logo

གླིང་སྒྲུང་གི་མི་སྣའི་གཟུགས་བརྙན་ཞིབ་འབྲིའི་སྐོར་ལ་དཔྱད་པ། གཅིག

རྩོམ་པ་པོ།:གཅོད་པ་དོན་གྲུབ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2026-05-14 ཀློག་གྲངས།:
[ནང་དོན་གནད་བསྡུས།] དཔྱད་རྩོམ་འདིའི་ནང་དུ་གཙོ་བོ་གླིང་སྒྲུང་གི་མི་སྣའི་གཟུགས་བརྙན་ཞིབ་འབྲི་གནང་བ་ལེགས་འགྲུབ་བྱུང་ཡོད་པའི་དྲང་ལྡོག་ཕྱོགས་ཀྱི་དཔེ་མཚོན་དུ་གྱུར་བའི་མི་སྣ་དང་བླ་གནས། ལྷ་བྱ་མོ་བ། སྤྲུལ་བསྒྱུར་གྱི་མི་སྣ་བཅས་དང་། ད་དུང་གླིང་སྒྲུང་ནང་དུ་བཞེངས་སྐྲུན་གནང་བའི་མོ་སྨན་དང་ངོ་གཉིས་མའི་གཟུགས་བརྙན་སོགས་ལ་དབྱེ་ཞིབ་བྱས་ཡོད།
[བརྡ་ཆད་གཙོ་བོ།] གླིང་སྒྲུང་། མི་སྣ་ཞིབ་འབྲི། ཞིབ་འཇུག

དང་པོ། གླིང་སྒྲུང་གི་མི་སྣའི་གཟུགས་བརྙན་ཞིབ་འབྲིའི་སྤྱི་བཤད།
       དེ་ཡང་རྩོམ་རིག་གི་བརྩམས་ཆོས་གང་ཡིན་རུང་ནམ་ཡང་ཉམས་པ་མེད་པར་ཡུན་རིང་དུ་མི་རྣམས་ཀྱི་སེམས་ཁོང་དུ་གསོན་པོར་གནས་ཤིང་། ཡིད་འགུག་གི་ནུས་པ་གཞལ་མེད་ཅིག་ཡོད་ཐུབ་མིན་གྱི་གནད་འགག་གཙོ་བོ་སྟེ། བརྩམས་ཆོས་ནང་གི་མི་སྣའི་གཟུགས་བརྙན་གསར་བཞེངས་བགྱིས་པ་ལེགས་མིན་ལ་རག་ལས་ཡོད་པ་རེད། གལ་སྲིད་བརྩམས་ཆོས་ཤིག་སྒྲིག་གཞི་རྒྱ་ཆེ་ལ་གཏམ་རྒྱུད་ཆ་ཚང་བ། གོ་རིམ་ཀྱག་ཀྱོག་ལྡན་ན་ཡང་གསོན་ཉམས་ལྡན་ཞིང་དཔེ་མཚོན་གྱི་དོན་སྙིང་མཆིས་པའི་མི་སྣའི་གཟུགས་བརྙན་ཞིག་ལེགས་བཞེངས་མ་ཐུབ་ན། བརྩམས་ཆོས་དེར་བླ་སྲོག་མེད་པ་དང་མཚུངས་པས་ཡུན་རིང་དུ་སྤེལ་བ་དང་གནས་པའི་སྐལ་བ་ཤིན་ཏུ་ཕྲ་ཞེས་བརྗོད་ཀྱང་ཆོག
       གླིང་གེ་སར་རྒྱལ་པོའི་སྒྲུང་ལ་མཚོན་ན་མི་རབས་ནས་མི་རབས་བར་དུ་གདོང་དམར་བོད་ཀྱིས་ཡིད་བཞིན་གྱི་ནོར་བུ་ལྟར་དུ་དགའ་ཞིང་གུས་པར་བགྱིད་པ་དང་། དེར་ཉམས་མེད་ཀྱི་སྒྱུ་རྩལ་གྱི་སྲོག་ཤུགས་ཆེན་པོ་ཞིག་མཆིས་པའི་རྒྱུ་མཚན་དེ་ཡང་བརྩམས་ཆོས་འདིར་མི་སྣའི་གཟུགས་བརྙན་གསར་བཞེངས་ཐད་དུ་ཕུན་སུམ་ཚོགས་པའི་འབྲས་བུ་སྨིན་པས་སོ། །
       ངེད་ཅག་གིས་བསྡོམས་རྩིས་བྱས་པ་ལྟར་ན། གླིང་སྒྲུང་ཁོ་ནའི་ནང་དུ་ལྷ་ཡུལ་ཁམས་ནས་མི་ཡུལ་གྱི་བར་དང་། ཀླུ་ཡུལ་ནས་དམྱལ་ཁམས་བར་དུ་སྒྱུ་རྩལ་གྱི་གཟུགས་བརྙན་སུམ་སྟོང་ལྷག་གསར་བཞེངས་བགྱིས་ཡོད། འདི་འདྲའི་སྒྱུ་རྩལ་གྱི་གཟུགས་བརྙན་མང་པོ་ཞིག་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་ལོ་རྒྱུས་སྟེང་དང་ཡང་ན་འཛམ་གླིང་རིག་གནས་ཀྱི་ལོ་རྒྱུས་སྟེང་ན་ཡང་ཉིན་མོའི་སྐར་མ་ཇི་བཞིན་དཀོན་པོ་འདུག འདི་ནི་རྩོམ་རིག་ལོ་རྒྱུས་ཐོག་གི་ཁྱད་མཚར་ཞིག་རེད་ཅེས་བརྗོད་ན་ཅི་མ་རུང་། གླིང་སྒྲུང་ལ་ཆ་མཚོན་ན་ད་དུང་འཚོལ་སྡུད་དང་དག་སྒྲིག་བྱེད་བཞིན་པའི་སྒང་ཡིན་ལ་སྒྲུང་དཔེ་ཡང་སྙིང་ག་འདྲ་ཞིག་ཡོད་མིན་ད་དུང་ཤེས་མི་ཐུབ།
       དམངས་ཁྲོད་དུ་སྒྲུང་པ་ཡང་མང་པོ་བྱུང་དང་འབྱུང་བཞིན་མཆིས། སྒྲུང་པ་སྐད་གྲགས་ཅན་ཚེ་རིང་དབང་འདུས་དང་གུ་རུ་རྒྱལ་མཚན་གཉིས་ཀྱིས་བཤད་ཤེས་པ་དང་འབྲི་ཤེས་པའི་སྒྲུང་གྲངས་འབའ་ཞིག་ཉིས་བརྒྱ་དྲུག་ཅུར་སླེབས་འདུག དེ་བས་སྒྲུང་ནང་དུ་མི་སྣ་ག་འདྲ་གསར་བཞེངས་བགྱིས་ཡོད་པ་ད་ལྟ་འཁྲུལ་མེད་ཀྱི་ཁ་གྲངས་ཤིག་བརྗོད་དཀའ་མོ་ལགས། ཡིན་ནའང་སྒྲུང་ནང་གི་མི་སྣ་སུམ་སྟོང་ལས་ལྡབ་འགྱུར་གྱི་ཇེ་མང་དུ་འཕར་བ་ནི་བསྙོན་དུ་མེད། གང་ལྟར་ཡང་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་འདིའི་ནང་དུ་སྔ་གཞུག་ཏུ་མི་སྣ་སྟོང་ཕྲག་འགའི་གཟུགས་བརྙན་ཞིབ་འབྲི་དང་གསར་བཞེངས་བས་པ་ཤིན་ཏུ་ལེགས་གྲུབ་བྱུང་ཞིང་། དེ་ལས་དཔེ་མཚོན་དུ་གྱུར་བའི་མི་སྣའི་གཟུགས་བརྙན་བཅུ་ཕྲག་མང་པོ་མཆིས། གླིང་གེ་སར་རྒྱལ་པོ་དང་སྤྱི་དཔོན་ཁྲ་རྒན། འབྲུག་མོ། རྒྱ་ཚ་ཞལ་དཀར། ཁྲོ་ཐུང་། བདུད་ཀླུ་བཙན་སོགས་དང་། གཞན་ད་དུང་ཁོག་རྒྱ་ཡངས་པའི་སེང་བློན་རྒྱལ་པོ། བློ་རིག་འཛོམས་པའི་ཚ་ཞང་འདན་མ། ཁ་ལྕེ་བདེ་བའི་མི་ཆུང་ཁ་བདེ། སྤྱང་གྲུང་ལྡན་པའི་ཆོས་སྐྱོང་བེར་ནག བློ་སེམས་དཀར་བའི་ཤན་པ་རྒྱལ་པོ། བྱམས་བརྩེ་ལྡན་པའི་འགོག་བཟའ་ལྷ་མོ། ཕྲག་དོག་ཅན་གྱི་རྒྱ་བཟའ། བློ་ཁོག་ཆེ་བའི་མེ་བཟའ། གདུག་རྩུབ་ཅན་གྱི་ཨ་སྟག་ལྷ་མོ། ཧམ་པ་ཅན་གྱི་གུར་དཀར་རྒྱལ་པོ། རང་ཚོད་མེད་པའི་ས་དམ་རྒྱལ་པོ། ངན་རིགས་ཚང་བའི་ཤིང་ཁྲི་རྒྱལ་པོ་ལ་སོགས་ཞིབ་འབྲི་བྱས་པ་གསོན་ཉམས་ལྡན་ཞིང་སྤྱི་ཚོགས་འཚོ་བའི་ནང་གི་མི་གསོན་པོ་ཞིག་གི་སྣང་ཚུལ་ཡང་མ་བཅོས་རང་ཤུགས་སུ་ཤར་དུ་བཅུག་ཡོད། འདིར་ཡང་གླིང་སྒྲུང་འདི་རྒྱ་ཆེ་ཞིང་གཏིང་ཟབ་པའི་སྒྱུ་རྩལ་གྱི་རིན་ཆེན་བང་མཛོད་ཅིག་ཡིན་པའང་གསལ་བཤད་ཡིད་ལ་ངེས་པ་ཞིག་བྱས་ཡོད།
       གླིང་སྒྲུང་འདིར་མི་སྣའི་གཟུགས་བརྙན་གསར་བཞེངས་བགྱིད་པ་ཁོ་ན་མིན་པར་ད་དུང་ལྷ་ཀླུ་གཉན་གསུམ་དང་དགྲ་ལྷ་ཝེར་མ། ཡུལ་ལྷ་གཞི་བདག་དང་ལྷ་བྱ་མོ་བ་རྩིས་པ། བླ་ལྕགས་བླ་ཤིང་བླ་འབྲོང་བླ་བྱ། བདུད་དང་འདྲེ་སྲིན་ལ་སོགས་བགྲང་ལས་འདས་པ་ཞིག་གི་སྒྱུ་རྩལ་གྱི་གཟུགས་བརྙན་ཞིབ་འབྲི་བྱས་ཡོད། མི་སྣ་གང་དང་གང་ཡིན་ཡང་གཟུགས་བརྙན་ལེགས་པོ་ཞིག་བཞེངས་སྐྲུན་བགྱིས་ན་མིང་དང་ཚིག་ལ་བརྟེན་དགོས་པ་འདི་ཀུན་གྱིས་ཤེས་གསལ་ལྟར་རོ། །
       གལ་སྲིད་སྒྲུང་དཔེ་འདིར་བརྗོད་བྱའི་དོན་ཕུན་སུམ་ཚོགས་པ་ཞིག་ཡོད་ཀྱང་རྗོད་བྱེད་ཀྱི་ཚིག་སྙན་ཞིང་འཇེབས་པ་ཞིག་མེད་པའི་དབང་དུ་བཏང་ན། རྩོམ་རིགས་གང་ཡང་འདྲེན་བྱེད་ཀྱི་དགའ་སྟོན་དང་རྣ་བའི་བདུད་རྩིར་མི་འགྱུར་ཞིང་། གལ་ཏེ་རྗོད་བྱེད་ཀྱི་ཚིག་གིས་ཕྱུག་ཀྱང་གང་ལ་གང་འཚམ་གྱི་ཚིག་རྒྱན་སྣ་ཚོགས་ཀྱིས་ཡོངས་སུ་མཛེས་པར་མ་སྤྲས་ན། བུ་མོ་མཛེས་མ་སྒྲེན་པོར་རྒྱུ་བའི་དཔེ་བཞིན་རྩོམ་རིག་ལ་ཡིད་འགུག་གི་ནུས་པ་ཐོན་མི་ཐུབ། གལ་སྲིད་རྗོད་བྱེད་ཀྱི་ཚིག་རྣམ་པར་མཛེས་ཀྱང་བརྗོད་བྱའི་དོན་ཕུན་སུམ་ཚོགས་པ་ཞིག་མེད་པའི་དབང་དུ་བཏང་ནའང་། ཤ་རུས་འཛོམས་པའི་རྩོམ་ཡིག་ལེགས་པོ་ཞིག་ཡོང་མི་ཐུབ། གང་ལྟར་ཀྱང་རྩོམ་ཡིག་གང་དང་གང་ཡིན་རུང་ཐམས་ཅད་ཡི་གེ་ལས་མིང་དང་། མིང་ལས་ཚིག ཚིག་ལས་དོན་སྟོན་པའི་བརྒྱུད་རིམ་འདི་མ་བརྒྱུད་ན། ཚིག་བརྡ་སྤྲོད་པའི་ཐབས་ཤེས་ཙམ་ཡང་དབེན་པས་ཅི་ནས་ཀྱང་བརྒྱུད་དགོས་པ་ནི་རྩོམ་རིགས་ཀུན་གྱི་བགྲོད་ལམ་འབའ་ཞིག་ཡིན། སི་ཏ་ལིན་མཆོག་གིས་ཇི་སྐད་དུ། མིང་ཚིག་ནི་རྗོད་བྱེད་ཚིག་གི་ཕྲེང་བ་འཛུགས་སྐྲུན་བྱེད་སྤྱད་ཀྱི་རྒྱུ་ཆ་ཡིན་ཞེས་གསུངས་པ་ལྟར། རྩོམ་རིག་གང་ཡིན་རུང་མིང་ངམ་ཐ་སྙད་ནི་ཚིག་སྦྱོར་གྱི་རྨང་གཞིའི་རྒྱུ་ཆ་ཡིན་ཞིང་། ཚིག་ཕྲེང་ནི་རྩོམ་ཡིག་གི་གཞལ་ཡས་ཁང་ལེགས་པར་ཕུབ་བྱེད་ཀྱི་རྒྱུ་ཆ་ཁོ་ན་ཡིན་པར་བརྟེན། མིང་ཚིག་ལ་ཇི་ལྟར་མཁས་ན་རྗོད་བྱེད་ཚིག་ཀྱང་དེ་བཞིན་ཕུན་སུམ་ཚོགས་ཤིང་གསོན་ཉམས་ལྡན་པ་ཞིག་ཡིན་ལ། ད་དུང་རྨང་གཞི་བརྟན་པོ་ཆགས་པའི་རྩོམ་ཡིག་གི་གཞལ་ཡས་ཁང་ལེགས་པར་འགྲུབ་ཐུབ་པ་སྨྲས་ཅི་དགོས། ངེད་རྣམས་ཀྱིས་དུས་ནམ་ཡང་གེ་སར་རྒྱལ་པོའི་སྒྲུང་བཀླགས་པ་ན། མིག་ལམ་དུ་མཛེས་སྡུག་རབ་ཏུ་ལྡན་པའི་འཆི་མེད་ལྷའི་ཞིང་ཁམས་དང་། དགའ་སྐྱོ་གཉིས་ལྡན་གྱི་འཇིག་རྟེན་མིའི་འཁོར་བ། མི་གསོད་རྟ་འདེད་ཀྱི་འཇིགས་རུང་དམར་འཛིང་གི་གཡུལ་འགྱེད། མཐོང་བ་ཙམ་གྱིས་སྨོན་པ་ཤོར་བའི་གླིང་དཀར་གྱི་ཡུལ་ལྗོངས། མདའ་མདུང་གྲི་གསུམ་འཆིང་བའི་དཔའ་རྒོད་ཀྱི་ཚོགས་པ། རྒྱུགས་རྩལ་འགྲན་ཟླ་བྲལ་བའི་རྟ་མཆོག་ཁྲི་ཁྲི་འབུམ་འབུམ། གཡོ་སྒྱུ་ཕྲ་གསུམ་ཚང་བའི་མི་ངན་གྱི་རང་གཤིས། རིན་ཆེན་གཡུ་བྱུར་གྱིས་བརྒྱན་པའི་སྨན་མཆོག་གི་མཛེས་ཉམས་ལ་སོགས་མདོར་ན་དགྲ་བཞི་གནོན་པའི་ཐོ་བ། འབངས་མི་སྐྱོང་བའི་ཕ་མ། མགོ་ནག་བོད་ཀྱི་རྒྱལ་པོ་གླིང་རྗེ་གེ་སར་མཆོག་གི་མི་ཚེ་གང་བའི་མཛད་རྗེས་བླ་ན་མ་མཆིས་པ་རྣམས་གློག་བརྙན་ལ་བལྟས་པ་བཞིན་གསལ་ཞིང་དག་པར་མཐོང་ཐུབ་པའི་སྣང་ཚུལ་ཞིག་སྟེར་བ་ནི། གཙོ་བོ་སྒྲུང་དཔེ་འདིའི་མི་སྣའི་གཟུགས་བརྙན་ཞིབ་འབྲི་དང་ཚིག་ཕྲེང་གི་སྒྱུ་རྩལ། རྩོམ་སྟངས་ཀྱི་ཐབས་ཤེས་བཅས་ལ་བརྟེན་ནས་ཐོན་པ་ལགས།
       གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་འདི་བོད་གངས་ཅན་གྱི་སྤྱི་ཚོགས་འཚོ་བའི་ཕྱོགས་སོ་སོ་ལ་རག་ལས་ཡོད་ཅིང་། སྒྲུང་ནང་གི་མི་སྣའི་ཕྱིའི་ཁྱད་ཆོས་དང་ནང་སེམས་ཁམས་ཀྱི་འཇིག་རྟེན་གསལ་ལེར་མཚོན་ཡོད་པ་ལ། འདི་འདྲའི་བརྩམས་ཆོས་རྒྱ་ཆེ་ཞིང་རྗོད་ཚིག་ཕུན་སུམ་ཚོགས་པ་ཞིག་སྒྱུ་རྩལ་གྱི་རིགས་གཞན་དག་སྟེ། རི་མོ་དང་ལྡེར་བཟོ། གླུ་དབྱངས། ཞབས་བྲོ་ལྟ་བུ་སོགས་ལས་ནམ་ཡང་འབྱུང་ཐབས་མེད་པ་ལགས།
       གེ་སར་སྒྲུང་གི་རྩོམ་སྟངས་ནི་ཚིག་ལྷུག་ཁོ་ན་དང་ཡང་ན་ཚིགས་བཅད་ཁོ་ནར་བརྟེན་ནས་བརྩམས་པ་མིན་ཏེ། དེ་ནི་བོད་ཀྱི་སྲོལ་རྒྱུན་གྱི་རྩོམ་རིག་འབྲི་སྲོལ་བཅད་ལྷུག་སྤེལ་མར་བརྟེན་ནས་ཐོག་མར་ངག་ཐོག་ནས་རྩོམ་པ་དང་རིམ་གྱིས་ཡིག་ཐོག་ཏུ་བཀོད་པ་ཡིན། ཡིན་ནའང་སྒྲུང་གི་ཚིག་ལྷུག་དང་ཁྱད་པར་དུ་ཚིགས་བཅད་ཀྱི་སྐོར་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པ་རེད། སྒྲུང་དཔེ་ནང་དུ་ཚིག་ལྷུག་ཉུང་ཤས་ཤིག་བཀོད་ཡོད་པ་མ་གཏོགས་མང་ཆེ་ཤས་ནི་ཚིགས་བཅད་ཀྱི་འབྲི་ཐབས་ལ་བརྟེན་ནས་བརྗོད་བྱའི་དོན་རྣམས་གསལ་ལེར་བསྟན་ཡོད་ཅིང་། སྒྲུང་དཔེའི་ཚིགས་བཅད་ཀྱང་སྔོན་བྱོན་མཁས་པས་བརྩམས་པའི་སྙན་ངག་གི་ཚིགས་བཅད་དང་། ཡང་ན་མི་ལ་རས་པའི་མགུར་གླུ། ལེགས་བཤད། གཏམ་དཔེའི་སྐོར་དང་བཤད་པ་རྣམ་གསུམ་གྱི་སྐོར། དཔེ་རྒྱན་དང་གཟུགས་རྒྱན་སྒྲ་རྒྱན་གྱི་སྐོར་བཅས་པ་འབུར་ཐོན་བགྱིས་ཡོད། དེ་མིན་དམངས་ཁྲོད་ཀྱི་དར་རྒྱ་ཤིན་ཏུ་ཆེ་བའི་གླུ་གཞས་སོགས་ཀྱི་རྩོམ་གཤིས་དང་མཐུན་པའི་སྐོར་དང་མི་མཐུན་པའི་སྐོར་ཀྱང་མང་པོ་མཆིས། དཔེར་ན། ཚིག་ཁ་ཤོར་རྟ་ཡིས་མི་ཆོད། །མདའ་ཕར་ཤོར་ལག་པས་མི་ཟིན། །བདེན་ལུང་བ་གཉིས་དེ་ཕུ་ཐག་རིང་། །རྫུན་ཨ་བྲ་གཉིས་དེ་རྔ་མ་ཐུང་། །ཞེས་དང་། བློས་སྔོན་ན་དཔྱད་ན་མཁས་པ་ཟེར། །འགྱོད་ཕྱིས་སུ་སྐྱེས་ན་བླུན་པོ་ཟེར། །ཞེས་པ་ལྟ་བུ། «བདུད་འདུལ»ལས། ཆང་བཤད། ངའི་ལག་ན་ཡོད་པའི་ཆང་སྐྱེམས་དེ། །ཆང་འདི་ཡི་ལོ་རྒྱུས་བཤད་རྒྱུ་ན། །གནམ་ཨ་སྔོན་སྤྲིན་གྱི་དབྱིངས་རིམ་ནས། །ལྷོ་གཡུ་འབྲུག་སྔོན་མོས་ངར་སྐད་བསྒྲགས། །གསེར་འོད་ཅན་གྱི་གློག་དམར་འཁྱུག །བདུད་རྩི་བསིལ་མའི་སྦྲང་ཆར་བབས། །སྦྲང་ཆར་དེ་ཡི་དྭངས་མིའི་བཅུད། །ཆང་དེ་ནས་ས་གཞི་དཀྱིལ་ལ་བབས། །ས་དོག་མོ་རིན་ཆེན་གསེར་གཞོང་ན། །འབྲུ་སྣ་ལྔའི་ལོ་ཏོག་ཞིང་ལ་འཁྲུངས། ། སྟོན་འབྲུ་དྲུག་ཡག་ལ་ཟོར་བས་བྲེག །དེ་ལོ་ལ་བསྙལ་བའི་ལོ་ཆང་རེད། །ལོ་ཆང་བདུད་རྩི་ཁམ་པ་ཟེར། །ཟླ་ལ་བསྙལ་བའི་ཟླ་ཆང་རེད། །ཟླ་ཆང་བདུད་རྩི་བསིལ་མ་ཟེར། །ཞག་ལ་བསྙལ་བའི་ཞག་ཆང་རེད། །ཞག་ཆང་བདུད་རྩི་འཁྱིལ་བ་ཟེར། །གླིང་གེར་མཛོད་གཉན་པོའི་ཚེ་ཆང་རེད། །སྐུ་སེང་ཆེན་རྒྱལ་པོའི་སྒྲུབ་ཆང་རེད། །ཅེས་པ་ལྟ་བུ་དམངས་ཁྲོད་ཀྱི་གཏམ་དཔེ་དང་བཤད་པར་མཐུན་པའི་གྲས། ད་དུང་སྒྲུང་དཔེའི་ཚིག་རྒྱན་ཁྱད་པར་ཅན་གྱི་སྐོར་ཏེ། དཔེར་ན། «ཧོར་གླིང་གཡུལ་འགྱེད»ལས། དབུ་དར་འཕྲུ་དགུང་དུ་ལིངས་སེ་ལིང་། །ཆོས་སྐྱོང་སྤྲིན་ལྟར་འཐིབས་སེ་འཐིབ། །རྒོད་འཕྲུའི་རྩེ་མོ་ལྡེམས་སེ་ལྡེམ། །མ་མཁའ་འགྲོའི་གར་སྟབས་ཁྲིགས་སེ་ཁྲིག །དབུ་རྨོག་དཀར་འོད་ཟེར་ལམས་སེ་ལམ། །དཔའ་དགྲ་ལྷའི་ཁ་སོ་ཐམས་སེ་ཐམ། །ཁྲབ་ཐོག་ཐུབ་བྱང་རྒྱུན་སྤུངས་སེ་སྤུང་། །ཝེར་མའི་དམག་དཔུང་ཁྲིགས་སེ་ཁྲིག །ཞེས་པ་ལྟ་བུ་དང་། གཞན་ཡང«ཧོར་གླིང་གཡུལ་འགྱེད»ལས། ཤར་ནས་ཁྲི་གདུགས་ཐ་ལ་ལ། །ལྷོ་ནས་ལྷོ་སྤྲིན་ཐ་ལ་ལ། །ནུབ་ནས་གྲུབ་སོ་ཐ་ལ་ལ། །ཕ་བླ་མའི་གསུང་ཆོས་ཐ་ལ་ལ། །དཔོན་བཟང་པོའི་ཞལ་ཏ་ཐ་ལ་ལ། །རི་མཐོན་པོའི་ཁ་ཆར་ཐུ་ལུ་ལུ། །དམའ་རྒྱ་མཚོའི་རླངས་པ་ཐུ་ལུ་ལུ། །མི་ངན་པའི་ཚིག་ངན་ཐུ་ལུ་ལུ། །ལྟ་བུ་དང་། ཕོ་ཁ་དགུ་བསྐོར་ན་བྱང་མ་ཡིན། །བྱང་མའི་བྱང་གཏམ་ཤ་ར་ར། །མོ་ཁ་དགུ་བསྐོར་ན་ཁྲམ་མ་ཡིན། །ཁྲམ་མའི་ཁྲམ་གཏམ་ཤུ་རུ་རུ། །ཁྱི་ཁ་དགུ་བསྐོར་ན་རྐུན་མ་ཡིན། །རྐུན་མས་སྣ་སུད་ཁྱི་ལི་ལི། །ཞེས་པ་ལྟ་བུ་སྒྲུང་དཔེ་རང་གི་ཁྱད་ཆོས་ལྡན་པ་འདི་དག་ཚང་མ་སྒྲུང་དཔེའི་ནང་དོན་ཕུན་སུམ་ཇེ་ཚོགས་དང་མི་སྣ་མང་པོའི་གཟུགས་བརྙན་ལེགས་པར་བཞེངས་སྐྲུན་བྱེད་སྤྱད་ཀྱི་རྒྱུ་ཆ་འབའ་ཞིག་གོ །
       གླིང་སྒྲུང་གི་མི་སྣའི་གཟུགས་བརྙན་ཞིབ་འབྲི་ཐད་དུ་ཡང་ཐབས་ལམ་གསུམ་ལ་བརྟེན་ནས་ཞིབ་འབྲི་གནང་འདུག  གཅིག་སྟེ་མི་སྣ་གཙོ་བོ་རྣམས་ལྷ་ཀླུ་གཉན་གསུམ་དང་ཡུལ་ལྷ་གཞི་བདག་བཅས་པར་འབྲེལ་འདྲིས་ཐུབ་པ་དང་སྤྲུལ་སྒྱུར་ལའང་ཐོགས་པ་མེད་པའི་ཚུལ་དུ་བཞེངས་སྐྲུན་གནང་འདུག གཉིས་པ་སྟེ་དམངས་ཁྲོད་དང་གསར་རྩོམ་ཀྱི་རྩོམ་རིག་མི་སྣའི་བཞེངས་སྐྲུན་གྱི་རྩོམ་ཐབས་སྤྱད་ནས་མི་སྣ་དང་ནུས་རྩལ་དག་རབ་བཏགས་དང་ཆེ་བརྗོད་མང་པོ་བགྱིས་ཡོད། གསུམ་སྟེ་མི་སྣ་གཙོ་བོ་རྣམས་ལོ་རྒྱུས་ཀྱི་མི་སྣ་དངོས་སུ་བཀོད་ནས་གཟུགས་བརྙན་བཞེངས་སྐྲུན་གནང་ཡོད་དོ། །དེ་བས་སྒྲུང་ནང་གི་མི་སྣའི་གཟུགས་བརྙན་ཞིབ་འཇུག་ཐད་དུ་གོང་གསལ་གྱི་ཁྱད་པར་གསུམ་འདི་ངེས་པར་དུ་ཡིད་ལ་ངེས་དགོས་པར་སེམས།
གཉིས་པ། གླིང་སྒྲུང་ལས་དྲང་ཕྱོགས་ཀྱི་མི་སྣའི་གཟུགས་བརྙན་ཞིབ་འབྲིའི་སྐོར་བཤད་པ།
       འདིར་གླིང་རྗེ་གེ་སར་རྒྱལ་པོ་གཙོས་མཛད་པའི་གླིང་དཔའ་རྟུལ་སུམ་ཅུ་དང་ཡང་རྟུལ་དམ་པའི་མི་བདུན་ཞེ་རྟུལ་ཁྲ་གླག་སྤྱང་གསུམ། སེང་ལྕམ་འབྲུག་མོ་གཙོས་མཛད་པའི་གླིང་གི་སྨན་མཆོག་བཅུ་གསུམ་གཞན་ཡང་མོ་བ་དང་མགར་བ་སྨན་པ་གྲུ་པ་སྤྲང་བོ་དང་བཅས་པའི་དྲང་ཕྱོགས་ཀྱི་མི་སྣ་སོ་སོའི་གཟུགས་བརྙན་གསར་བཞེངས་ལེགས་པོ་བྱུང་ཡོད། གླིང་སྒྲུང་གི་གཟུགས་བརྙན་ཡོད་ཚད་ལས་དྲང་ཕྱོགས་ཀྱི་གཟུགས་བརྙན་ཞིབ་འབྲི་བྱས་པ་ཧ་ཅང་ལེགས་འགྲུབ་ཐོན་ཡོད། ཁོང་རྣམས་ཀྱི་ལུས་སྟེང་དུ་དུས་རབས་དང་མི་རིགས་ཀྱི་ཁྱད་ཆོས་གྲུབ་ཡོད་ཅིང་སྤྱི་ཚོགས་འཚོ་བའི་ནང་ཡར་རྒྱས་དང་དྲང་བདེན་བདེ་སྐྱིད་བཅས་ཀྱི་བསམ་བློ་མངོན་གསལ་དུ་མཚོན་ཡོད་པ་དང་། གནའ་རབས་བོད་རིགས་མི་དམངས་ཀྱི་ཕུགས་སེམས་དང་འདུན་པ་ཡང་རེ་བཅོལ་བྱས་ཡོད།
       དེའི་ཕྱིར་དྲང་ཕྱོགས་ཀྱི་མི་སྣ་རྣམས་ཞིབ་འབྲི་གནང་བའི་གཟུགས་བརྙན་ཏེ་གླིང་སྒྲུང་གི་ལྷ་ཀླུ་གཉན་གསུམ་དང་འདྲེ་སྲིན་གྱི་གཟུགས་བརྙན་ཀུན་ལས་ཡིད་འགུག་གི་ནུས་པ་ལྡན་ཞིང་མཛེས་དཔྱོད་ཀྱི་རིན་ཐང་དང་ངོས་འཛིན་གྱི་ནུས་པ་གསལ་བོ་ཐོན་འདུག གླིང་སྒྲུང་གི་ཐོག་མཐའ་བར་གསུམ་དུ་གླིང་རྗེ་གེ་སར་རྒྱལ་པོས་གཙོས་མཛད་པའི་དཔའ་ཆེན་ཐམས་ཅད་ཀྱི་ཕྱི་ཚུལ་ནས་སེམས་ཁམས་བར་གྱི་འགྱུར་བ་སོགས་ཞིབ་འབྲི་བྱེད་པ་གལ་ཆེན་དུ་བཟུང་ཡོད་པ་མ་ཟད་དྲང་ཕྱོགས་ཀྱི་མི་སྣ་གཙོ་བོ་གང་ཡིན་ཡང་ཚང་མ་རང་རང་གི་ཁོར་ཡུག་ངེས་ཅན་ཞིག་གི་ཁྲོད་དུ་རང་གི་གཤིས་རྒྱུད་དང་རང་རང་གི་ཆ་ལུགས། རང་རང་གི་འགན་དབང་རང་རང་གི་འདོད་བློ་དང་ནུས་རྩལ་སོགས་ཁྱད་ཆོས་མི་འདྲ་བའི་གཟུགས་བརྙན་གསལ་བོར་མཚོན་ཡོད། དཔེར་ན་མི་སྣ་གཙོ་བོ་གླིང་རྗེ་གེ་སར་རྒྱལ་པོར་མཚོན་ན། «ཧོར་གླིང་གཡུལ་འགྱེད»ལས། འཛམ་གླིང་སེང་ཆེན་རྒྱལ་པོ་དེ། །ཨོ་རྒྱན་པད་མའི་སྤྲུལ་བ་རེད། །དགྲ་ལྷ་གེར་འཚོ་གཉན་པོ་རེད། །རིགས་རུས་སེང་བློན་རྒྱལ་པོ་རེད། །སྡོངས་གྲོགས་མ་དང་མཁའ་འགྲོ་རེད། །རྩེ་མོ་ཡར་ཟུག་ལྷ་ལ་ཟུག །ལྷ་ཚངས་བ་དཀར་པོའི་ཐུགས་སྲས་རེད། །སྐེད་པ་བར་ཟུག་གཉན་ལ་ཟུག །གཉན་སྐུ་ལྷ་གེར་འཚོའི་ཚ་བོ་རེད། །རྩ་བ་མར་ཟུག་ཀླུ་ལ་ཟུག །ཀླུ་གཙུག་ན་རིན་ཆེན་ཡང་ཚ་རེད། །ནག་པོ་བདུད་ཀྱི་ཁ་གནོན་རེད། །སེར་བོ་ཧོར་གྱི་གཉའ་ཤིང་རེད། །འདྲེ་སྲིན་རྣམས་ཀྱི་མགོ་གནོན་རེད། །འཛམ་བུ་གླིང་གི་སྐྱབས་མགོན་རེད། །མི་དེ་ལ་འགྲན་ཡ་འཛུགས་དོན་མེད། །མི་དེ་ལ་འགྲན་ཡ་བཙུགས་པ་ན། །ཁོས་མེ་ལོང་ནང་ནས་མེ་གཅིག་འབུད། །ཨ་ལོང་ནང་ནས་ཨ་གཅིག་ཟེར། རལ་གྲིའི་ཁ་ནས་རྟ་གཅིག་རྒྱུག །མདུང་མོ་རྩེ་ནས་བྲོ་གཅིག་འཁྲབ། །རྒྱ་ཁབ་སྟེང་ནས་གར་གཅིག་བསྒྱུར། །སྐུ་བརྗིད་པོ་རི་རྒྱལ་ལྷུན་པོ་འདྲ། །སྟོབས་ཆེན་པོ་སེང་གེ་རྩལ་དང་འདྲ། །ཐབས་ཤེས་རབ་ནམ་མཁའི་གློག་དང་འདྲ། །ལས་མྱུར་བ་བསེར་མ་རླུང་དང་འདྲ། །སྐུ་མི་འགྱུར་འཕགས་པ་འཇམ་དབྱངས་རེད། །གསུང་མི་འགྱུར་ཐུགས་རྗེ་ཆེན་པོ་རེད། །ཐུགས་མི་གཡོ་ཕྱག་ན་རྡོ་རྗེ་རེད། །ཅེས་ཞིབ་འབྲི་གནང་བ་ལས་ང་ཚོས་གསལ་བོར་རྟོགས་ཐུབ་པ་སྟེ། གླིང་རྗེ་གེ་སར་རྒྱལ་པོ་མཆོག་ནི་སུའི་སྤྲུལ་བ་དང་སུའི་རིགས་རུས་སུའི་སྡོངས་གྲོགས་ལགས་དང་རྩེ་མོ་ལྷ་ཡུལ་དང་སྐེད་པ་གཉན་ཡུལ། རྩ་བ་ཀླུ་ཡུལ་བཅས་སུ་ཟུག་པའི་ལོ་རྒྱུས་བྱུང་འཕེལ་གསལ་བོ་བརྗོད་ཡོད་པ་ལས་གཞན་འཇིག་རྟེན་མི་ཡུལ་ཁམས་སུ་བྱོན་ཏེ་ནག་པོ་བདུད་དང་སེར་བོ་ཧོར་བཅས་པའི་ཕྱོགས་བཞི་དགྲ་བཞི་དང་རྫོང་ཆེན་བཅོ་བརྒྱད་ཆམ་དུ་ཕབ་པའི་འགན་དབང་བཞེས་འདུག་པ་མཚོན་ཡོད། ད་དུང་ཁོང་ཉིད་ལ་གཞན་དང་མི་མཚུངས་བའི་དྲག་རྩལ་ཏེ་རལ་གྲིའི་ཁ་ནས་རྟ་རྒྱུག་ཐུབ་པ་དང་།མདུང་མོ་རྩེ་ནས་བྲོ་འཁྲབ་ཐུབ་ལ། ཐབས་དང་ཤེས་རབ་གློག་དང་འདྲ། ལས་མྱུར་བ་བསེར་མ་རླུང་དང་འདྲ་ཞེས་རབ་རྟོགས་ཀྱི་ལམ་ནས་གསལ་བོར་བརྗོད་འདུག་པ་ལས་གེ་སར་མཆོག་གི་ཁྱད་ཆོས་གཙོ་བོ་མཚོན་པའི་གཟུགས་བརྙན་གསོན་པོ་ཞིག་མིག་ལམ་དུ་ཤར་དུ་བཅུག གཞན་ཡང«ཧོར་གླིང་གཡུལ་འགྱེད»ལས། མི་སྨུག་པོ་དུང་གི་སོ་སྒོ་ཅན། །ཡང་སྨུག་པོ་བྱུ་རུའི་ཤ་མདངས་ཅན། །སྐུ་སྟོད་སེང་གེ་འགྱིང་འདྲ། །སེང་གེའི་གཡུ་རལ་ངོམས་འདྲ། །སྐུ་སྨད་གླང་ཆེན་འགྱིང་འདྲ། །གླང་ཆེན་དར་སྣས་བརྒྱན་འདྲ། །སྐེད་པ་རྡོ་རྗེ་བཤམས་འདྲ། །རྡོ་རྗེ་དར་གྱིས་བཏུམས་འདྲ། །གཡས་ནས་བལྟས་ན་བན་དེར་རིག་ལེ། །གཡོན་ནས་བལྟས་ན་བོན་པོ་འདྲ་ལེ། །མདུན་ནས་བལྟས་ན་བླ་མ་འདྲ་ལེ། །རྒྱབ་ནས་བལྟས་ན་ཟོ་དོར་འདྲ་ལེ། །ཞལ་མཐོང་ན་ཁམས་གསུམ་དབང་དུ་བསྡུ་ལེ། །གསུང་ཐོས་ན་སྲིད་གསུམ་ཟིལ་གྱིས་གནོན་ལེ། །དབུ་རྨོག་དཀར་འཇའ་རིས་འཁྱུགས་སེ། །སྐེད་འཁོར་གསུམ་གྲ་མ་ཡ་ལེ། །ཞེས་དང་། བདུད་ནག་པོ་མགོ་ཡི་ཐོ་བ་ཡིན། །ཕོ་བཙན་པོ་སྟེང་གི་གཉའ་གནོན་རེད། །འབངས་གཉོམ་ཆུང་མཐའ་ནས་སྐྱོང་མི་ཡིན། །གླིང་ལྷ་སྡེ་དཀར་པོའི་བྱུར་སྲུང་ཡིན། །ཞེས་བྲིས་འདུག་པ་ལས་གེ་སར་རྒྱལ་པོའི་སོ་སྒོ་དང་ཤ་མདངས། སྐུ་སྟོད་སྐུ་སྨད་སྐེད་པ་དང་བཅས་དུང་དང་བྱུ་རུ། སེང་གེ་གླང་ཆེན་རྡོ་རྗེ་ལ་སོགས་དཔེར་བླངས་ནས་ཞིབ་འབྲི་བྱས་ཡོད་ལ། ཁོང་ལ་ཁམས་གསུམ་དབང་དུ་བསྡུ་ཞིང་སྲིད་གསུམ་ཟིལ་གྱིས་གནོན་པའི་དབང་ཐང་མཆིས་པའི་སྐྱེས་བུ་དམ་པ་ཞིག་གི་གཟུགས་བརྙན་ཞིག་ཀྱང་གསལ་བོར་མཐོང་ཐུབ། ད་དུང་ཁོང་གི་སྐུ་ལ་མནབས་པའི་ཁྲབ་ཆེན་དང་སྐེད་ཀྱི་འཁོར་གསུམ་སོགས་འཇའ་ཚོན་ལྟར་མཛེས་ཤིང་ལྟ་ན་སྡུག་པ། དེ་མིན་དགྲ་ལ་སྡང་ཞིང་གྲོགས་ལ་བྱམས་པའི་ཐུགས་རྒྱུད་ཀྱང་གསལ་བོར་བྲིས་ཡོད་པས་ཀློག་པ་པོ་ཀུན་གྱི་སེམས་སྟེང་དུ་སྐྱེས་གཟུགས་རབ་ཏུ་མཆོག་པའི་བརྩེ་ལྡན་གྱི་སྐྱེས་བུ་ཞིག་གི་གཟུགས་བརྙན་ལྷང་ངེར་བཞེངས་པ་དང་མཚུངས་སོ། །
       གཞན་ཡང་གླིང་གི་ཡང་རྟུལ་དམ་པའི་མི་བདུན་གྱི་ཡ་གྱལ་གླིང་གེ་སར་རྒྱལ་པོའི་ཕུ་བོ་རྒྱ་ཚ་ཞལ་དཀར་གྱི་དཔའ་རྒོད་རྟུལ་ཕོད་ཅན་གྱི་གཟུགས་བརྙན་དེ«གླང་རུ»ལས། གཡས་སྒར་རྨ་བྱ་ཆེན་མོའི་ནང་ནས་འབུམ་པའི་རྒྱ་ཚ་ཞལ་དཀར་དེ་འཆི་བདག་ལམ་ལ་ཆས་པ་ལྟར་ཞལ་རས་དུང་ཟླ་འདྲ་བ་དམར་ནག་ཁྲག་གིས་རྒྱས་པ། སྤྱན་མིག་སྐར་ཆེན་འདྲ་བ་ཐོག་རྒོད་གློག་དམར་འཁྱུགས་འདྲ། དུང་སོ་གྲོ་ཡོས་འཆའ་འཆའ། བརླ་ཤུགས་ཆེན་གྱིས་གསེར་སྒ་གཏོར་ཤོམ། རྐང་མཐིལ་ཆུང་གིས་ཡོབ་ཐག་འབྲེག་ཤོམ། ཀི་ཤར་ཐོག་འབྲུག་ངར་ངར་དུ་མཆོངས་བྱུང་སྟེ། ཐུགས་ངར་དྲག་པོས་མེ་ལྕེ་འབར་ནས། ཡ་ཁོ་རེ་དེ་རིང་ལས་ངན་ཁྱོད་འདུལ་བ་འབུམ་པའི་རྒྱ་ཚ་ཞལ་དཀར་ང་ལ་བབ་ཟེར་ནས་གྲི་ཡ་ཟི་ནམ་མཁའ་ལ་ཕྱར་ཏེ་གཅིག་གཡུགས་པས་མེ་ལྕེ་བང་བ་ཙམ་བར་སྣང་ལ་ཐོར་ནས་ཁོའི་ལག་གཡོན་པ་དུམ་གྱིས་བཅད་དེ་ཐང་ལ་ལྷུང་། ཡང་གཅིག་གཡུགས་པས་སྐེད་ལ་ཐེབས་ཏེ་དར་འཕྲུ་དང་བཅས་པ་རྒྱབ་ཕྱོགས་སུ་ལྷུང་ནས་བསད་དོ། །ཞེས་བྲིས་འདུག་པ་ལས་རྒྱ་ཚ་ཞལ་དཀར་ཉིད་ཐུགས་ཁྲོས་པའི་ཚེ། ཞལ་རས་དུང་ཟླ་བཞིན་དཀར་ཞིང་མཛེས་པ་དེ་དམར་བོ་ཁྲག་ལྟར་འགྱུར་ཞིང་། སྤྱན་མིག་སྐར་ཆེན་བཞིན་སྒོར་ལ་མཛེས་པ་དེ་ཡང་གློག་དམར་འཁྱུགས་པ་ལྟར་གྱུར་ཏེ་དུང་སོ་གྲོ་ཡོས་འཆའ་འཆའ། ཀི་ཤར་ཐོག་འབྲུག་ངར་ངར་གྱིས་མཆོངས་ཏེ་ཡ་ཟི་སྐར་ཕྲན་གྱིས་ཕ་རོལ་སྐད་ཅིག་དེ་ཉིད་དུ་རྨེག་མེད་དུ་བཏང་བའི་གཟུགས་བརྙན་གསལ་བོ་ཞིག་མཐོང་ཐུབ་པར་གྱུར། འདི་ནི་གླིང་སྒྲུང་གི་མི་སྣའི་གཟུགས་བརྙན་ཞིབ་འབྲི་ལེགས་གྲུབ་བྱུང་པའི་ཁྱད་ཆོས་གཙོ་བོ་ཞིག་རེད། རྒྱ་ཚའི་ཁྲབ་རྨོག་འཁོར་གསུམ་ཞིབ་འབྲི་གནང་བ་རགས་ཙམ་ཞུས་ན། ཁོང་གི་ཁྲབ་ཆེན་ཟི་ར་ཐོག་ཐུབ་སྟེ། རྨ་ཤེལ་བྲག་གི་གཏེར་སྒོ་ལས་བླངས་ཤིང་། ཕ་རོལ་གྱི་མདའ་མདུང་གྲི་གསུམ་གྱི་མཚོན་ཆ་སྣ་ཚོགས་འགོག་ཐུབ་པར་མ་ཟད། གནམ་ལྕགས་ཐོག་ཀྱང་འགོག་ཐུབ་པའི་ནུས་པ་ལྡན་ཞེས་གླེང་བ་དང་། ཁོང་གི་གཞུ་ཆེན་གྱི་མིང་ལ་ཁམས་གསུམ་དགྲ་འདུལ་ཟེར་ཞིང་། ཉག་ཕྲན་གྱི་མིང་ལ་གནམ་ལྕགས་རྒོད་སྒྲོ་མེ་འབར་ཟེར། རྒྱ་ཚའི་མདའ་མོའི་ཁྱད་ཆོས་གཙོ་བོ་སྟེ། དམར་པོ་བྲག་ལ་ཕོག་ན་བྲག་རི་མགོ་རྟིང་བརྗེ་བ། ཡངས་པའི་སྤང་ལ་ཕོག་ན་སྤང་རི་མེ་ལ་བསྲེགས་པ། དགྲ་བོའི་ལུས་ལ་ཕོག་ན་མེ་ལྕེ་སྙིང་ལ་ཟུག་པ། སྟེང་ལྷ་ཡུལ་ཡིན་ཡང་འཇིགས་པའི་སྣང་བ་འཆར་བ། འོག་ཀླུ་རྒྱལ་ཡིན་ཡང་ལྟ་བ་མིག་གིས་མི་བཟོད། ད་དུང་གཤིན་རྗེ་ལས་མཁན་ཡིན་ཡང་གློ་སྙིང་ལྐོག་མར་འབྱིན་པའི་མཐུ་ནུས་ལྡན་པ་ཞིག་ཡིན་པ་ཞིབ་འབྲི་གནང་འདུག ད་དུང་ཚ་ཞང་འདན་མ་བྱང་ཁྲ་དང་སེང་སྟག་ཨ་དོམ། འབྲུ་སྒ་སྡེ་ཆོས་སྐྱོང་བེར་ནག་དང་བཅས་པའི་ཁྲ་གླག་སྤྱང་གསུམ་གྱི་སྒྱུ་རྩལ་གྱི་གཟུགས་བརྙན་ཡང་བཞེངས་སྐྲུན་ལེགས་པོ་བྱུང་ཡོད། དཔེར་ན། དཔའ་འགྲན་མེད་སེང་སྟག་ཨ་དོམ་ནི། གླིང་དཀར་ཕུ་ནུ་སུམ་ཅུ་ལས་དཔའ་རྒོད་ཕུལ་དུ་བྱུང་བ་ཞིག་ཡིན་ཞིང་མཚན་སྙན་ཕྱོགས་ཀྱི་སྒེག་མོའི་རྣ་བའི་རྒྱན་དུ་གྱུར་ཡོད། སྒྲུང་རྙིང་རྩ་ཆེན་རེ་ཟུང་ལས་བཀོད་པ་ལྟར་ན། ལྷོ་འཛམ་གླིང་གི་ས་ཆ་ན་སེང་ཨ་དོམ་མི་ཡི་སྤྱང་ཀི་ཡིན། མཚོན་ལེབ་ཆེན་མི་ཡི་བཤའ་གྲི་ཡིན། རྟ་སྟོང་རི་ནོར་གྱི་བང་མཛོད་ཡིན། སེང་དོམ་བུས་མ་ཐུབ་དགྲ་སྐད་མེད། མཚོན་ལེབ་ཆེན་མ་ཆོད་ལས་གཅིག་མེད། རྟ་སྟོང་རིས་མ་ཟིན་སུ་ཡང་མེད་ཅེས་མི་རྟ་མཚོན་གསུམ་གྱི་ཁྱད་ཆོས་བརྗོད་ཡོད་པ་དང་། ད་དུང་དང་པོ་རྟིང་མ་མདའ་ལ་འགྲན་པའི་ཉིན། ཉག་ཕྲན་ནི་འཇག་སྐྱ་ཡར་ཡར་གྱིས། ཕྱི་དགྲ་བོ་ཤིང་སྡོང་འགྱེལ་འགྱེལ་བས། དེ་ནས་བ་དན་མདུང་ལ་འགྲན་པའི་ཉིན། བ་དན་ནི་མེ་སྟག་འཚུབ་འཚུབ་གྱིས། སྡང་དགྲ་བོ་མེ་ལྕེ་སྲེག་སྲེག་བྱས། དེ་ནས་སྔོན་མོ་མཚོན་ལ་འགྲན་པའི་ཉིན། རལ་གྲི་ནི་འཁོར་ལོ་བསྐོར་བསྐོར་གྱིས། ཕྱི་དགྲ་བོ་ཟོར་བས་འབྲེག་འབྲེག་བྱས་ཞེས་དཔའ་རྒོད་ཀྱི་ཁྱད་ཆོས་བླ་ན་མ་མཆིས་པ་ཞིག་ཀྱང་ཞིབ་འབྲི་མཛད་ཡོད་པ་ལགས།
