logo

གྲོ་སོ་ཕྱེ་མར་སྒྲིག་སྟངས་དང་མཚོན་དོན།

རྩོམ་པ་པོ།: ཡོང་ཁུངས།:བོད་ལྗོངས་ཉིན་རེའི་ཚགས་པར། དུས་ཚོད།:2026-02-10 ཀློག་གྲངས།:
       ཕྱེ་མར་ནི་བཀྲ་ཤིས་པའི་རྟེན་འབྲེལ་གྱི་བྱ་བ་ཚང་མའི་ནང་སྤྱོད་པའི་བཀྲ་ཤིས་ཀྱི་རྫས་ཆ་མེད་དུ་མི་རུང་བ་ཞིག་ཡིན་ཞིང་། དཔེར་ན་ལོ་གསར་དང་། ཁང་གསོལ།གཉེན་སྒྲིག་སོགས་རྟེན་འབྲེལ་གྱི་བགྱིད་སྒོ་ཡོད་དགུ་མཐའ་དག་ལ་གྲོ་སོ་ཕྱེ་མར་སྤྱོད་ཀྱི་ཡོད།
       དེ་ཡང་ཕྱེ་མར་འབུལ་བའི་རྟེན་འབྲེལ་གྱི་མཚོན་དོན་ནི། གནའ་མིའི་ངག་རྒྱུན་དུ་ལོངས་སྤྱོད་འབོ་ལ་འཇལ་འཇལ་ཡོང་བ་ཤོག་ཅེས་པའི་རྟེན་འབྲེལ་གྱི་མཚོན་དོན་དུ་བསྟན་འཛིན་ཁལ་རུ་ཞེས་པའི་འབོ་དང་རྒྱ་མ་ཉི་ཤུ་རྩ་བརྒྱད་ཀྱི་འབོ་གཉིས་སོ་སོར་གཅིག་ལ་གྲོ་དང་། ཡ་གཅིག་ལ་རྩམ་པས་བཀང་སྟེ་གྲོའི་སྟེང་ཚྭ་རྡོག་དང་། རྩམ་པའི་སྟེང་མར་རྡོག་ལྔའམ་གསུམ་འཇོག་པ་དང་། མི་རེ་རེས་བཏེགས་ནས་རྟེན་འབྲེལ་ཞུ་བའི་སྲོལ་ནས་རིམ་བཞིན་སྟབས་བདེ་བའི་ཆེད་མི་གཅིག་གིས་འཁྱེར་ཆོག་པའི་དེང་སྐབས་སྤྱོད་པའི་འབོ་ཉིས་སྦྲེལ་བཟོས་པར་ཚོན་རིས་བཀྲ་ཤིས་རྟགས་བརྒྱད་དམ། བཀྲ་ཤིས་རྫས་བརྒྱད། ནོར་བུ་ཆ་བདུན་སོགས་རྟེན་འབྲེལ་གྱི་ཚོན་རིས་ཀྱིས་རྣམ་པར་མཛེས་པར་བྱེད་ཀྱི་ཡོད། དེ་ཡང་། མཁས་པའི་གསུང་རྒྱུན་ལ་ཕྱེ་མར་འདེགས་པ་པོའི་ལག་གཡས་སུ་གྲོ་བླུག་དགོས་པ་དང་། གཡོན་དུ་ཕྱེ་མར་བླུག་དགོས། གྲོ་ནི་ཁ་དྲོ་བའི་རྟེན་འབྲེལ་དང་། རྩམ་ཕྱེ་ནི་ལུས་འཚོ་བའི་བདུད་རྩིའི་ཟས་ལ་ལོངས་སྤྱོད་པའི་རྟེན་འབྲེལ་མཚོན་བྱེད་རེད། གྲོ་དང་ཕྱེ་མར་གྱི་ཐོག་ཏུ་མཐུན་པ་སྤུན་བཞི་དང་། ཚེ་རིང་རྣམ་དྲུག རྟགས་བརྒྱད་བུམ་གཟུགས། དེ་བཞིན་བསྡུས་པར་མེ་ཏོག་དང་། ཉི་ཟླ་མེ་རིས་སོགས་ཀྱིས་བརྒྱན་པའི་རྩེ་སྒྲོ་དང་། གྲོའི་སྙེ་མ། མེ་ཏོག་བཅས་འཛུགས་དགོས་པ་དང་། མགྲོན་པོ་ཕེབས་དུས་འབོ་ཉིས་སྦྲེལ་དེ་འདེགས་འབུལ་ཞུས་ནས་དགའ་བསུ་སྣེ་ལེན་ཞུ་ཞིང་། སྐུ་མགྲོན་གྱིས་གུས་ཞབས་དང་བཅས་ཕྱེ་མར་བླངས་ཏེ། བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས། ཨ་མ་བག་དྲོ་སྐུ་ཁམས་བཟང་། གཏན་དུ་བདེ་བ་ཐོབ་པར་ཤོག་ཅེས་ལོ་གསར་པའི་ནང་བཀྲ་ཤིས་རྟེན་འབྲེལ་ཡོང་བར་སྨོན་འདུན་ཞུ་གི་ཡོད། ད་དུང་ཕྱེ་མར་འབུལ་བའི་མཚོན་དོན་གཞན་ཞིག་ནི། བོད་རིགས་ཀྱི་ས་ཁུལ་དུ་ཞིང་འབྲོག་གཉིས་ཀྱི་ཐོན་སྐྱེད་བྱེད་སྒོ་གཙོ་བོར་འཛིན་ཞིང་། ཞིང་པའི་ཐོན་སྐྱེད་ཀྱི་གཙོ་བོའམ་མཆོག་དེ་འབྲུ་རིགས་ཡིན་པ་དང་། འབྲོག་པའི་ཐོན་ཁུངས་ཀྱི་གཙོ་བོ་མར་ནི་འཚོ་བའི་དགོས་མཁོའི་ནང་གི་ཨང་དང་པོ་ཡིན་པའི་རྒྱུ་མཚན་གྱིས་ལོ་གསར་པའི་ནང་ཟས་ནོར་ལོངས་སྤྱོད་འབོ་ལ་འཇལ་ནས་མཛོད་དུ་འཇུག་རྒྱུ་ཡོང་བའི་བཀྲ་ཤིས་རྟེན་འབྲེལ་སྒྲིག་པའི་སྲོལ་ཡང་ཡོད་པ་རེད།
འབྲེལ་ཡོད་འོས་སྦྱོར།