིན་ཞེས་ཀྱང་ཟེར། སྔོན་ཨ་ལགས་བ་སེར་ཚང་ཟེར་བས་ཆུ་མིག་སོགས་རི་ཁྲོད་འགྲིམ་སྐབས་ཨ་མྱེས་བྲག་དཀར་གྱིས་མགྲོན་བསུ་བྱས་པར་གྲགས། སྒེའུ་ལྷ་མོ་སྤུན་གསུམ་བྲག་དཀར་མཆེད་གསུམ་གྱི་སྲིང་མོ་ཡིན་ཟེར་བ་དང་། ཁྲ་མོ་སྤུན་གསུམ་དང་སྒེའུ་ལྷ་མོ་སྤུན་གསུམ་བ་ཡན་གཡུ་ཐོད་ཀྱི་བུ་མོ་ཡིན་ཟེར་བ་སོགས་ངག་རྒྱུན་སྣ་ཚོགས་རྟ་མོག་མོག་གི་སྤུ་ལྟར་འཛིང་ནས་ཡོད་དོ། །འདི་དག་ནི་རིག་གནས་ཤིག་གི་སྣང་ཚུལ་ཡིན་ལ། ལྷག་པར་ངག་རྒྱུན་རིག་གནས་ལ་ཐད་ཀར་ཡོད་པའི་སྣང་ཚུལ་རིགས་ཤིག་ཀྱང་ཡིན།
བཞི་པ། སྒེའུ་ལྷ་མོ་སྤུན་གསུམ་དང་མི་ཡི་བར་དུ་གྱོད་གཞི་བྱུང་བའི་སྐོར།
       འཇིག་རྟེན་ནི་སྣ་མང་རྙོག་འཛིང་གི་སྐྱེ་ལྡན་གྱི་ལུས་གཟུགས་ཧྲིལ་པོ་ཞིག་ཡིན་པས་དེའི་ནང་དུ་ནམ་ཡང་འགལ་བ་སྣ་ཚོགས་ཀྱིས་ཁེངས་ཡོད། དཔེར་ན་རྒྱལ་ཁབ་དང་རྒྱལ་ཁབ་བར། མི་རིགས་དང་མི་རིགས་བར། སྡེ་བ་དང་སྡེ་བའི་བར། མི་དང་མིའི་བར་ལའང་འགལ་བ་ཡོད་པར་མ་ཟད། ཐ་ན་མི་དང་ལྷ་ཡི་བར་དུའང་འགལ་བ་ཡོད་པ་རེད། འགལ་བ་དེ་དག་ཆེ་ས་ནས་ཕན་ཚུན་གྱི་མངའ་ཁོངས་རྩོད་རེས་དང་། ཆབ་སྲིད་དང་ཆོས་ལུགས་ཀྱི་གྲུབ་མཐའ་རྩོད་རེས་སོགས་འདུ་ལ། ད་དུང་མི་བསད་རྟ་འདེད་ཀྱི་ཤ་འཁོན་སོགས་འདུ་བའང་སྨོས་མ་དགོས། དེ་བཞིན་དུ་སྒེའུ་ལྷ་མོ་སྤུན་གསུམ་དང་སྡེ་བ་དང་ཚོ་བ་ཁ་ཤས་ཀྱི་ནང་དུའང་འགལ་བ་དང་གྱོད་གཞི་བྱུང་མྱོང་ཡོད། ཁམས་བླ་ནམ་མཁའ་རྒྱ་མཚོས“མེ་སྤྲེལ་ལོར། སྒིས་ཞོལ་དུ་རང་གཅིག་པུར་གནས་སྐབས་སུ་ནངས་མོ་ཐོ་རངས་ཤིག་ཏུ་སྣང་ཉམས་ལ། རི་དེའི་ནང་ངོ་ཀུན་བུད་མེད་ཚད་གཞལ་མེད་པས་གང་སྣང་། བུད་མེད་ཅིག་གིས་གནས་གཞི་འགའ་ཡང་སྟོན་པ་བྱུང་། ཉིན་དེར་ཉམས་དེ་ཁོ་ནར་བྱུང་བས་ཉིན་