       གཞན་ཡང་ཁྲ་གླག་སྤྱང་གསུམ་ལས་ཁྲ་ལྟ་བུའི་དཔའ་རྒོད་ཚ་ཞང་འདན་མ་བྱང་ཁྲ་ནི། དགྲ་སྡེ་མ་ལུས་ཟིལ་གྱིས་གནོན་པའི་ཕུལ་བྱུང་དཔའ་བོ་ཞིག་ཡིན་ཞིང་། གླིང་རྗེ་གེ་སར་རྒྱལ་པོའི་ཐུགས་འདང་ཤིན་ཏུ་ཆེ་བའི་དམག་དཔོན་ཞིག་ཀྱང་ཡིན། ཁོང་གཞོན་པའི་དུས་ནས་ཞེ་རྒྱུད་འཇམ་ཞིང་གཞུང་དྲང་བ། བློ་རིག་རྒོད་ཅིང་སྙིང་སྟོབས་ལྡན་པ། དྲག་པའི་མཚོན་ཆ་སྤྱོད་པར་རབ་ཏུ་མཁས་པ། ད་དུང་དཔུང་རྒོད་ཁེར་ངོམ་དང་རྟ་རྒོད་ཁེར་རྒྱུགས་བྱེད་པའི་མི་ཞིག་ཀྱང་བཞེངས་སྐྲུན་བྱས་ཡོད། དེ་ཡང་ཧོར་གླིང་གཡུལ་འགྱེད་ཀྱི་སྐབས་སུ། ཐེངས་ཤིག་ལ་ཁོང་གིས་རྨོག་དཀར་གྱི་འདབ་རྭ་ཕབ། ཁྲབ་དཀར་གྱི་རྒྱུན་ཐག་འཐེན། ཆིབས་པ་དངོས་གྲུབ་ལྡན་པའི་གོང་ལ་བུད་ནས་ཧོར་དམག་གི་ནང་དུ་གློག་དམར་འཁྱུག་པ་བཞིན་གཤགས་ནས་ཤན་པའི་ཇ་ཐབ་བཅོ་བརྒྱད་རྫོགས། གསུར་གནམ་ནག་ལང་འདྲ་ཞིག་བྱས། ཉིན་རྟ་ཉིན་ནས་བསྡུས། སྲིབ་རྟ་སྲིབ་ནས་བསྡུས། ཀི་སོ་ལན་གསུམ་གྱིས་གནམ་ས་བཀང་ནས་དེད་སོང་བ་ན། ཧོར་གུར་དཀར་རྒྱལ་པོས་ཤན་པ་རྨེ་རུ་རྩེ་ར་མདར་མངགས་ཤིང་གློག་འཁྱུག་པ་ལྟར་སླེབས་ཡོང་ནས་རྗེས་ཆོད་དེ། ཐོག་མར་ཕན་ཚུན་ལ་འགྱུར་བ་མེད་པའི་དཔའ་སྐད་བཙན་པོ་འཐེན་པའི་མཐའ་མར་ཚ་ཞང་འདན་བ་བྱང་ཁྲས་མདའ་གཅིག་འཕངས་པས་སྡིག་གཅོད་ཤན་པའི་རྨོག་ཁྱུང་གཏོར་རྩེ་ལྔ་དེའི་ཕོ་བང་ཟུར་ནས་ཕུད། མོ་བྱང་གི་དཀྱིལ་ནས་བཏོན་ཏེ་མགོ་ཀ་ལི་ལག་མཐིལ་ཙམ་ཞིག་རྒྱ་མཐོངས་ཁ་ཕྱེས་འདྲ་ཞིག་བྱས། དེར་ཤན་པ་ཡུད་ཙམ་ཞིག་ལ་དྲན་མེད་དུ་བརྒྱལ་ཞིང་། རྟ་ཐོག་ནས་སར་ལྷུང་ངོ་། །
       དེ་ནས་འདན་མར་ཁོང་གི་རྟས་ཟེར་བ་ལྟར་ཤན་པའི་སྲོག་མ་བཅད་པར་གཞུ་ཤུབས་ནང་དུ་ཀ་ལི་དེ་བཅུག་ནས་རང་ཡུལ་ལ་ལོག་པའི་དཔའ་བོའི་གཏམ་རྒྱུད་འཛམ་བུ་གླིང་ལ་གྲགས་པའི་དཔའ་བོའི་གཟུགས་བརྙན་ཕུན་སུམ་ཚོགས་པ་ཞིག་བཞེངས་སྐྲུན་བྱས་འདུག གླིང་གི་སྒ་སྡེའི་དཔའ་བོའི་གཟུགས་བརྙན་ཡང་ཞིབ་འབྲི་ཁྱད་མཚར་བ་སྟེ། དེ་ཡང་ཧོར་གླིང་གཉིས་ཀྱི་གཡུལ་འཁྲུག་སྐབས་སུ། ཧོར་གྱི་རྩལ་ཆེན་ནམ་མཁའ་སྤར་འཛིན་གྱིས་མི་གསུམ་ཙམ་གྱི་སྒུལ་མི་ཐུབ་པའི་ཕ་བོང་གཡག་རོ་སུམ་འགྱུར་ཙམ་གཉིས་བསྒྲིལ་བྱས་ཏེ་གླིང་གི་དམག་རྟ་མང་བའི་དབུས་སུ་འཕངས་བའི་ཚེ། གླིང་གི་སྒ་སྡེ་ཆོས་སྐྱོང་བེར་ནག་གིས་ཀྱང་རྡོ་ཕ་བོང་ཉིས་འགྱུར་ཙམ་ཅིག་རྙེད་དེ་ཕྱག་གཡས་པ་སྒྲོག་ཐག་གི་སྣེ་ལ་འཆང་། གཡོན་པར་དར་ནག་གི་གཡབ་མོ་བྱེད་པ་དང་ཆབས་ཅིག་ཧོར་གྱི་དམག་སྒར་ནང་དུ་འཕངས་བྱུང་བ་ལ། ཧོར་གླིང་གི་སྒྱོགས་གཉིས་དུས་མཉམ་དུ་འཕངས་ཤིང་། གནམ་ས་འགུལ་ཞིང་རི་བོ་ཐམས་ཅད་ཡོམ་ཡོམ་དུ་གྱུར། དེའི་ངང་ནས་གླིང་གི་སྒྱོགས་རྡོ་དེས་ཧོར་གྱི་སྒྱོགས་དེ་དད་ནས་ཧོར་གུར་དཀར་ཁྲི་ཤོང་དཀར་མོའི་སྟེང་ལ་འབབ་ལ་ཁད་དེ་ལ། ཟ་ཟ་འཆའ་འཆའ་ལྟར་གཉིས་སུ་ཆག་ནས་དུམ་བུ་གཅིག་ཧོར་སྒར་གྱི་དཀྱིལ་ལ་རང་བཞིན་དུ་ལྷུང་ནས། མི་རྟ་བརྒྱ་ཕྲག་མང་པོ་ཤི་རྨས་སུ་བཏང་ཞིང་དམག་ཐམས་ཅད་དྲན་མེད་དུ་བརྒྱལ་ལོ། །
       ཡང་དུམ་བུ་གཅིག་དེ་དང་གླིང་རྡོ་གཉིས་ཀ་ཚུར་གླིང་སྒར་བྱང་སྒོའི་ཐད་ཀྱི་བྲག་རིར་ཕོག་ནས་བྲག་རལ་བའི་འུར་སྒྲ་དང་ཐལ་འཚུབ་ཀྱིས་ཉི་མ་བསྒྲིབས་ཙམ་དུ་གདའ། དེ་ནས་སྒ་སྡེ་འཕྲལ་དུ་ཆས་ནས་ཧོར་སྒར་གྱི་གཡས་ཟུར་གུར་དཀར་ཤོག་གི་གུར་ཡོད་པའི་མཚམས་སུ། རྩལ་ཆེན་ནམ་མཁའ་སྤར་འཛིན་གྱིས་དཔུང་འཛིན་བྱས་ཏེ། ཁུ་ཚུར་གྱི་བརྡུངས། མགོ་མཇུག་བཟློགས་ནས་ཁོག་པའི་ནང་རོལ་དང་རུས་པ་ཐམས་ཅད་ཁ་ནས་འབུད་པ་ཞིག་བྱས། ལག་གཡས་མཐེབ་ཀོར་དང་བཅས་པ་ཤན་པ་རྨེ་རུ་རྩེའི་ཐད་དུ་འཕངས། ལག་གཡོན་ལྷམ་དང་བཅས་པ་སྟོབས་ཆེན་གྱི་ཐད་དུ་འཕངས། གློ་མཆིན་དང་ནང་ཁྲོལ་རྣམས་ཤེད་ཆེན་གྱི་མདུན་དུ་འཕངས། པགས་པ་མགོ་འབར་བ་དེ་གུར་དཀར་གྱི་ཁྲི་སྟེང་དུ་ལན་གསུམ་བརྡབས་ཏེ། ཕྱི་ཤ་ལ་བཏགས་ནས་ཚུར་གླིང་ལ་ག་ལེར་ཕེབས་སོ། །ཞེས་སྒ་སྡེ་དང་སྒྱོགས་རྡོའི་ཁྱད་ཆོས་སོགས་ཞིབ་འབྲི་བྱསམ་གྱིས་མི་ཁྱབ་པ་བགྱིས་ཡོད། གླིང་གི་དཔའ་རྒོད་འདི་ཐམས་ཅད་ཀྱི་འཐབ་ཇུས་དང་འཐབ་རྩལ། མཚོན་ཆའི་བཀོལ་སྟངས་ལ་སོགས་རྒྱའི་བརྩམས་ཆོས་གྲགས་ཅན«རྒྱལ་ཁབ་གསུམ་གྱི་གཏམ་རྒྱུད»དང«ཆུ་ངོགས་གཏམ་རྒྱུད»ནང་གི་དཔའ་རྒོད་སྤྲིན་རིང་རྒྱལ་པོ་དང་ལིས་ཁོས། ཀྲང་ཧྥེ། སུང་ཅིང་ལ་སོགས་པའི་དྲག་རྩལ་དང་མཚོན་ཆ་སྤྱོད་སྟངས་མཐུན་པ་ཤིན་ཏུ་མང་ངོ་། །ད་དུང་གླིང་གི་གཅེས་ཕྲུག་བཅུ་གསུམ་ལས་གླིང་སྤྱི་དཔོན་གྱི་སྲས་ཆུང་བ་སྣང་ངུ་གཡུ་སྟག་དང་རྒྱ་ཚའི་སྲས་དགྲ་ལྷ་རྩེ་རྒྱལ་གཉིས་ཀྱི་གཟུགས་བརྙན་ཤིན་ཏུ་འོས་ཤིང་འཚམ་ལ་ཡིད་དུ་འོང་བ་ཞིག་བཞེངས་སྐྲུན་བགྱིས་ཡོད། གཞན་ཡང་འཇང་ཕྲུག་གཡུ་ལྷ་ཐོག་འགྱུར་དང་གུར་དཀར་གྱི་སྲས་ལྷ་བུ་ལེགས་པ་གཉིས་སྐྱེས་ཁུངས་དགྲ་ཡུལ་ཡིན་ཡང་ཕྱིས་སུ་གླིང་ལ་བློ་དཀར་བའི་ལས་དོན་དང་བསམ་པ་བསྟན་པའི་ཚུལ་དག་ཞིབ་འབྲི་ལེགས་པོ་བྱས་འདུག གནའ་རབས་དང་དེང་རབས་ཀྱི་རྩོམ་རིག་བརྩམས་ཆོས་གང་ལས་ཀྱང་འདི་འདྲའི་སྒྱུ་རྩལ་གྱི་གཟུགས་བརྙན་གསོན་པོ་ཞིག་ཞིབ་འབྲི་གནང་པ་ཧ་ཅང་མཐོང་དཀོན་པོ་འདུག  ད་དུང་གླིང་གི་སྤྱི་དཔོན་རོང་ཚ་ཁྲ་རྒན་ལ་མཚོན་ན། གླིང་གི་ཆེ་རྒྱུད་འབྲིང་རྒྱུད་ཆུང་རྒྱུད་གསུམ་ལས་ཆུང་རྒྱུད་ལ་གཏོགས་ཤིང་། ཁོང་ནི་གཞུང་རྒྱུད་དྲང་ཞིང་བློ་རིག་ལྡན་པ། ཤེས་རྒྱ་ཆེ་ཞིང་ཐབས་ལ་མཁས་པ། བྱམས་བརྩེ་ལྡན་ཞིང་གཞུང་ལ་གཅེས་པའི་རྒན་པོ་ཚད་དང་ལྡན་པ་ལགས། སྒྲུང་དཔེ«ཧོར་གླིང་གཡུལ་འགྱེད»ལས། སྤྱི་དཔོན་རོང་ཚ་ཁྲ་རྒན་ང་། །མི་རབས་གསུམ་གྱི་མི་རྒན་ཡིན། །ལྷ་རབས་གསུམ་གྱི་ལྷ་རྒན་ཡིན། །སྲིད་པ་ཆགས་པའི་གངས་རྒན་ཡིན། །ཉོན་མོངས་མཐོང་བའི་སྡུག་རྒན་ཡིན། །མིག་རྒས་ནས་ཆུ་མགོ་སྐམ་པོ་འདྲ། །ཁ་རྒས་ནས་བྲག་ཁུང་སྐམ་པོ་འདྲ། །སྐྲ་རྒས་ནས་ལུ་གུ་ཚ་རུ་འདྲ། །ལུས་རྒས་ནས་སྡོང་རྒན་སྐམ་པོ་འདྲ། །ང་མ་རྒས་གཞོན་ལ་སྡོད་དུས་དེར། །རྒས་བསམ་ཡིད་ལ་མེད་དུས་དེར། །ཁྲ་རྒན་པོའི་མིང་དུ་ཐོགས་དོན་དེ། །ང་ཁྲ་དང་འདྲ་བས་ཁྲ་རྒན་ཐོགས། །ཞེས་པ་དང་། ཁོང་གིས་གོས་ཆེན་ལེབ་སྤྲིན་དཀར་བོ་ལ་ཆུ་དར་སྔོན་མོའི་སྐ་རགས་བཅིངས། དར་ལྷམ་འཇའ་རིས་སུམ་རྩེག་ལ་ལེབ་རྒན་སྔོན་མོའི་དྲུག་ཆིངས་བརྒྱབ། དར་ཕྲུག་དཀར་པོའི་སྟོད་གོས་ལ་གསེར་འབྲུག་སེར་བོའི་མཐའ་འཇུག་བྱས། གསེར་སྙན་རིན་ཆེན་གཡས་གཡོན་ལ་གཟི་དང་མེ་ཤེལ་ཆུ་ཤེལ་རྡོ་རྗེ་ཕ་ལམ་སོགས་ཕྲ་ཆེན་དགུ་བཅུ་ཐམ་པ་སྤྲས། སྐྲ་དཀར་པོས་སྐུ་རྒྱབ་ལེབ་ཀྱིས་ཁེབས་པ། འཇིགས་ཤིང་རྔམ་པའི་ཆས་བཅོ་བརྒྱད་ཡོངས་སུ་རྫོགས་པའི་ངང་དུ་གྲལ་ལས་ཡར་བཞེངས། ཞེས་བྲིས་འདུག་པ་ལས་གླིང་སྤྱི་དཔོན་ཁྲ་རྒན་ལུས་རྒས་ནས་སྡོང་རྒན་སྐམ་པོ་དང་མིག་རྒས་ནས་ཆུ་མགོ་སྐམ་པོ། ཁ་རྒས་ནས་བྲག་ཁུང་སྐམ་པོ། སྐྲ་རྒས་ནས་ལུ་གུ་ཚ་རུ་སོགས་ལ་དཔེར་བླངས་ནས་གཟུགས་བརྙན་ཞིབ་འབྲི་བྱས་པ་ལས་ཤིན་ཏུ་རྒས་པའི་བོད་ཀྱི་རྒན་པོ་ཞིག་མངོན་གསལ་དུ་མཐོང་བ་ཇི་བཞིན་མིག་མདུན་དུ་ཤར་དུ་བཅུག ཁོང་ཉིད་ཀྱི་གྱོན་ཆས་ཀྱང་རྒན་པོའི་ཁྱད་ཆོས་ལྟར་བྲིས་འདུག་པ་སྟེ། གོས་ཆེན་དཀར་བོ་དང་སྐ་རགས་སྔོན་མོ། སྟོད་གོས་དཀར་པོ། གསེར་སྙན་གཡས་གཡོན་ལ་རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱན་ཆས་སྤྲས་པ། སྐྲ་དཀར་པོས་སྐུ་རྒྱབ་ཁེབས་པ་སོགས་ལ་དཔྱད་ན་སྐབས་དེའི་རྒན་པོའི་གྱོན་ཆས་གཙོ་བོ་དཀར་མདོག་ཡིན་པ་རྟོགས་ཐུབ་པ་མ་ཟད། རྒན་པོ་ཅི་འདྲར་ཐུགས་ཁྲོས་ཀྱང་འཁོར་གསུམ་སྐེད་ལ་མི་བཅིངས་པ་སོགས་ནི་ངོ་མ་བོད་ཀྱི་འགྲོ་ལུགས་དང་གོམས་སྲོལ་ལ་ཤིན་ཏུ་མཐུན་པ་ལགས།
གསུམ་པ། གླིང་སྒྲུང་ལས་ལྡོག་ཕྱོགས་ཀྱི་མི་སྣའི་གཟུགས་བརྙན་ཞིབ་འབྲིའི་སྐོར་བཤད་པ།
       ཕྱོགས་བཞི་དགྲ་བཞི་གཙོས་པའི་བདུད་བློན་དང་བདུད་མོ་བཅས་པ་སོགས་ལྡོག་ཕྱོགས་ཀྱི་མི་སྣ་འདི་དག་རིགས་གཉིས་སུ་དབྱེ་ནས་ཞིབ་འབྲི་བྱས་ཡོད། དེ་ཡང་བདུད་ཀླུ་བཙན་དང་བདུད་བློན་བདུད་མོ་དང་བཅས་པར་བདུད་ཁོ་ནའི་ཞེ་རྒྱུད་དང་སྤྱོད་པ་ཆ་ལུགས་སོགས་མཆིས་པ་མ་གཏོགས་འཇིག་རྟེན་མི་ཡི་གཤིས་རྒྱུད་ཤིན་ཏུ་ཉུང་། ཧོར་གུར་དཀར་དང་འཇང་ས་དམ་མོན་ཤིང་ཁྲི་བཅས་པར་བདུད་ཀྱི་གཤིས་རྒྱུད་ཡོད་ཀྱང་འཇིག་རྟེན་མི་ལ་གཏོགས་པའི་སྤྱོད་ལུགས་ཡོད་པ་སྒྲུང་དཔེ་ཀུན་ལས་ཀྱང་གསལ་བོར་བྲིས་འདུག ད་དུང་གླིང་སྒྲུང་ལས་ངོ་གཉིས་མའི་མི་སྣ་ཞིབ་འབྲི་བྱས་པའང་ཧ་ཅང་འོས་ཤིང་འཚམ་ལ་གསོན་ཉམས་ལྡན་པ་ཞིག་རེད། གོང་སྨྲས་ཀྱི་གཤིས་རྒྱུད་མི་འདྲ་བའི་རིགས་གསུམ་འདིར་རང་རང་ལ་ཁྱད་ཆོས་ཀྱང་མི་འདྲ་བ་རེ་མཆིས་ཏེ།
       གཅིག ཞེ་རྒྱུད་དང་སྤྱོད་ལུགས་བདུད་རིགས་ཁོ་ནར་གཏོགས་པའི་ལྡོག་ཕྱོགས་ཀྱི་མི་སྣ་སྟེ། བདུད་ཀླུ་བཙན་རྒྱལ་པོར་མཚོན་ན་གླིང་སྒྲུང་ལས་ཞིབ་འབྲི་བྱས་པ་ཤིན་ཏུ་ངོ་མཚར་ཞིང་གཏིང་ཟབ་པ་ཞིག་རེད། དཔེར་ན«བདུད་འདུལ»ལས། བདུད་ནག་མ་རུངས་ཀླུ་བཙན་རྒོད་པོ་དེ་གཟུགས་ཆེ་བ་རི་བོ་ལྟ་བུའི་ལུས་པོ་གཅིག་ལ་མགོ་དགུ་ཡོད་ལ། མགོ་ལ་རྭ་ཅོ་བཅོ་བརྒྱད་སྐྱེས་ཡོད་པ། ཁྲོས་ན་ལུས་ལ་ལྕགས་སྡིག་ནག་པོས་ཁྱབ་པ། དུག་སྦྲུལ་ནག་པོ་དགུ་ཡིས་སྐེད་ལ་འཁྲིལ་བ། རྐང་ལག་ལ་ལྕགས་ཀྱི་སྡེར་མོ་དགུ་བཞི་སུམ་ཅུ་སོ་དྲུག་གི་ལྕགས་ཀྱུ་ལྟར་ཡོད་པ་ཁ་ནས་དུ་བ་མེ་རི་འཁྱིལ་ཞིང་འབར་བ། སྣ་ནས་དུག་རླུང་འཚུབ་མ་གཡོ་བ། དུག་སྤྲིན་ནག་པོའི་དཀྱིལ་ན་འགྱིང་བ། ནང་བློན་ཁྱི་ཁ་ར་སོ།ཕོ་ཉ་བྱ་ནག་གཤོག་རིང་སོགས་སུ་དང་གང་གིས་མཐོང་ན་འཇིགས་སྐྲག་སྐྱེས་པ། བཙན་པོས་རིག་ན་ཡ་ང་བ། གཉོམ་ཆུང་གིས་རིག་ན་སྙིང་འདར་བ་ཙམ་དུ་བཞུགས་ཡོད་ཅེས་གཟུགས་བརྙན་ཞིབ་བྲིས་འདུག་པ་ལས་མ་རུངས་བདུད་ཀླུ་བཙན་རྒྱལ་པོ་དེ་འཇིག་རྟེན་གྱི་མི་ཕལ་པ་དང་མི་མཚུངས་བར་མགོ་ན་རྭ་ཅོ། ཁ་ནས་དུ་བ། སྣ་ནས་དུག་རླུང་འཚུབ་པ་དང་། ཁོར་ཡུག་ནས་ཀྱང་ནང་བློན་འཇིགས་སུ་རུངས་པ་སོགས་ཞིབ་འབྲི་བྱས་ཏེ། བདུད་ནག་ཀླུ་བཙན་ཞེས་པ་དེ་འདྲའི་གཏུམ་གཅོད་གདུག་རྩུབ་ཆེ་བ་དང་། སྐྱེ་བོ་སུས་ཀྱང་འགྲན་ཡ་མི་ཕོད་པ་མི་ཟོག་གང་ཡང་གསོན་པོར་ཁྱུར་མིད་བྱེད་པའི་གཤིས་རྒྱུད་ངན་པའི་བདུད་རིགས་ཁོ་ན་ཡིན་པ་གསལ་བོར་མཐོང་དུ་བཅུག་ཡོད། སྤྱིར་བདུད་རྒན་མགོ་དགུ་ཅན་ཞིག་འཇིག་རྟེན་འདིར་བྱུང་མིན་སུས་ཀྱང་བསྡོམས་ཚིག་འཇོག་པའི་སྤོབས་པ་མེད་ཀྱང་རྩོམ་རིག་གི་སྒྲོ་འདོགས་ཀྱི་སྒྱུ་རྩལ་ལ་བརྟེན་ནས་བདུད་རྒན་ཞེས་པའི་གཟུགས་བརྙན་ངོ་མཚར་པ་ཞིག་གསར་བཞེངས་བྱས་པ་ལེགས་གྲུབ་བྱུང་བ་དེས་སྒྲུང་གཏམ་འདིའི་སྒྱུ་རྩལ་གྱི་རིན་ཐང་ཡང་ཇེ་མཐོར་བཏང་ཡོད། གཞན་ཡང«བདུད་འདུལ»ལས།  དེ་ནས་ཨ་ཆེ་སྲིང་མོ་སྒྲོལ་མ་དེས་ཁ་བྲག་ཁུང་འདྲ་བ་དང་མིག་འོད་ཁུང་འདྲ་བ་གདངས་ནས་མཆེ་བ་མདུང་རྩེ་འདྲ་བ། ནུ་མ་གཉིས་ཀ་ཕྲག་ལ་གཅིག་བཀལ་ལག་པས་གཅིག་སྐྱོར་ནས་ངའི་ཇོ་ཇོ་སུས་བསད་པ་རེད་ཟེར་ནས་མཆོངས་ཡོང་བས......། ཞེས་བྲིས་འདུག་པ་ལས། བདུད་རྒན་གྱི་ཨ་ཆེ་དེ་ཡང་མཆེ་པ་མདུང་དང་ནུ་མ་གཅིག་ཕྲག་ལ་བཀལ་བ་གཅིག་ལག་པས་སྐྱོར་ལུགས་སོགས་ལ་བརྟག་ན་བདུད་མོ་ཁོ་ན་ཞིག་ཞིབ་འབྲི་བྱས་ཡོད། འདིར་ཤིན་ཏུ་འཇིགས་རུང་གི་བདུད་མོ་ཞིག་ཆ་ལུགས་གཞན་དང་མི་མཚུངས་བར་འདའ་འདར་ངང་རྒྱུག་ཡོང་བའི་གཟུགས་བརྙན་གསོན་པོ་ཞིག་མིག་ལམ་དུ་གསལ་བོར་ཤར་བའི་སྣང་ཚུལ་ཞིག་སྟེར། སྒྲུང་གཏམ་ནང་གི་དཔེར་འོས་མི་སྣ་གང་ཡིན་རུང་ཚང་མ་ཁེར་རྐྱང་དུ་སྐྱེས་པ་དང་གནས་པའི་དཔེ་མི་སྲིད་དཔེར་འོས་མི་སྣ་གང་ཡང་སྤྱི་ཚོགས་ཀྱི་མི་སྣ་དང་དུས་རབས་ཀྱི་བྱུང་མི་ཡིན་པས་ངེད་ཅག་གིས་འོས་ཤིང་འཚམ་པའི་ཁོར་ཡུག་ངེས་ཅན་ཞིག་ཏུ་གནས་སུ་བཅུག་སྟེ་ཞིབ་འབྲི་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེ་སྙམ།
       གཉིས། འཇིག་རྟེན་མིའི་རིགས་ལ་གཏོགས་ཀྱང་རྣམ་ཤེས་སམ་གཤིས་རྒྱུད་བདུད་རིགས་དང་མཚུངས་བའི་ལྡོག་ཕྱོགས་ཀྱི་མི་སྣ་སྟེ། དཔེར་ན«མོན་གླིང་གཡུལ་འགྱེད»ལས། བོད་སྒང་བཞི་སྲུང་བའི་བདུད་བའི་དེ། །ནུབ་བདུད་འཕར་པ་རྐང་གཅིག་དང་། །བྱང་བདུད་ཀླུ་བཙན་རྒྱལ་པོ་གཉིས། །ཤར་བདུད་ལྷོ་ཁྲི་སྟག་མིག་གསུམ། །ལྷོ་བདུད་ཤིང་ཁྲི་རྒྱལ་པོ་བཞི། །ཕྱོགས་བཞིར་གྲགས་པའི་བདུད་བཞི་ཟེར། །ཆོས་ཞྭ་སེར་བསྟན་པ་བསྣུབ་མི་ཡིན། །ཁ་ཡག་པས་མ་རྟི་འདོན་ས་མེད། །ལག་ཡག་པས་ཕྲེང་བ་བགྲང་ས་མེད། །ལྷ་དབང་ཕྱུག་མིན་པ་མཆོད་ས་མེད། །སྐྱབས་ཉི་ཟླ་མ་གཏོགས་བཅོལ་ས་མེད། །གང་མཐོང་ཁྲབ་རྨོག་གཉིས་ལ་བྱེད། །རྩེ་ཐང་བུ་རྟ་གཉིས་ལ་བྱེད། །སྦྱང་རྒྱུ་མདའ་རྩལ་སུ་སྐྱེན་བྱེད། །གསོད་རྒྱུ་སྡིག་པ་དང་ལེན་བྱེད། །ཟ་རྒྱུ་ཤ་ལ་ཞིམ་ཞིམ་བྱེད། །འཐུང་རྒྱུ་ཁྲག་ལ་རྔམས་རྔམས་བྱེད། །འབྱུང་བ་ལྔ་ལ་རང་དབང་ཐོབ། །དམར་བོ་མེ་ལ་དཔུང་རོགས་བྱེད། །སྔོན་མོ་ཆུ་ལ་ཉ་ལྟར་འཛུལ། །བསེར་བུ་རླུང་ལ་བང་ཁ་བགོ །བར་སྣང་དབྱིངས་ལ་བ་ལྟར་ལྡིང་། །སྤྲིན་ནག་ཟུར་ནས་ཐོག་སེར་འབེབས། །ཞེས་བྲིས་འདུག་པ་ལས་མོན་ཤིང་ཁྲི་རྒྱལ་པོ་འདི་ཕྱོགས་བཞིར་གྲགས་པའི་བདུད་བཞིའི་གྲས་སུ་ཡོད་ཅིང་། ཆོས་བསྟན་པ་སྣུབ་མི་དང་ཁ་ནས་མ་ཁི་མི་འདོན་པ། ལག་པས་ཕྲེང་བ་མི་བགྲང་བ། གསོད་རྒྱུ་སྡིག་པ་དང་ཤ་ཟ་ཁྲག་འཐུང་བྱེད་པའི་བདུད་ཀྱི་ཁྱད་ཆོས་ཕལ་ཆེར་ཚང་བའི་མི་གཤིས་རྒྱུད་རྩུབ་ཅིང་དྲག་རྩལ་ལ་མཁས་པ་ཞིག་གི་གཟུགས་བརྙན་གསལ་བོར་བྲིས་པ་ལེགས་འགྲུབ་བས་ཡོད། ཤིང་ཁྲི་རྒྱལ་པོ་ནི་སྤྱིར་ན་མིའི་རིགས་རྒྱུད་ཡིན་ཡང་ཁོའི་གཤིས་རྒྱུད་དང་སྤྱོད་སྟངས་སོགས་ནི་བདུད་ཀྱི་རིགས་དང་ཁྱད་མ་མཆིས། ད་དུང«ཧོར་གླིང་གཡུལ་འགྱེད»ལས། ཕོ་ང་དང་ང་ངོ་མ་ཤེས་ན། །ཧོར་ནག་དམག་གི་དྭངས་རྩེ་ལ། །དམག་དཔོན་ཐང་ནག་རྩེ་རྒྱལ་ཟེར། །དམག་འཕྲུ་ནག་ཅན་གྱི་བདག་པོ་ཡིན། །རྟ་མགྱོགས་པ་ནག་པོ་འབྲོང་འདུར་ཡིན། །གྲི་རྣོན་པོ་སྤུ་གྲི་ལྟག་ནག་ཟེར། །ཁྲབ་ནག་དུག་ཟེར་འབར་བ་ཡིན། །རྨོག་ནག་མུན་པའི་ལས་ཚན་ཡིན། །འཕྲུ་ནག་སྤྲིན་ནག་རྔམ་ཆེན་ཡིན། །མདུང་ནག་བདུད་མཚོན་རྣོ་ཆེད་ཡིན། །ནག་པོ་བདུན་གྱིས་བསྐོར་པ་འདི། །བདུད་ནག་པོས་དཀྱིལ་ནས་ཆས་པ་ཡིན། །རྟིང་མ་མི་ཤ་རློན་ཟ་ལ། །བདུད་ཀླུ་བཙན་ངེད་གཉིས་འདྲ་འདྲ་ཡིན། །ཞེས་བྲིས་པ་འདི་ལས་ཀྱང་ཧོར་གྱི་དམག་དཔོན་ཐང་ནག་རྩེ་རྒྱལ་འདི་ནག་པོ་བདུན་གྱིས་བསྐོར་པ་དང་བདུད་ནག་པོའི་དཀྱིལ་ནས་ཆས་ཤིང་། རྟིང་མ་མི་ཤ་རློན་ཟ་བྱེད་པ། བདུད་ཀླུ་བཙན་དང་འདྲ་བའི་ལྡོག་ཟླའི་དམག་དཔོན་འགྲན་ཡ་མེད་པ་ཞིག་ཞིབ་འབྲི་བྱས་ཡོད་པས་ཧ་ཅང་གསོན་ཉམས་ལྡན་ཞིང་ངོ་མཚར་བའི་དམག་དཔོན་ཞིག་གི་གཟུགས་བརྙན་ཀུན་གྱིས་སྤྱན་ལམ་དུ་བཞེངས་བྱུང་། སྤྱིར་ན་བདུད་ཀླུ་བཙན་དང་ཁྱད་མ་མཆིས་པ་ཞིག་མིན་ཡང་། འདིར་ཡང་གཅིག་ནི་རང་གི་དཔའ་རྩལ་འགྲན་ཡ་མེད་ཚུལ་གཞན་ལ་ངོམས་པ་དང་། གཉིས་ནི་ལྡོག་ཕྱོགས་ཀྱི་མི་སྣ་འཇིགས་ཤིང་རྟུལ་ཕོད་ཅན་ཞིག་མིན་ན་དྲང་ཕྱོགས་ཀྱི་མི་སྣའི་རྩལ་དང་ཤུགས་དེ་ཡང་བསྒྲུན་པར་དཀའ་བ་ཞིག་ཕྱིར་མངོན་པ་དང་ལེགས་འབྲི་བྱེད་ཐབས་མེད་པ་ཞིག་ཀྱང་ཡིན། ཧོར་གུར་དཀར་རྒྱལ་པོའི་གཟུགས་བརྙན་བཞེངས་སྐྲུན་བགྱིས་པ་ཡང་ཁྱད་ཆོས་གསལ་བོ་མངོན་འདུག དཔེར་ན་གླིང་སྒྲུང་ལས་ཇི་སྐད་དུ། རྗེ་དཔོན་རྒྱུད་མ་ཆད་གུར་དཀར་དཔོན། །རླུང་མ་ཡོང་བྱས་ན་ཁྲིག་གེར་འདུག །ད་ཤོག་བྱས་ན་འུར་སེ་ཡོང་། །ཆུ་མ་འབབ་བྱས་ན་འཁྱིལ་ལེར་འདུག །ད་བོབས་བྱས་ན་ཤར་ལེར་འབབ། །མེ་མ་འབར་བྱས་ན་ཁྲིག་གེར་འདུག །ད་འབར་བྱས་ན་ལྷབས་སེ་འབར། །ས་མ་འགུལ་བྱས་ན་བརྟན་སེ་འདུག །ད་འགུལ་བྱས་ན་ཤིགས་སེ་འགུལ། །འབྱུང་བ་བཞི་ལ་རང་དབང་ཐོབ། །དབུ་འཕང་ཨ་སྔོན་དགུང་ལས་མཐོ། །སྐུ་བརྗིད་དོག་མོ་ས་ལས་ཆེ། །དཔའ་སྙིང་ཕོ་ཐོང་སེང་ལས་ཆེ། །ཁྲིམས་ལས་ཀ་གཉིས་ཀྱི་བདག་པོ་ཡིན། །ལུང་ཐམ་ག་གཉིས་ཀྱི་བདག་པོ་ཡིན། །ཞེས་ཞིབ་འབྲི་གནང་འདུག མོན་ཤིང་ཁྲི་རྒྱལ་པོ་འདུལ་ཚུལ་ཡང་འདི་ལྟར་བཀོད་ཡོད། བདུད་ཀྱི་དམུ་སྐས་འཇིགས་སུ་རུང་བ་ཞིག་མཁར་ཐོག་ལ་བཟུང་སྟེ། ཤིང་ཁྲི་རྒྱལ་པོས་འཁོར་གསུམ་ལུས་ལ་བསྐོར་ཞིང་། དཔའ་བརྗིད་ཡིད་དུ་འོང་བ་ཞིག་བྱས་ནས་སྐས་ལ་འཛེག་བཞིན་ནམ་མཁའ་ལ་ཤོར་བས། དེར་རྒྱལ་པོ་ཉེ་བར་ཕེབས་ཏེ་དམའ་མོ་ཨ་འགུལ་ལེབ་ཆེན་དེ་དམུ་སྐས་ལ་འཕངས་པས་དམུ་སྐས་དེ་ལ་ཐེབས་པས་ལང་ངེར་གཏོར་ནས་སོང་། ཤིང་ཁྲི་རྒྱལ་པོ་དེས་དམུ་སྐས་ཐེམ་པ་བཅུའི་གོང་ནས། ལྕགས་གཞུ་ནག་པོ་ཐོག་འབེབས་ཀྱི་སྟེང་ལ། དུག་མདའ་ཧ་ལ་འབར་བ་བཞག་ནས་འདོམ་བཀང་སྟེ་རྒྱལ་པོ་ལ་གླུ་བླངས་ཏེ། དུག་མདའ་སྔོ་ལྗང་དེ་འཕངས་པས། འཛམ་གླིང་སེང་ཆེན་རྒྱལ་པོ་ཁོང་། ལྷ་དམག་བྱེ་བ་ས་ཡས་བསྐོར་ནས་སྦྲང་མ་རྩི་ལ་རུབ་པ་བཞིན་དུ་ཡོད་པས། མདུན་ནས་ལྷ་དམག་ཁ་ཤས་ཐོར་བ་ཙམ་ལས་སྐུ་ཟིལ་འོད་ཀྱིས་མདའ་ཡིས་གནོད་མ་ནུས། དུག་རླངས་ཀྱིས་ཉི་ཟླ་གཉིས་གཟའ་ཡིས་སྒྲིབ་པ་ལྟར་བྱུང་། དེར་རྒྱལ་པོས་དམའ་འཕངས་པས་ལྷ་ཀླུ་གཉན་གསུམ་གྱིས་མདའ་སྣེ་དྲངས་ཏེ་མེ་ལྕེ་སེར་རྒོད་གློག་གསུམ་གྱིས་གང་སྟེ། ཁོ་ཡི་བྲང་སྟོད་དུ་མེ་ལོང་ཕུབ་ཙམ་ཞིག་ཡོད་པ་དེ་ལ་ཐེབས་ནས་སིང་སྒྲ་དང་བཅས་ཏེ་གཏོར་ནས། ཁོ་ཡི་ལུས་དེ་ཕུབ་མ་རླུང་གིས་གཏོར་བཞིན་དུ་སོང་། དངོས་ཡོད་ཁྲབ་རྨོག་ཤ་རུས་དུམ་བུ་རྣམས་རྫོང་མཁར་གྱི་མེ་ནང་དུ་ལྷུང་།ཞེས་ཞིབ་འབྲི་བྱས་འདུག
       གསུམ། གླིང་སྒྲུང་ལས་ངོ་གཉིས་མའི་གཟུགས་བརྙན་ཞིབ་འབྲི་བྱས་པའི་སྐོར། འདི་ཕྱོགས་ཀྱི་མི་སྣ་རྒྱལ་ཕྲན་སོ་སོ་ན་ཡོད་ཀྱང་གླིང་གི་ཁྲོ་ཐུང་ནི་ཤིན་ཏུ་དཔེ་མཚོན་དུ་གྱུར་བའི་ངོ་གཉིས་ལྡན་གྱི་མི་སྣ་ཞིག་ཞིབ་འབྲི་བྱས་འདུག ཁྲོ་ཐུང་ལ་ཆ་མཚོན་ན་སྤྱིར་གླིང་གེ་སར་རྒྱལ་པོའི་ཨ་ཁུ་ཡིན་ཡང་ཁོང་གི་བྱ་སྤྱོད་པ་ནི་ངོ་གཉིས་མ་ཁོ་ན་ཡིན་པས་གླིང་གི་གྱོད་གཞི་ཕལ་ཆེར་གྱི་སྣ་འདྲེན་ཁོང་རང་ཡིན། བོད་མིའི་ཁ་དཔེར། ཁྲོ་ཐུང་ཁྲོ་མ་ཐུང་ན། གེ་སར་གེ་མི་སར། ཞེས་བཤད་པ་ལྟར། གླིང་གེ་སར་གྱི་གཞན་ཕན་གྱི་འཕྲིན་ལས་ཡོངས་སུ་འགྲུབ་དགོས་ན་གྱོད་སྣ་འདྲེན་པའི་མི་ཞིག་མེད་མི་རུང་བ་བཞིན་ཁྲོ་ཐུང་ཡང་མེད་ན་མི་ཆོག་པའི་མི་སྣའི་གཟུགས་བརྙན་ཞིག་འབུར་ཐོན་བྱས་ནས་བྲིས་འདུག གླིང་སྒྲུང་གི་སྒྲིག་གཞིའི་གྲུབ་ཆ་ཐོག་ནས་བལྟས་ན་ངོ་གཉིས་མའི་རིགས་འདིས་གཏམ་རྒྱུད་ཀྱི་བྱུང་འཕེལ་དང་སྒྲུང་ཁག་གི་གོང་འོག་བར་གྱི་མཐུད་མཚམས་སྦྱོར་བའི་ནུས་པ་ཆེན་པོ་ཐོན་ཡོད། ལར་ཁྲོ་ཐུང་སྐྱེས་པ་གླིང་ནས་སྐྱེས་ཤིང་རིགས་རུས་ཆེ་རྒྱུད་ཡིན་མོད་འོན་ཀྱང་ཁོང་གི་ཀུན་སློང་ནག་ཅིང་སྤྱོད་པ་ངན་པ་དེ་སྒྲུང་ཁག་མང་ཤོས་ནང་དུ་གསལ་བོར་བྲིས་འདུག དཔེར་ན«ཧོར་གླིང་གཡུལ་འགྱེད»ལས། མ་བཞི་དཔོན་པོ་ཁྲོ་ཐུང་དེ། །ཁ་ཕར་འཁོར་ཌ་རུ་ངོ་གཉིས་ཡིན། །ཁ་ཚུར་འཁོར་ཕུར་བུ་ཟུར་གསུམ་ཡིན། །གཏམ་ཕུག་མེད་སྒོ་ཁྱི་ཟུག་ཟུག་ཡིན། །ལས་ཅི་བྱས་དམའ་འབབ་ཁུར་ཁུར་ཡིན། །གཞིས་བུད་མེད་ཐོག་ལ་ང་རྒྱལ་ཆེ། །ཤ་ཕུ་ནུའི་སྟེང་ལ་དཔའ་བོ་སྟག །སྡང་དགྲ་བོ་མཐོང་ན་སྡར་མ་ཝ། །གླིང་ལྷ་སྡེ་དཀྱིལ་ནས་ཁ་ཕོ་ཅན། །ཧོར་གུར་དཀར་རིག་ན་ཡ་མཆུ་འདར། །ཧོར་ཤན་པ་རིག་ན་རྒྱང་ཕྱག་འཚལ། །ཧོར་འབུམ་དམག་རིག་ན་སྒུར་སྒུར་བྱེད། །དགྲ་རྒྱུགས་སྣ་དཔུང་ཁྲིད་བྱེད་མཁན་ཡིན། །ཆར་འབབ་སྣ་རླུང་ཁྲིད་བྱེད་མཁན་ཡིན། །མི་དེ་ལ་ཡག་བཤད་གཅིག་ཀྱང་མེད། །ཅེས་བྲིས་ཡོད་པ་ལས་གསལ་བོར་རྟོགས་ཐུབ་པ་སྟེ། ཁྲོ་ཐུང་ཁོ་ཕར་འཁོར་ཌ་རུ་བཞིན་ངོ་གཉིས་ལྡན་ཞིག་ཡིན་ཞེས་དཔེར་དྲངས་ནས་བརྗོད་པ་འདིས་ཁྲོ་ཐུང་ཁ་ཕར་འཁོར་མི་ཞིག་དང་ཁ་ཚུར་འཁོར་མི་ཞིག་ཡིན་པ་གསལ་བོར་བྲིས་འདུག ད་དུང་ནང་མི་ལ་སྡང་ཞིང་ཕྱིའི་དགྲ་བོ་མཐོང་ན་སྡར་མ་ཝ་བའིན་ཡ་མཆུ་འདར་བ་ཞིག་ཀྱང་ཡིན་པ་བྲིས་ཡོད་པ་དང་། ཆར་འབབ་སྣ་རླུང་གིས་ཁྲིད་པ། དགྲ་རྒྱུགས་སྣ་དཔུང་ཁྲིད་བྱེད་མི་ཞིག་ཀྱང་ཡིན་པ་སོགས་ཀྱི་རང་གཤིས་ངན་པ་རི་མོར་བལྟས་པ་ལྟར་གསལ་བོར་མིག་ལམ་དུ་ཤར་ཐུབ་པའི་སྒྱུ་རྩལ་གྱི་གཟུགས་བརྙན་མངོན་པར་བྱས་ཡོད། གཞན«ཧོར་གླིང་གཡུལ་འགྱེད»ལས། ཁ་ཕར་འཁོར་རལ་གྲི་སོ་གཉིས་པོ། །ཚུར་གཏམ་བྲ་བོ་ཟུར་གསུམ་པ། །མི་ཁྱོད་ལ་ཡག་བཤད་ཅི་ཡང་མེད། །དེ་མེད་དོན་རྩ་བ་བཤད་པ་ན། །ཆུང་མ་ལས་སྐྱེས་པའི་ཞག་བདུན་དུས། །མས་མ་སོས་བ་དྲུས་མཛོ་མོར་བསྣུན། །མཛོ་མོས་མ་སོས་རྒོད་མར་བསྣུན། །རྒོད་མས་མ་སོས་ཁྱི་མོར་བསྣུན། །དེས་སོས་པས་མ་བཞི་ཁྲོ་ཐུང་ཐོགས། །ཁྱོད་ཁྲོ་ཐུང་ཟེར་བ་དོན་གཅིག་ཡོད། །ཁྱོད་ཁྲོ་བ་བཟའ་ཚང་ནང་ལ་ཁྲོ། །ཁྱོད་ཐུང་བ་ཕུ་ནུའི་གྲལ་ན་ཐུང་། །ཞེས་བྲིས་ཡོད་པ་ལས་ཀྱང་ཁྲོ་ཐུང་འདི་མི་ངན་པ་ཁྱད་མཚར་ཅན་ཞིག་ཡིན་ཕྱིན་ཐོག་མ་སྐྱེས་པ་ནས་མས་མ་སོས་མཛོ་མོར་བསྣུན། ཁྱི་མོར་བསྣུན། རྒོད་མར་བསྣུན་ནས་ད་གཟོད་སོས་པ་ཞིག་ཡིན། དེ་བས་མིང་ལ་ཡང་མ་བཞིའི་དཔོན་པོ་ཁྲོ་ཐུང་ཐོགས་པ་ལགས། སྤྱིར་ན་འཇིག་རྟེན་མི་ཞིག་སྐྱེས་པ་ནས་མ་བཞིས་གསོས་པའི་ལོ་རྒྱུས་ཤིག་གོ་རྒྱུ་མེད། ལྷག་པར་དུ་ཁྱི་མོར་བསྣུན་པའི་ལོ་རྒྱུས་ཤིག་གོ་མ་མྱོང་ཡང་སྒྲུང་རྩོམ་ནང་གི་མི་སྣའི་དགོས་མཁོ་ལྟར་དུ་འདི་འདྲའི་ཐུན་མོང་མ་ཡིན་པའི་གཟུགས་བརྙན་ཞིག་གཟས་ནས་ཞིབ་འབྲི་བྱས་པ་ཡིན། ངོ་གཉིས་མའི་ཚབ་བྱེད་ཀྱི་མི་སྣ་ཁྲོ་ཐུང་གི་གཟུགས་བརྙན་གླིང་སྒྲུང་ལས་ཞིབ་འབྲི་བྱས་པ་ཤིན་ཏུ་ཡོངས་འགྲུབ་བྱུང་ཡོད། ད་དུང་རྩོམ་རིག་སྒྱུ་རྩལ་གྱི་རིན་ཐང་ཡང་ཚད་ངེས་ཅན་ཞིག་ལ་ཐོན་འདུག ལར་ཁྲོ་ཐུང་ངོ་གཉིས་མའི་ཚབ་བྱེད་མི་སྣ་ཞིག་ཡིན་ཡང་ཁོང་ལ་ངན་འབྲས་མ་གཏོགས་ཕན་འབྲས་ཅུང་ཙམ་མེད་ཅེས་བརྗོད་ན་མི་འགྲིག་སྟེ། གླིང་གེ་སར་མཆོག་གི་དགྲ་བདུད་ལ་ཁོང་ཁྲོ་ཐུང་གི་ཤུགས་ལ་བརྟེན་ནས་འདུལ་བ་མ་གཏོགས་ཅི་བ་གཏོལ་མེད་དུ་གྱུར་བའི་ལོ་རྒྱུས་ཀྱང་ཡོད་པ་རེད། འདི་ཐམས་ཅད་ལ་གཅིག་བགོས་གཉིས་འགྱུར་གྱི་ལྟ་བ་བཟུང་ནས་དཔྱད་པ་གཏོང་རྒྱུ་ནི་གལ་ཆེའོ། །
བཞི་བ། མོ་སྨན་གྱི་གཟུགས་བརྙན་བཞེངས་སྐྲུན་སྐོར་བཤད་པ།
       གཞན་ཡང་གླིང་སྒྲུང་ལས་མཛེས་ཤིང་ཡིད་དུ་འོང་ལ་གཤིས་རྒྱུད་བཟང་བ། ལས་ལ་བརྩོན་ཞིང་འགྱུར་བ་མེད་པའི་མཛངས་མ་གང་མང་ཞིག་གི་གཟུགས་བརྙན་ཡང་ཞིབ་འབྲི་ལེགས་པོ་བྱས་ཡོད། དེ་དག་ལས་ཀྱང་གླིང་གི་སྨན་མཆོག་བདུན་གྱི་གཙོ་མོ། གླིང་སེང་ཆེན་རྒྱལ་པོའི་གཏན་གྲོགས་སྒ་སྐྱ་ལོ་སེང་ལྕམ་འབྲུག་མོའི་གཟུགས་བརྙན་ཞིབ་འབྲི་བྱས་པ་འབུར་དུ་ཐོན་འདུག དཔེར་ན«ཧོར་གླིང་གཡུལ་འགྱེད»ལས། ཁྱོད་འདྲའི་ན་ཆུང་མཚར་མོ་ཞིག །བོད་མ་བརྒྱའི་རུམ་ནས་སྐྱེས་ཚུལ་མེད། །དེ་སྐྱེས་ཀྱང་ཁྱོད་འདྲར་འོང་ལུགས་མེད། །ཁྱོད་སྒྲོལ་མ་དཀར་མོའི་སྐྱེ་མཐའ་ཡིན། །ཁ་ཕར་འཁོར་སྐྲ་མཛེས་རྒྱན་ཡག་མ། །ཁ་ཚུར་འཁོར་འཇའ་རིས་མདངས་ལྡན་མ། །འགྲོ་ཕར་འགྲོ་གོམ་པ་རྟ་བརྒྱའི་རིན། །མ་མཁའ་འགྲོ་གར་སྟབས་བརྒྱུར་བ་འདྲ། །ཚུར་འོང་ལུགས་སྨུག་པོ་དྲེལ་བརྒྱའི་རིན། །ལྷ་རིག་འཛིན་རྩེ་བྲོ་འཁྱུགས་པ་འདྲ། །ཉམས་དགའ་བ་རྩེ་ལུགས་མཛོ་བརྒྱའི་རིན། །མི་གཞན་ཡིད་འཕྲོག་པའི་ལྕགས་ཀྱུ་འདྲ། །སོ་འཛུམ་དཀར་བསྟན་ན་ལུག་བརྒྱའི་རིན། །ཤེལ་མུ་ཏིག་ཕྲེང་ཆུང་བསྒྲིགས་པ་འདྲ། །སྐྲ་གཡས་པ་གཡས་སུ་འཕངས་པ་ན། །རྒོད་ཐང་དཀར་གཤོག་པ་བརྐྱངས་པ་འདྲ། །སྐྲ་གཡོན་པ་གཡོན་དུ་འཕངས་པ་ན། །རྒོད་ཐང་སྨུག་གནམ་འཕང་གཅོད་པ་འདྲ། །རྒྱབ་སྐྲ་རྒྱན་གཡུ་བྱུར་ཕྲེང་བསྒྲིགས་པ། །ལྷའི་བུ་མོ་མི་ཡུལ་འོངས་པ་འདྲ། །མདུན་ཁ་དོག་སྣ་ལྔའི་རྒྱན་ཆ་དེ། །བྱ་རྨ་བྱས་སྒྲོ་གུར་ཕུབ་པ་འདྲ། །ཡར་ལངས་ན་རྒྱ་དར་འཕྱར་བ་འདྲ། །མར་བསྡད་ན་གུར་ཁང་ཕུབ་པ་འདྲ། །མདའ་ཉག་ཕྲན་ཞིག་ལ་ཅི་ཚང་བ། །ཁྱོད་སེང་ལྕམ་འབྲུག་མོར་ཚང་ནས་ཡོད། །བློ་རྣོ་བ་མདེའུ་ངར་མ་འདྲ། །ཁོག་ཡིད་སེམས་དྲང་བ་མདའ་མོ་འདྲ། །ཡིད་དྭངས་པ་མེ་ལོང་གཟུགས་བརྙན་འདྲ། །ཞེས་བཀོད་ཡོད་པ་ལས། སེང་ལྕམ་འབྲུག་མོའི་ལུས་སྐྱེས་གཟུགས་དང་ཡག་མོ་སྒོ་དེ་རབ་བཏགས་ཀྱི་ལམ་ནས་འགྲོ་ཕར་འགྲོ་གོམ་པ་རྟ་བརྒྱའི་རིན། ཚུར་འོང་ལུགས་སྨུག་པོ་དྲེལ་བརྒྱའི་རིན། སོ་འཛུམ་དཀར་བསྟན་ན་ལུག་བརྒྱའི་རིན་ཞེས་བརྗོད་པ་སོགས་ལས་མཛེས་མའི་རིན་ཐང་དེ་སྔར་ལས་ཇེ་ཆེར་བཏང་ཡོད་ལ། ད་དུང་ཁོ་མོའི་གཡུ་བྱུར་གྱི་རྒྱན་ཆ་སྤྲས་ལུགས་དང་ལུས་ཀྱི་སྤྱོད་སྟངས་བཅས་ཕྱོགས་གང་ནས་བལྟས་ཀྱང་སྐྱེས་མ་ཕལ་པ་དང་མི་མཚུངས་བའི་སྨན་མཆོག་ལྷའི་བུ་མོ་དང་ཁྱད་མ་མཆིས་པ་ཞིག་ལགས་པ་སུས་ཀྱང་རྟོགས་ཐུབ་པར་མ་ཟད། ཁོ་མོའི་གཤིས་རྒྱུད་དྲང་པ་མདའ་དང་བློ་རིག་རྣོ་བ་མདེའུ། ཡིད་སེམས་གསལ་བ་མེ་ལོང་། ཁོག་རྒྱ་ཡངས་པ་ཐང་ཆེན་ལྟ་བུ་བཅས་ཡིན་པ་ཡང་ཞོར་དུ་རྟོགས་ཐུབ། རྩོམ་རིག་གང་ལས་ཀྱང་འདི་འདྲའི་གསོན་ཉམས་ལྡན་པའི་མི་སྣའི་གཟུགས་བརྙན་ཞིབ་འབྲི་བྱས་པ་ནི་ཤིན་ཏུ་ཉུང་། འདི་ནི་བོད་རིགས་བུ་མོའི་གཟུགས་བརྙན་ཞིབ་འབྲི་གནང་བ་རྩེར་སོན་འདུག་ཅེས་ཀྱང་མགྲིན་བ་གཟེངས་སུ་བསྟོད་ནས་སྨྲས་ཆོག
       གཞན་ཡང་དྲང་ལྡོག་ཕྱོགས་ཀྱི་མི་སྣ་གཙོ་བོ་སྟེ་མ་ཡུམ་འགོག་བཟའ་ལྷ་མོ་དང་རྒྱ་མི་ཆེན་རྒྱལ་པོའི་སྲས་མོ་ལྷ་དཀར་སྒྲོལ་མའི་གཟུགས་བརྙན། རྒྱ་ཚའི་མ་ཡུམ་རག་བཟའ་དགེ་མཚོ་དང་ཁྲོ་ཐུང་གི་ཇ་མ་ཁ་རག་བཟའ་ཡི་གསེར་མཚོའི་ཞིབ་འབྲི། མེ་བཟའ་འབུམ་སྐྱིད་ཀྱི་སེམས་ཁམས་ཀྱི་འགྱུར་བ་དང་བྱ་སྤྱོད་པའི་ཞིབ་འབྲི། བདུད་ཀླུ་བཙན་གྱི་སྲས་མོ་བདུད་མོ་སྒྲོལ་མ་དང་ཨ་སྟག་ལྷ་མོའི་ཞིབ་འབྲི་ལ་སོགས་པ་དཔེ་མཚོན་གྱི་མི་སྣ་གསོན་ཉམས་ལྡན་པ་མང་པོ་མཆིས་སོ། །མོ་སྨན་འདི་ཐམས་ཅད་ལ་བཟང་གུས་འཇམ་གསུམ་གྱི་ཡོན་ཏན་དང་བདེན་བཟང་མཛེས་གསུམ་གྱི་ཁྱད་ཆོས། ད་དུང་དགྲར་སྡང་གྲོགས་བྱམས་ཀྱི་རང་བཤིས་བཅས་པ་ཞིབ་འབྲི་བགྱིས་ཡོད་པ་མ་ཟད། གཡོ་སྒྱུ་ཕྲ་གསུམ་གྱི་ངན་སྤྱོད་དང་བརྣལ་སེམས་གནོད་སེམས་ཀྱི་ཕྲག་དོགས་བཅས་པ་ཚང་པའི་མོ་སྨན་ལ་ལ་ཡང་ཞིབ་འབྲི་གནང་པ་ཤིན་ཏུ་ལེགས་འགྲུབ་བྱུང་ཡོད། དེ་བས་ཀྱང་བདུད་ཀླུ་བཙན་གྱི་སྲས་མོ་བདུད་མོའི་ལུས་གཟུགས་ཀྱི་རྣམ་པ་དང་དགེ་བཅུར་འགལ་བའི་ངན་སྤྱོད་རྣམས་ཞིབ་འབྲི་བགྱིས་པ་ཤིན་ཏུ་འོས་འཚམ་ཡིན་ཞིང་ཡིད་འགུག་གི་ནུས་པ་ཆེན་པོ་ལྡན་ནོ། །བྱང་ཨ་སྟག་འཁྱིལ་བའི་ལྷ་མོའི་གཟུགས་བརྙན་བཞེངས་སྐྲུན་བགྱིས་པའང་འོས་ཤིང་འཚམ་འདུག དཔེར་ན«དམྱལ་གླིང»ལས། མི་འདི་ཡི་ཆ་རྒྱུས་ང་ལ་ཡོད། །འདི་འཇིག་རྟེན་ཁམས་ན་ཡོད་པའི་དུས། །བདུད་སྲིན་པོ་མགོ་དགུའི་སྲིང་མོ་རེད། །ས་ཡར་སྟོད་བདུད་ཀྱི་ས་ཆ་ནས། །སྨན་འདི་ལ་བདུད་མོ་ཤ་གཟན་ཟེར། །ཆུང་མོ་ལོ་གསུམ་གྱི་གོང་རོལ་ནས། །ཐང་ཆེན་པོའི་དཀྱིལ་ལ་ཤིང་མདའ་འཕངས། །བྱིའུ་རི་བོང་སྒུམ་བུ་འཐུ་འཐུ་བྱས། །མ་འདི་ལ་ཡར་ཐར་གང་ན་ཡོད། །ལོ་བཅུ་གསུམ་ཁ་ལ་ཡར་བུད་ནས། །སྐྲ་བརྒྱབ་ལ་འཕངས་ནས་སྡིག་པ་བྱས། །ནང་སྔ་དྲོ་ཁྲ་ཡག་རྫ་ལ་སོང་། །འདིས་ལྕགས་གཞུ་བཀུག་ནས་ལྕགས་མདའ་འཕངས། །འབྲོང་བྲེ་སེར་མ་བུ་དགུ་བརྒྱ་བསད། །མགོ་རུ་ཐར་ཤ་ལེ་ཐང་ལ་འཕངས། །དགོང་ཕྱི་དྲོ་འབྲོང་མོ་བསད་བསད་ནས། །རི་ཆེན་པོ་ཁྲག་གིས་དམར་པོ་བྱས། །མ་ཨ་སྟག་ལྷ་མོ་གར་སོང་ན། །བྱ་རྒོད་པོའི་གཤོག་རྩལ་ཉི་ལི་ལི། །སྤྱང་དར་མ་གཟན་རྒྱུག་ཐ་ར་ར། །མ་འདི་ལ་ཡར་ཐར་གང་ན་ཡོད། །ཉིན་གུང་ན་དམར་གཞོང་ལ་སོང་། །རྐྱང་ཁ་དཀར་མ་བུ་དགུ་བརྒྱ་བསད། །ན་ཆེན་པོའི་ཁ་དོག་ཁྲག་གིས་བསྒྱུར། །ས་བདེ་མོ་ཐམས་ཅད་ཤ་ཡིས་བཀང་། །ཁུག་གཤོང་གཤོང་ཐམས་ཅད་ཁྲག་གིས་བཀང་། །དགོང་ཕྱི་དྲོ་རྒྱ་མཚོའི་ཁ་ལ་སོང་། །ལྕགས་ཀྱུ་སྣ་ཚོགས་སྐེད་ལ་བསྐོར། །ཉ་སྲམ་མང་པོའི་སྲོག་གཟན་བྱས། །ཆུ་རྒྱ་མཚོའི་ཁ་དོག་ཁྲག་གིས་བསྒྱུར། །མི་འདི་ལ་ཡར་ཐར་གང་ན་ཡོད། །ཅེས་བྲིས་འདུག གལ་སྲིད་ལྡོག་ཕྱོགས་ཀྱི་མི་སྣ་དེ་དག་དེ་འདྲ་ཡ་ང་བ་དང་འཇིགས་སུ་རུང་བ་ཞིག་བཞེངས་སྐྲུན་མ་ཐུབ་ན་གེ་སར་རྒྱལ་པོ་དང་དཔའ་རྟུལ་རྣམས་ཀྱི་བསྒྲུན་པར་དཀའ་བའི་མཐུ་སྟོབས་ཀྱང་འབུར་དུ་ཐོན་དཀའ་མོ་འདུག གཞན་ཡང་གེ་སར་རྒྱལ་པོའི་མཛད་པ་འཕྲིན་ལས་ལེགས་པར་སྐྱོང་པར་མེད་དུ་མི་རུང་པའི་སྡོངས་གྲོགས་མ་དང་མཁའ་འགྲོ་མང་པོ་བཞེངས་སྐྲུན་བྱས་མཆིས་ཀྱང་མ་ཨ་ནེ་གོང་སྨན་རྒྱལ་མོའི་གཟུགས་བརྙན་ཞིབ་འབྲི་གནང་བ་ཧ་ཅང་ལེགས་འགྲུབ་བྱུང་ཡོད། ཁོ་མོས་དུས་དང་རྣམ་པ་ཀུན་ལ་གླིང་རྗེ་གེ་སར་རྒྱལ་པོར་མགོན་སྐྱབས་གནང་བཞིན་འདུག
ལྔ་བ། གླིང་སྒྲུང་ལས་སྤྲུལ་སྒྱུར་གྱི་མི་སྣའི་གཟུགས་བརྙན་ཞིབ་འབྲིའི་སྐོར་བཤད་པ།
       གླིང་སྒྲུང་འདི་ཐོག་མཐའ་བར་གསུམ་དུ་དངོས་ཡོད་རིང་ལུགས་དང་རྟོགས་པ་འཆར་ཡན་རིང་ལུགས་ཟུང་འབྲེལ་གྱི་རྩོམ་སྟངས་སྤྱད་ཡོད། སྒྲུང་དཔེའི་ནང་ཞིབ་འབྲི་བྱས་པའི་དྲང་ལྡོག་ཕྱོགས་ཀྱི་མི་སྣ་གང་ཡིན་ཡང་ཐམས་ཅད་དངོས་ཡོད་འཚོ་བའི་ནང་གནས་པའི་ཤ་ཁྲག་གཉིས་ལྡན་གྱི་གང་ཟག་ཡིན་ལ། ད་དུང་ལྷ་སྒྲུང་གཏམ་རྒྱུད་ནང་གི་མི་སྣར་ཡང་གྱུར་ཡོད། ཁོ་ཚོ་ཕལ་ཆེར་ལྷ་འདྲེ་དང་འབྲེལ་འདྲིས་བྱེད་ཐུབ་པར་མ་ཟད་དུད་འགྲོ་སྲོག་ཆགས་དང་མདའ་མདུང་གྲི་གསུམ་ཡིན་ཡང་མི་གཤིས་ཅན་ཏུ་གྱུར་ཏེ། མི་དང་མཚུངས་པའི་སྐད་ཆ་སྨྲ་ཤེས། ཀློག་པ་པོའི་ཡིད་སེམས་ཀྱང་སྤྲོ་ཉམས་རྣམ་པར་ལྡན་པའི་འཇིག་རྟེན་གསར་བ་ཞིག་ཏུ་དྲངས་བའི་སྣང་བ་ཡང་འཆར་ཐུབ། ཁྱད་པར་དུ་གེ་སར་རྒྱལ་པོ་མཆོག་གཙོས་མཛད་པའི་མི་སྣ་ཉུང་ཤོས་ཤིག་སྤྲུལ་སྒྱུར་ལ་ཐོགས་པ་མེད་པ་ལས་གཞན་རྟ་དང་འཁོར་གསུམ་ཡང་སྤྲུལ་སྒྱུར་ཐུབ་པ་རེད། ཡིན་ནའང་གླིང་སྒྲུང་ལས་སྤྲུལ་སྒྱུར་གཟུགས་བརྙན་ཞིབ་འབྲི་བྱས་པའི་ཁྱད་ཆོས་གཙོ་བོ་ནི་གཉིས་ཡོད་དེ།
       གཅིག མིའི་གཟུགས་སུ་སྤྲུལ་བ་བསྒྱུར་བའི་སྐོར་འདིའི་ཕྱོགས་ཀྱི་སྤྲུལ་པའི་ནུས་པ་དེ་སྐྱེས་བུ་སུར་ཡང་ལྡན་པ་ཞིག་མིན་ཏེ། གཙོ་བོ་སྐྱེས་མཆོག་དམ་པ་གླིང་རྗེ་གེ་སར་རྒྱལ་པོར་སྤྲུལ་སྒྱུར་གྱི་དབང་ཐང་དེ་མངའ་བ་རེད། དེ་ཡང་ཕྱོགས་བཞིའི་དགྲ་བཞི་དང་རྫོང་ཆེན་བཅོ་བརྒྱད་རྫོང་ཕྲན་ཉེར་གཅིག་བཅས་ཕབ་པའི་དགོས་མཁོ་ཡང་ཡིན། གླིང་སྒྲུང་ལས་ཁོང་གི་སྤྲུལ་བ་རྒྱ་ཚོང་དཔོན་ཉི་མ་ལག་ཆེན་དང་བན་རྒན་དབུ་སེ། རྒྱ་ཕྲུག་བསམ་པའི་དོན་འགྲུབ་མོ་མ་ཀུན་ཤེས། དཔོན་གཡོག་བདུན། ལག་དོ་དཔའ་གསར་བཅས་མང་པོ་ཡོད། དེ་དག་ལས་ཀྱང་གཟུགས་བརྙན་ཞིབ་འབྲི་བྱས་པ་འབུར་ཐོན་བྱུང་ཡོད་པ་དེ་ནི་འཇང་གི་མོ་མ་ཀུན་ཤེས་རེད། དཔེར་ན«ཧོར་གླིང་གཡུལ་འགྱེད»ལས། དེ་ནས་ཉིན་ཞིག་སྐུ་རྗེ་སེང་ཆེན་རྒྱལ་པོ་དེ་ཉིད་འཇང་གི་མོ་མ་ཀུན་ཤེས་དཔོན་གཡོག་ཏུ་སྤྲུལ་ནས་ཧོར་ཡུལ་ལ་ཕེབས་ཏེ། འཇང་ནག་པོའི་སྨྱུག་ཞུ་མགོ་ལ་གྱོན། རས་ནག་པོའི་གོས་ལྭ་ལུས་ལ་གྱོན། མི་ལ་འདྲི་མཁས་པ། རང་གི་བཤད་མཁས་པ། མོ་ཡིག་མང་པོ་དྲེལ་ལ་བཀལ་པ།  སྔར་སོང་མངོན་ཤེས་འཕྲུལ་གྱིས་བཤད་པ། ཕྱི་འོངས་ལུང་བསྟན་ཡི་གེ་འབྲི་བ། ད་ལྟ་ཅི་འོང་ཐིག་ལ་འདེབས་པ། མངོན་ཤེས་ལ་ཐོགས་པ་མེད་མཁན་རྒྱུས་ཡོད་བརྒྱ་བས་རྒྱུས་ཞིབ་པ། ངོ་ཤེས་བརྒྱ་བས་རྟགས་ཆེ་བ། བུ་ཆུང་བརྒྱ་བས་མིག་རྣོ་བ་ཞིག་ཨ་ཆེན་ངོམ་ཐང་སྐྱ་མོའི་ནག་པོ་ལྕགས་རྫོང་བར་མའི་སྒོ་ལ་ཕྱིན་ནོ། །དེ་ནི་སུས་བལྟས་ན་ཡང་ཁུངས་བཙུན་པ། རྗེས་ཐུབ་པ་ཞིག་འདུག་ཟེར་བའི་སྐད་ཆ་དེ་ཡང་རྩེ་དཀར་མོའི་རྩེ་སྟོང་གི་ནང་ནས་ཐོས། ཞེས་བྲིས་འདུག་པ་ལས་གེ་སར་གྱི་སྤྲུལ་བ་བསྒྱུར་ནས་འཇང་གི་སྨྱུག་ཞུ་མགོ་ལ་གྱོན་པ་དང་རས་ནག་པོའི་གོས་ལྭ་ལུས་ལ་གྱོན་ཞིང་། མོ་མོའི་ཁྱད་ཆོས་ལྟར་དུ་མི་ལ་འདྲི་མཁས་པ། རང་གིས་བཤད་ཤེས་པ། མངོན་ཤེས་ལ་ཐོགས་པ་མེད་པ། སུས་བལྟས་ཀྱང་མོ་མ་ཀུན་ཤེས་ཉིད་དངོས་སུ་སླེབས་པ་ལྟར་མངོན་ཞིང་དགར་དཀའ་བའི་གནས་སུ་གྱུར་འདུག་པ་འདི་ནི་སྤྲུལ་སྒྱུར་གཟུགས་བརྙན་ཞིབ་འབྲི་བྱས་པའི་སྒྱུ་རྩལ་གྱི་ཆུ་ཚད་ཤིན་ཏུ་མཐོན་པོར་སླེབས་པའི་མངོན་རྟགས་རེད། སྤྲུལ་སྒྱུར་གྱི་མཐུ་དང་ནུས་པར་བརྟེན་ནས་ཕས་རྒོལ་སྟོང་ཕྲག་ཆམ་དུ་ཕབ་པ་འདི་གླིང་སྒྲུང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡིན་པ་མ་ཟད། གླིང་སྒྲུང་གི་གཏམ་རྒྱུད་ཀྱི་གོ་རིམ་ཆགས་པར་བརྟག་ན། ཧོར་གུར་དཀར་རྒྱལ་པོ་ལྟ་བུར་མཚོན་ན་འབྱུང་བ་ལྔ་ལ་རང་དབང་མངའ་བའི་རྒྱལ་པོ་མཐུ་སྟོབས་ལྡན་པ་ཞིག་ཡིན་པས་གལ་སྲིད་གེ་སར་མཆོག་ལ་སྤྲུལ་སྒྱུར་གྱི་ནུས་རྩལ་རླབས་པོ་ཆེ་ཞིག་མེད་ཕྱིན་ཧོར་གུར་དཀར་རྒྱལ་པོར་གཉའ་སྒ་ཡང་བསྟོད་དཀའ་མོ་འདུག