གུང་ལ་བོས་སྐད་ཐོས་མ་ཐག་ཀི་དིར་རེ། ཡང་གཅིག་བསད་དམ་ཟེར། ངས་མ་བསད་ཅེས་པས།ཡང་ལུག་གཅིག་བསད་སོང་སྡེ་བ་འདིས་ཤིན་ཏུ་ནས་འདུག་གི་མི་འཇུག་ཟེར་བ། ངས་བརྟགས་འདྲི་བྱས་པས་བྱི་བ་ཞིག་བསད་སྣང་།”སྒེའུ་ལྷ་མོའི་རི་ངོས་དང་རི་འདབས་ཀྱི་སྲོག་ཆགས་ཆེ་མ་ཆུང་གསུམ་གནས་རི་འདིའི་སྒོ་ཕྱུགས་ཡིན་ཞེས་ཚང་མས་གསོད་པར་འཛེམ་པ་ཞིག་ཡིན། འདིར་བུད་མེད་དེས་ཡང་ལུག་གཅིག་བསད་ཟེར་བའང་དོན་དངོས་སུ་བྱི་བ་ཞིག་ཡིན་པར་སྣང་ལ། མོའི་སྐད་ཆ་འདིའི་ཤུགས་ལས་འདི་འདྲའི་དོན་དག་སྔོན་ཆད་ཀྱང་བྱུང་མྱོང་བ་གསལ་པོར་བསྟན་ཡོད། ལྷ་མོ་ཡིན་རུང་བུད་མེད་ནི་ཕྲག་དོག་གི་རང་བཞིན་ཅན་ཡིན་པས“ཡང”སྒྲ་དེས་ཞེ་འཁོན་ཡོད་པ་མཚོན་གྱི་འདུག སྒེའུ་འདབས་སུ་ཡོད་པའི་སྡེ་བ་དག་ལ་འདི་འདྲའི་ངག་རྒྱུན་ཧ་ཅང་མང་པོ་བཤད་རྒྱུ་ཡོད། ངག་རྒྱུན་ཞིག་ལ། ཨ་མགྲོན་སྡེ་བ་ཟེར་བ་ཞིག་སྒེའུ་འདབས་སུ་སྡོད་སྐབས་འབྲོང་མིག་མེད་པ་ཞིག་བསད་རྗེས་སྨུག་རི་མའི་རྫ་གསེང་དུ་བུད་མེད་ཅིག་གིས་ངའི་འབྲི་ཞར་མ་ཞེས་ཀི་བཏབ་ནས་འབོད་པ་དང་། ཁྱེད་ཚོས་མི་བཤད་ན་ངས་ཁྱི་མོ་གཏོང་རྒྱུ་ཡིན་ཞེས་ཟེར། འདི་ནི་མོའི་སྒོ་ཟོག་དངོས་ཡིན་པ་དང་ཉིན་དེའི་ཕྱི་དྲོར་ཆར་བ་དྲག་པོ་བབས་པས་མི་ཚད་ཐོག་འཕེན་པ་སོགས་བྱས། རྐྱེན་དེས་ས་ཆ་དེར་ཆག་འཇིགས་བྱུང་བ་མོའི་སྒོ་ཟོག་བསད་པའི་རྣམ་སྨིན་ཡིན་པ་དང་ཁོ་ཚོས་བསང་མཆོད་བྱེད་པ་དང་དར་ལྕོག་བཙུགས་ནས་འབྲི་མོ་ཞིག་ལ་སྲུང་བཏགས་ནས་ཚེ་ཐར་ལ་བཏང་ཡང་ཕན་མ་ཐོགས་རྐྱེན། རེབ་གོང་གི་གྲུབ་དབང་ནམ་མཁའ་རྒྱལ་མཚན་ཚང་ཞུས་ནས་མི་དང་སྒེའུ་ལྷ་མོ་གཉིས་ཀྱི་དོན་རྐྱེན་བཤད་ཀྱང་མ་ཤོད་སྟབས་ཉིན་དྲུག་བདུན་ལ་རྔ་བརྡུང་དུང་འབུད་བསང་མཆོད་སོགས་བྱས་ནས་འབྲི་མོ་སོགས་ཚེ་ཐར་ལ་བཏང་མཐར་ཐམས་ཅད་འདུམ་འགྲིག་བྱུང་བ་ཡིན་པར་གྲགས། འདི་ལས་ང་ཚོས་ཤེས་ཐུབ་པ་ནི་གྱོད་གཞི་གཙོ་བོ་སྒེའུ་ལྷ་མོ་སྤུན་གསུམ་གྱི་སྒོ་ཟོག་འབྲི་ཞར་མ་བསད་པས་ཡིན་ལ། ཨ་མགྲོན་སྡེ་བས་འབྲི་ཞར་མ་བསད་པར་རྐྱེན་བྱས་ཏེ། སྒེའུ་ལྷ་མོས་ཆར་ཞོད་དང་ཐོག་སེར་གྱིས་ཡུན་རིང་རྒོལ་བས་གྱོད་གཞི་འདི་གྲུབ་དབང་ནམ་མཁའ་རྒྱལ་མཚན་ཚང་གིས་ཀྱང་དེ་འདྲའི་ལས་སླ་བོའི་ངང་བཤད་མ་ཐུབ་པའི་ངག་རྒྱུན་བྱུང་ཡོད། ཡང་དེ་དང་འདྲ་བར། ཨ་མགྲོན་སྡེ་བའི་རྔོན་པ་གཉིས་ཀྱིས་སྒེའུ་ལྷ་མོའི་འདབས་སུ་འབྲོང་བསད་པས་ཨ་མགྲོན་སྡེ་བ་ས་འདིར་འདུག་མ་བཟོད་པར་གཞན་ཕྱོགས་སུ་སོང་ཟེར་བ་སོགས་ལས་ཨ་མགྲོན་སྡེ་བས་སྒེའུ་འདབས་སུ་འབྲོང་ཞིག་བསད་པའི་དོན་དག་འདི་དེ་འདྲའི་ཆ་རྒྱུས་མེད་པ་ཞིག་མིན་པར་ཉེ་རབས་ཀྱི་ལོ་རྒྱུས་ཁོ་ནར་སྣང་། ད་དུང་ངག་རྒྱུན་ཞིག་ལ། ཨ་མགྲོན་ཚང་སྒེའུ་ལྷ་མོའི་རྩར་རུ་བ་སྤར་ནས་བསྡད་པ་དང་། སྔགས་འཆང་བཟའ་མི་གཉིས་ཡོད། དེ་ལ་བུ་མོ་ཞིག་ཡོད་པས་ལུག་རྫིར་སོང་ནས་ལུག་གི་ནང་སྤྱང་ཀི་བརྒྱུགས་ཏེ་ལུག་མང་པོ་བསད། སང་ཉིན་སྤྱང་ཀི་ལ་དམོད་རྒྱུ་ཡིན་ཟེར་ནས་གཏོར་མ་དང་སྔགས་བགྲང་བར་བྱས། གཏོར་མ་འགའ་བཅོས་ནས་ཇ་རྡུང་བྱེད་ཀྱི་ཤིང་རྐོའི་ནང་བཞག ཁོའི་ཨ་མས་མ་ཤེས་པར་ཇ་དང་གཏོར་མ་གཉིས་བརྡུང་བར་བྱས་ནས་རང་གིས་ཟོས་པ་ན། ཐོ་རངས་དུས་སུ་རྨི་ལམ་དུ་བུད་མེད་གཞན་དང་མི་མཚུངས་པ་ཞིག་སླེབས་ནས་འདི་ལྟར་ཟེར།ཁྱེད་ལ་ངས་ལུག་གི་སྐྱིན་པ་སྟེར་ཟེར། སྔགས་པས་བཤད་རྒྱུར། བུ་མོ་ལགས། དེ་རིང་ཁྱོད་ཀྱིས་ལུག་དེད་ནས་སྒེའུ་འདབས་སུ་སོང་དང་སེམས་ཀྱི་ཏིང་ངེ་འཛིན་སྟེར་བ་ཡིན་ལ།གོ་གསེང་ལ་སོང་དང་ལུག་སྟེར་བར་མ་ཟད་རྣ་བའི་ནང་ན་གསེར་གྱི་དུང་ཙེ་ལྟ་བུའི་སྤུ་མདོག་སེར་པོ་ཡོད་པ་དང་ལུག་མི་བརྩི་བར་བྱོས་དང་འུ་ཚང་གི་བསམ་དོན་འགྲུབ་ཟེར། དངོས་གནས་མོས་གོ་གསེང་དུ་ལུག་དེད་པ་ན། ཅང་མི་མཐོང་བས་ལུག་བཀྲམ་ནས་རྩྭ་ཟ་བཞིན་པའི་སྐབས་སུ་ལུག་མཐའ་ཞོགས་ཤིག་བྱས། ཁོ་ཚང་གི་ལུག་དཀྱིལ་ན་གད་པ་ཞིག་ཡོད་སའི་དཀྱིལ་ནས་ལུག་གཅིག་རྗེས་གཉིས་མཐུད་དུ་བུད་བྱུང་བས་མོ་ངོ་མཚར་བར་གྱུར་ཏེ་ཁོང་ཚང་གི་ལུག་ཚང་ངམ་འདོད་ནས་བརྩིས་པ་ན། ལུག་དེ་དག་གི་མཚམས་ཆད་པར་གྱུར། དངོས་གནས་ལུག་དེ་དག་གི་རྣ་དཀྱིལ་སེར་པོ་གོར་གོར་དུང་ཙེ་ལྟ་བུར་ཡོད། དེ་ནས་བཟུང་ཨ་མགྲོན་ལ་གཏེར་ལུག་མང་པོ་ཐོབ་པ་དང་ལུག་རྒྱུད་ཤིན་ཏུ་ལེགས་པོ་བྱུང་བར་མ་ཟད། ལུ་གུ་སོགས་ཀྱི་རྣ་དཀྱིལ་ན་སེར་གོར་ཞིག་ཡོད། ལོ་དུ་མའི་རིང་ལུག་རྒྱུད་མ་ཆད་པར་མ་ཟད་གཞན་གྱི་མི་སོགས་ཀྱང་གནས་དེར་སོང་ནས་ལུག་ཉོ་མཁན་མང་པོ་འོང་བའང་ལུག་རྒྱུད་བཟང་ཞིང་གཏེར་ལུག་ཡིན་པའི་ཆ་ནས་ཡིན་པར་བཤད། དེའི་རྗེས་སུ་མི་སུ་ཞིག་ཡིན་པ་མི་ཤེས་མོད། ཨ་མགྲོན་གྱི་མི་ཞིག་གིས་ཡུ་མོ་མིག་ཡ་ཕྱེད་ཞར་བ་ཞིག་སྒེའུ་སྒང་ནས་བསད་པས་ཉིན་གུང་གི་དུས་ཚོད་ལ། བུ་མོ་ཞིག་གིས་མཛོ་ཞར་མ་ཟེར་ནས་སྨུག་ལོང་ནང་འབོད་པ་དེར་ཡོད་ཐམས་ཅད་ཀྱིས་གོ་བ་ལ། དེ་ནས་བཟུང་ཨ་མགྲོན་གྱི་མི་ལ་ན་ཚ་དང་ཕྱུགས་ལ་གོད་ཁ་མང་དུ་བྱུང་། ཁོ་ཚོ་འདུག་མ་བཟོད་པས་སྒེའུ་ལྷ་མོ་དང་ཨ་མགྲོན་སྡེ་བ་གཉིས་ཀྱི་གྱོད་ཐེངས་གསུམ་ལ་བཤད་ཀྱང་མ་ཤོད་པ་སོགས་བྱུང་བར་གཞིགས་ན། སྒེའུ་ལྷ་མོ་དང་གྱོད་བྱུང་ཚེ། གྱོད་དེ་དེ་འདྲའི་སླ་པོར་བཤད་དཀའ་བར་སྣང་མོད། རྗེས་སུ་ཕྱུགས་ཟོག་མང་པོ་ཚེ་ཐར་དུ་བཏང་བ་དང་བསང་མཆོད་རྒྱ་ཆེར་བྱས་ལ། བླ་མ་མང་པོས་དཀའ་ཚེགས་ལ་མ་འཛེམ་པར་ཡང་དང་ཡང་དུ་བཤད་པས་མཇུག་མཐར་ཕན་ཚུན་གྱི་གྱོད་འགྲིག་སོང་བའི་ངག་རྒྱུན་རབས་དང་རིམ་པ་ཡོད།
       ངག་རྒྱུན་འདི་དག་ནི་ཁུངས་མེད་རྟོག་བཟོ་རྐྱང་བ་ཞིག་ཀྱང་མིན་མོད། ཡིན་ནའང་། འདི་ནི་ངག་རྒྱུན་ཏེ་ངག་རྒྱུན་རང་ལ་ཡོད་པའི་ལོ་རྒྱུས་ཀྱི་བདེན་པ་དང་འཆར་ཡན་གྱི་སྣང་ཚུལ་ཡིན་ནོ། །

ཟུར་ལྟའི་དཔྱད་གཞི།
[1] ལྕམ་རིག་སྲས་ཀྱིས་རྩོམ་སྒྲིག་བྱས། «ཡུལ་མདོ་སྨད་ཀྱི་སྲིད་པའི་ཡུལ་ལྷ་གཞི་བདག་གི་བྱུང་བ་བརྗོད་པའི་དེབ་ཐེར་ཁྲ་བོ» [M]. ཅང་ཧོ་གློག་རྡུལ་དཔེ་སྐྲུན་ཁང་། 2011ལོ།
[2] སྤྱི་ཁྱབ་རྩོམ་སྒྲིག་པ་བློ་བཟང་ལྷུན་གྲུབ་རྡོ་རྗེ། «མཚོ་བོད་མཐོ་སྒང་གི་རི་ཆུའི་རིག་གནས»(མཚོ་ལྷོའི་གླེགས་བམ) [M]. ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2016ལོ།
[3] ལྕམ་རིག་སྲས་ཀྱིས་རྩོམ་སྒྲིག་བྱས། «ཡུལ་མདོ་སྨད་ཀྱི་སྲིད་པའི་ཡུལ་ལྷ་གཞི་བདག་གི་བྱུང་བ་བརྗོད་པའི་དེབ་ཐེར་ཁྲ་བོ» [M]. སི་ཁྲོན་དུས་དེབ་ཚོགས་པ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2014ལོ།
[4] ལྕེ་ནག་ཚང་ཧཱུཾ་ཆེན་དང་ཡེ་ཤེས་འོད་ཟེར་སྒྲོལ་མས་བསྒྲིགས། «རེབ་ཀོང་སྔགས་མང་གི་ལོ་རྒྱུས་ཕྱོགས་བསྒྲིགས» [M]. མི་རིགས་དཔེ་སྐྲུན་ཁང་། 2004ལོ།
[5] འབལ་གཞུང་ཁྱུང་ཐར་རྒྱལ། «བོད་རིག་པའི་དཔྱད་གླེང་མུ་ཏིག་དཀར་པོའི་སྒྲོམ་ཆུང» [M]. མི་རིགས་དཔེ་སྐྲུན་ཁང་། 2018ལོ།
[6] སུམ་པ་འབྲུག་མོ་བྱམས་ཀྱིས་བསྒྲིགས། «གེ་སར་གསོལ་མཆོད་བདམས་བསྒྲིགས་འདོད་དགུའི་བང་མཛོད» [M]. ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2021ལོ།
འབྲེལ་ཡོད་འོས་སྦྱོར།