དེ་བས་གཏམ་རྒྱུད་ཀྱི་གོ་རིམ་དང་མཇུག་ཀྱང་འོས་ཤིང་འཚམ་པ་ཞིག་འགྲུབ་དཀའ་མོ་རེད། དེ་མིན་འཇང་ས་དམ་རྒྱལ་པོ་འདུལ་ཚུལ་སྐོར་ལའང་འདི་ལྟར་ཞིབ་འབྲི་གསོན་ཉམས་ལྡན་པ་བགྱིས་འདུག དེ་ཡང་གེ་སར་གྱི་ཆིབས་རྐྱང་རྒོད་དེ་ཙན་དན་གྱི་ཤིང་དྲུང་དུ་སྤྲུལ་ནས་ནགས་གསེབ་ཏུ་བཞུགས། རྨོག་རྒྱལ་བའི་གླིང་གཞི་དེ་ཤིང་གི་འདབ་མར་སྤྲུལ། ཁྲབ་ཟིལ་པ་དེ་ཆུ་མིག་གཅིག་ཏུ་སྤྲུལ། འཁོར་གསུམ་དེ་མེ་ཏོག་ཚོམ་བུར་སྤྲུལ་ཏེ་བཞག རྒྱལ་པོ་ཉིད་ལྕགས་ཀྱི་སྦྲང་ཆུང་གཟུགས་མི་མངོན་པ་ཙམ་ལ་གཤོག་པ་སྲབ་པ་ཞིག་ཏུ་སྤྲུལ་ནས་འཕུར་བྱོན་ཏེ། འཇང་རྒྱལ་པོའི་འགྲམ་དུ་ཕེབས་ནས། ས་དམ་འདུལ་ཐབས་ཅི་དྲག་དགོངས་པའི་ཚེ། མཚོ་སྨན་དེའང་དཀར་ཕྱོགས་ལ་དགའ་བས་རྒྱལ་པོ་དགྲ་འདུལ་གྲོགས་ལ་སྔོན་དུ་ཞལ་གྱིས་བཞེས་པ་བཞིན་གེ་སར་ཕེབས་པ་ཤེས་ཤིང་། ཁྲུས་ཀྱི་རྫིང་བུ་མྱུར་སྟབས་སུ་འཁྲུགས་པས། ཁོ་ཡང་ཐེ་ཚོམ་མེད་པར་ཁྲུས་བྱས་ནས་ཧུབ་གསུམ་འཐུང་བས་དང་པོ་དེ་ལ་མ་ཚུད། བར་མ་དང་བསྡེབས་ནས་སྦྲང་བུ་དེ་ཡང་ཆུད་ཅིང་བདུད་དེའི་ཁོག་པར་གེ་སར་ཕེབས་ཏེ་སླར་ཡང་ལྕགས་ཀྱི་སྤུ་གྲི་གདོང་ཁ་རེག་གཅོད་ཟེར་བར་སྤྲུལ་ནས་ལན་འགའ་དཀྲུགས་པས། རྒྱལ་པོ་ས་དམ་དེ་ཕོ་ལྷང་སྲིད་ནད་ཀྱིས་ཐེབས་པ་ལྟ་བུས་ཡར་ལངས། མར་ཉལ། འགྲོ་འགྲེ་ལྡོག་གི་ངང་ནས། ཐོད་ཐོག་བུ་གསུམ་གྱིས་ཕྱག་ཞབས་ནས་འཛིན་པའི་ཚུལ་དང་། སྐུ་ལ་ནད་ཀྱི་ནོན་པ་ཅི་བྱུང་ཟེར་ཅེས་འདྲི་བའི་ཚུལ་བྱས་ཀྱང་། རྒྱལ་པོ་ས་དམ་གསུངས་འཇལ་མ་ཐུབ་རུང་། ཐུགས་ལ་མ་ངན་འགོག་ཚའི་འཕྲུལ་བྱུང་བ་དགོངས་ཤིང་།  གླིང་ཕྱོགས་སུ་མིག་ཧྲིག་ཧྲིག་དང་མཛུབ་མོ་བསྟན་པ་ལྟར་བྱེད་པའི་སྐབས་དེར།  སྤུ་གྲི་དེས་སྙིང་དཀར་ནག་མཚམས་སུ་དཀྲུགས་པས་ཐུལ་ལོ། །འདི་རྒྱའི་བརྩམས་ཆོས་གྲགས་ཅན«ཐང་སིན་བླ་མའི་རྟོགས་བརྗོད»ནང་གི་སུང་བིན་ཁུང་སྤྲུལ་སྒྱུར་གྱི་གཟུགས་བརྙན་བཞེངས་སྐྲུན་བགྱིས་པ་དང་གཅིག་མཚུངས་རེད། ད་དུང་ཁ་གླིང་གཡུལ་འཁྲུག་བྱུང་བའི་སྐབས་སུ། ཁ་ཆེའི་བྲག་སྒོ་བཙན་པོ་ཞིག་གིས་གླིང་དམག་གི་བགྲོད་ལམ་བཀག་འདུག་པའི་སྐབས་དེར། སྒ་སྡེ་མཆོག་གིས་མདའ་གསེར་ལྟོང་མ་ཞིག་འཕངས་པས་བྲག་སྒོའི་ཕྱེད་ཀ་གཡས་སུ་འཕངས་ཤིང་། བྲག་སྒོའི་ཕྱེད་ཙམ་གཡོན་དུ་འཕངས་ཏེ། ལམ་མེད་སར་ལམ་བཏོད་དེ་གླིང་དམག་འཕྲལ་དུ་ཁ་ཆེའི་ཤིང་ཁྲི་བཙན་པོའི་མཁར་རྫོང་གི་འགྲམ་དུ་ཆས་པ་དང་། མ་འགྱངས་པར་དམག་དཔོན་བདུད་མགོན་ཆེན་པོ་དང་ངྷ་ར་ཁྲ་རྒོད་མིག་དམར་གཉིས་རལ་གྲི་ནག་པོ་ཐོག་ཆོད་ཀྱི་འོག་ཏུ་དྲངས་ཏེ། གླིང་དཀར་དམག་དཔུང་རྣམ་པར་རྒྱལ་བའི་རྨང་གཞི་བརྟན་པོ་བཙུགས་པ་དག་ཞིབ་འབྲི་ལེགས་པོ་བས་ཡོད་པ་རེད།
       གཉིས། དུད་འགྲོ་སྲོག་ཆགས་ཀྱི་གཟུགས་སུ་སྤྲུལ་བ་བསྒྱུར་བའི་སྐོར། འདི་ཕྱོགས་སུ་ཉ་ཆེན་དཔྲལ་བ་ཁ་ཆེ་དང་སྤྲེའུ། འབྲོང་གཡག ལྷ་བྱ་ཁྲུང་ཁྲུང་བཅས་ཀྱི་གཟུགས་སུ་སྤྲུལ་སྒྱུར་གྱི་གཟུགས་བརྙན་གང་མང་ཡོད་པ་ལས་གླིང་གི་ཁྲོ་ཐུང་སྤྲུལ་བསྒྱུར་གྱི་གཟུགས་བརྙན་དེ་ཤིན་ཏུ་ངོ་མཚར་ཞིང་སྤྲོ་ཉམས་ལྡན་པ་ཞིག་རེད། དཔེར་ན«བྷེ་གླིང་གཡུལ་འགྱེད»ལས། དེའི་ཚེ་སྟག་རོང་ཁྲོ་ཐུང་གིས་ད་ནི་རྫུ་འཕྲུལ་ཞིག་མ་བསྟན་ན་མི་ཐུབ་ཐག་གིས་ཆོད་དགོངས་ནས་དེ་མ་ཐག་འབྲོང་གཡག་རི་རབ་ཙམ་ཞིག་ཏུ་སྤྲུལ་ནས་གབ་ཙེ་སོགས་མི་ལྔ་རྐང་ཞབས་སུ་སྦས། གཡག་རྭ་འདོམ་བརྒྱད་ཅུ་ལས་མེ་ལྕེ་དམར་ཧང་ཧང་བྱེད་པ། ལུས་སུ་རྡོ་རྗེ་མེ་ཡི་དཔུང་རབ་ཏུ་འབར་བ། ཁ་ནས་སྒྲ་སྒྲོག་པའི་ངུར་སྐད་འབྲུག་བརྒྱ་དུས་གཅིག་ཏུ་ལྡིར་བ་ལྟར་བུ། རྐང་ལག་གིས་ས་ལ་བརྡབས་ཚེ་དེ་མ་ཐག་གནམ་ས་འདར་ཤིག་ཤིག་ཙམ་དུ་བྱས་པ་ན། བྷེ་དམག་གང་མང་ཧ་ལས་ནས་ཅི་བྱ་གཏོལ་མེད་དུ་འགྱུར་པའི་དུས་ན། དེའི་ནང་ནས་བྷེ་དཔོན་ཐོག་ལྷས་ཐེ་ཚོམ་སྤུ་ཙམ་ཡང་མི་བྱེད་པར་གྲི་བཏོན་ནས་སྤྲུལ་བའི་གཡག་རྒོད་སྟེང་དུ་མཆོངས་བ་ན་གཡག་རྒོད་དེས་ཁྲོས་པའི་རྣམ་འགྱུར་ཞིག་བསྟན་ནས་རྭ་གཡུག་གཅིག་གིས་ཐོག་ལྷ་དཔག་ཚད་གཅིག་གི་བར་སྣང་ལ་གཡུགས་ཏེ་ས་ལ་འགྱེལ། ཞེས་བྲིས་པ་ལས་ཁྲོ་ཐུང་སྤྲུལ་བ་བསྒྱུར་བའི་འབྲོང་གཡག་གི་གཟུགས་བརྙན་གཞན་དང་མི་མཚུངས་བའི་གཡག་རྭ་འདོམ་བརྒྱད་ཅུ་ལས་མེ་ལྕེ་འབར་བ། ལུས་སུ་རྡོ་རྗེ་མེ་དཔུང་འབར་བ། རྐང་ལག་གིས་སར་བརྡབས་ཚེ་གནམ་ས་གཉིས་ཀྱང་འདར་བའི་སྣང་ཚུལ་སྟེར་བ་ཞིག་ཞིབ་འབྲི་བྱས་ཡོད། ཁྲོ་ཐུང་གི་སྤྲུལ་བ་འབྲོང་གཡག་འདི་ཡང་སྒྲོ་འདོགས་དང་རྟོག་པ་འཆར་ཡན་རིང་ལུགས་ཀྱི་རྩོམ་རིག་གི་འབྲི་ཐབས་སྤྱད་པའི་དབང་གིས་འབྲོང་གཡག་ཕལ་བའི་ཚད་ལས་བརྐལ་བ་ཞིག་ཞིབ་འབྲི་བྱས་འདུག དེ་ནི་ལྷ་གཡག་གི་ཁྱད་ཆོས་ཚང་བའི་གཟུགས་བརྙན་ཞིག་ཞིབ་འབྲི་བྱས་ནས་ལེགས་འགྲུབ་བྱུང་ཡོད། གལ་སྲིད་བྷེ་རའི་དམག་དཔོན་ཐོག་ལྷ་ཕམ་པར་བཟོ་པའི་དབང་ཐང་ཁྲོ་ཐུང་ལ་ཡོད་ཀྱང་འབྲོང་གཡག་འཇིགས་སུ་རུང་བ་ཞིག་གི་སྤྲུལ་བ་མ་བླངས་ན་དེ་མ་ཐག་རྨེག་མེད་བཟོ་ཐུབ་པའི་ངེས་པ་ཡེ་ནས་མེད། གཞན་ཡང་གླིང་གེ་སར་རྒྱལ་པོ་ཁོང་དང་ཁོང་གི་ཁྲབ་རྨོག་ཆིབས་པ་སོགས་སྤྲུལ་པ་སྒྱུར་པ་ཡང་ཧ་ཅང་ངོ་མཚར་བ་ཞིག་རེད། དཔེར་ན། གེ་སར་རྒྱལ་པོ་ཉིད་རྟ་རྒྱུག་རྒྱན་འཇོག་ལས་རྣམ་པར་རྒྱལ་ཏེ་ཐོག་དང་པོ་བྱང་བདུད་ཀླུ་བཙན་འདུལ་བར་འགྲོ་བའི་སྐབས་སུ་སེང་ལྕམ་འབྲུག་མོས་རྗེས་དེད་ནས་མཆོད་ཅིང་ཁ་འབྲལ་མ་ཕོད་པའི་བར་དེར་སྨན་གོང་མ་རྒྱལ་མོའི་བཀའ་བཀོད་ལྟར་བར་དུ་ཆུ་བོ་ཆེན་པོ་བརྒལ་མཐའ་མེད་པ་ཞིག་ཏུ་སྤྲུལ། རྟ་རྐྱང་རྒོད་གཡེར་བ་དེ་ཙན་དན་སྡོང་པོ་ཞིག་ཏུ་སྤྲུལ། ཁྲབ་ཆེན་སྲིད་པའི་འཇོལ་བེར་ཆོས་གོས་རྣམ་གསུམ་ཞིག་ཏུ་སྤྲུལ། ཨ་རྨོག་རྒྱལ་ལེ་ཐོད་དཀར་སྒོམ་ཞྭ་ཞིག་ཏུ་སྤྲུལ། རྒྱལ་པོ་གེ་སར་ཡང་དགེ་བཤེས་དམ་པ་ཞིག་ཏུ་སྤྲུལ། ཙན་དན་སྡོང་བོ་དེ་ལ་སྐུ་རྒྱབ་བརྟེན་ནས་གཏོར་མ་གཏོང་གིན་ཆུ་འགྲམ་དེར་བཞུགས་པའི་ཚུལ་མཛད། ཅེས་ཞིབ་འབྲི་གནང་འདུག་པ་ལས། གེ་སར་རྒྱལ་པོ་མཆོག་དང་ཁོང་གི་ཆིབས་རྟ་ཁྲབ་རྨོག་དག་སྤྲུལ་སྒྱུར་ཐུབ་པར་མ་ཟད་གོང་སྨན་རྒྱལ་མོའི་མཐུ་ནུས་ཀྱིས་ཆུ་མེད་ས་ཆུ་ཡང་ཆེན་པོ་ཞིག་སྤྲུལ་བས་ཡོད་པར་བསྒྱུར། གླིང་སྒྲུང«བདུད་འདུལ»གྱི་གཏམ་རྒྱུད་གོ་རིམ་ལ་བརྟག་ན་གེ་སར་ཁོང་དང་བཅས་པའི་སྤྲུལ་སྒྱུར་གྱི་ནུས་པར་བརྟེན་ནས་འབྲུག་མོ་དང་གེ་སར་ཁ་བྲལ་བྱུང་ཐུབ་པ་མ་གཏོགས། རྩོམ་སྟངས་གཞན་པ་སྤྱད་ཀྱང་འདི་འདྲ་འོས་ཤིང་འཚམ་ལ་བློ་ཡིད་འགུག་པ་ཞིག་ཐོན་དཀའ་མོ་འདུག་སེམས། ལར་གེ་སར་རྒྱལ་པོ་ཉིད་སྤྲུལ་སྒྱུར་ལ་ཐོགས་པ་མེད་ཀྱང་སྨན་གོང་སྨན་རྒྱལ་མོའི་མགོན་སྐྱོབ་དང་ཁ་འབྲལ་ཐབས་མེད། གལ་སྲིད་གེ་སར་མཆོག་ཐབས་ཟད་འུ་ཐུག་ཏུ་གྱུར་པ་དང་ཡང་ན་ལས་དོན་སོགས་བགེགས་རྐྱེན་ལ་ཐུག་པའམ་ཤོར་ཉེན་ཆེ་བའི་སྐབས་སུ་ཨ་ནེ་གོང་སྨན་རྒྱལ་མོས་གཟུགས་མེད་ཀྱི་ཁམས་སུ་གླུ་བླངས་ཏེ་མཛུབ་སྟོན་བླ་མེད་དང་རོགས་རམ་བསམ་གྱིས་མི་ཁྱབ་པ་མཛད་ནས་རྒྱལ་ཁའི་ལམ་དུ་ཁྲིད་པའི་སྲོལ་འདི་གླིང་སྒྲུང་འདིའི་ཐོག་མཐའ་བར་གསུམ་དུ་མཐོང་ཐུབ།
འབྲེལ་ཡོད་འོས་སྦྱོར།