logo

ལི་ཐང་ས་ཆའི་སྲོལ་རྒྱུན་གཉེན་སྟོན་སྐོར་རགས་ཙམ་གླེང་བ།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། དུས་ཚོད།:2026-09-21 ཀློག་གྲངས།:
       ལི་ཐང་ས་ཆའི་གཉེན་སྲོལ་མདོར་ཙམ་བརྗོད་པར་བྱ་སྟེ། སྤྱིར་ལི་ཐང་ས་ཆའི་གཉེན་སྲོལ་ལ་རོང་འབྲོག་གཉིས་ལ་ཁྱད་པར་ཅུང་ཙམ་ཡོད་མོད། འདིར་རོང་པའི་དབང་དུ་ཡོངས་གྲགས་ལྟར་བརྗོད་པ་ཡིན་ན། བུ་མོ་བག་མར་འགྲོ་བའམ་བུ་མག་པ་འགྲོ་བ་གང་ཡིན་ཡང་། ཁྱིམ་ཚང་གཉིས་ཀྱིས་གཉེན་སྟོན་བྱེད་པའི་དུས་ནི་གྲོས་བྱས་ནས་རྩིས་པའང་སྐར་མ་བཟང་ངན་ལྟ་ཤེས་མཁན་ཞིག་ལ་གཉེན་སྐར་ལྟ་རུ་བཅུག་ནས་གཟའ་སྐར་འཕྲོད་སྦྱོར་བཟང་པོ་ཞིག་བདམས་པ་ལྟར་གཉེན་སྐར་གྱི་ཉིན་དེའི་སྔ་ཉིན་ལ་བག་མ་གཏོང་མཁན་ཞང་པོ་ཚང་གི་གྲ་སྒྲིག་ལེགས་པར་བྱས་ཏེ། གཉེན་ཉེ་འབྲེལ་དང་གྲོང་མི་མི་རྒན་བསམ་ཡོད་དག་མགྲོན་དུ་བཀུགས་ནས། སྟོན་མོ་བྱེད་པའི་ཁྱིམ་ཚང་དག་གི་འབྱོར་བ་ལ་གཞིགས་ནས་གཉེན་སྟོན་བྱེད་ལུགས་འདེམས་དགོས། སྟོན་མོ་བྱེད་ལུགས་ལ་སྟོན་ཆེན་དང་། སྟོན་འབྲིང་། སྟོན་ཆུང་གསུམ་ཡོད་དེ། སྔར་ཡིན་ན་སྟོན་ཆེན་ལ་རྐྱ་པ་མི་དགུའང་བཅུ་གསུམ། སྟོན་འབྲིང་ལ་རྐྱ་པ་མི་བདུན། སྟོན་ཆུང་ལ་རྐྱ་པ་མི་ལྔའང་གསུམ་དགོས། འདིར་སྟོན་འབྲིང་ལ་ཆ་བཞག་ན། གཉེན་སྟོན་བྱེད་པའི་ཉིན་དེའི་སྔ་ཉིན་ལ་གཉེན་པོ་ཚང་གི་བསུ་མཁན་རྐྱ་པ་གསུམ་འོངས་ནས་ཞང་པོ་ཚང་གི་ཁྱིམ་དུ་ཞག་གཅིག་བསྡད་དགོས། ཕྱི་ཉིན་མནའ་མའི་ཕུ་བོའམ་ཡང་ན་ཞང་བོ་གཉིས་དང་བག་རོགས་བུ་མོ་གཅིག་མོ་རང་དང་བཅས་རྐྱ་པ་མི་བཞི་ཁྱོན་རྐྱ་པ་མི་བདུན་ལྷན་དུ་གནས་ལ་འགྲོ་དགོས། མནའ་མའི་བག་རོགས་ནི་བུ་མོ་གཞོན་ནུ་མ་གནས་ལ་འགྲོ་མ་མྱོང་བ་ཁྱིམ་རྒྱུན་བཟང་པོའི་བུ་མོ་ཞིག་ཡིན་དགོས་པ་དང་། དེའི་ལོ་ཁམས་དང་ཞོགས་པ་ཁྱིམ་ནས་བུད་པའི་དུས་བཅས་ནི་རྩིས་བརྒྱབ་པ་དང་བསྟུན་དགོས། ཁྱིམ་ནས་བུད་པའི་སྐབས་སུ་ཁང་པ་ཡིན་ན་དཀྱིལ་ཀ་དང་སྦྲ་གུར་ཡིན་པ་ཆོས་པོ་ཏི་ལ་བསྐོར་བ་གཡས་སྐོར་ལན་གསུམ་བྱས་ནས་དར་དཀར་ཕུལ་ཞིང་། ཕ་མ་གཉིས་ལ་ཕྱག་འཚལ་བ་དང་ཁ་བཏགས་འབུལ་བའི་སྲོལ་ཡོད། སྒོ་ནས་ཐོན་རྗེས་ལམ་བར་དུ་ཆུ་ལེན་མཁན་དང་འབུད་ཤིང་འཁུར་མཁན། འབྲུ་རིགས་དང་ཤིང་ཏོག་སོགས་དངོས་པོ་འཁྱེར་མཁན་དང་འཕྲད་ན་ཨ་ཞང་གིས་རྟེན་འབྲེལ་གྱི་ཁ་གཡང་དང་བཅས་ཏེ་ཁ་བཏགས་གཏོང་བའི་སྲོལ་ཡོད། གལ་ཏེ་ས་ཐག་རིང་ཙམ་ལ་འགྲོ་དགོས་ན། གྲོང་ཚོ་དང་ས་ཚུགས་སུ་ཡོད་པའི་གཉེན་ཉེ་དང་གྲོགས་པོ་ཚོས་ལམ་བར་དུ་གདན་བརྒྱབ་ནས་ཐུང་བསུ་བྱེད་དགོས། དེ་ཚེ་གཉེན་བསུ་རྣམས་རྟ་ལས་བབས་ནས་གདན་ཐོག་ཏུ་བསྡད་དེ་ཆང་དཀར་ཡོལ་གསུམ་པོར་གུང་མཛུབ་ཀྱིས་མཆོད་པ་རེ་ཕུལ་ནས་རང་གིས་ཅི་འདོད་བཞིན་བཏུང་ནས་བཟའ་བཏུང་བྱས་མཐར་གདན་དར་དང་རྟེན་འབྲེལ་མཚོན་བྱེད་དུ་སྒོར་མོ་ཁ་ཤས་འཇོག་པའི་སྲོལ་ཡོད། དེ་ནས་མུ་མཐུད་དུ་བསྐྱོད་དེ། གཉེན་པོ་ཚང་གི་སྒོའི་ཉེ་འགྲམ་དུ་སླེབས་ཚེ། ཁྱིམ་ཚང་དེའི་ཕྱོགས་ཀྱི་གཞོན་ནུ་མ་ལང་ཚོ་དར་ལ་བབས་ཤིང་། རིགས་བཟང་ཞིང་གཟུགས་མཛེས་པའི་བུ་མོ་ཞིག་གིས་ལག་ཏུ་མཛོད་དར་དཀར་པོ་ཞིག་འཁྱེར་ནས་མནའ་མའི་རྟའི་རྩར་ཡོང་ནས། “བཀྲ་ཤིས་པའི་ཁ་བཏགས་ཡར་ལ་འབུལ། དོན་འགྲུབ་པའི་སྲབ་མདའ་མར་ལ་གནོངས”ཟེར་ཞིང་ཁ་བཏགས་མཛོད་དར་དཀར་པོ་དེ་མནའ་མའི་ལག་ཏུ་ཕུལ་ནས་རྟའི་སྲབ་མདའ་བཟུང་སྟེ་མནའ་མ་རྟ་ཐོག་ནས་མར་སྐྱོར་ནས་བལ་སྟན་དཀར་པོ་ཞིག་གི་སྟེང་ལ་བབས་བཅུག་དགོས། གཉེན་པོ་ཚང་གི་ཕྱི་སྒོ་ལྟད་མོ་ལྟ་མཁན་གྱི་མི་ཚོགས་དཀྱིལ་ལ་མེ་ཕུང་ཞིག་འབུད་ཡོད་པས་མནའ་མ་དང་བཅས་པའི་མི་བདུན་པོས་མེ་ལ་གཡས་སྐོར་ལན་གསུམ་བྱས་ནས་སྐྱེལ་མཁན་ཞང་པོ་ཚང་གི་མི་ཁ་བདེ་མོ་ཞིག་གིས་སྐེད་པའི་གྲི་འགོ་འཇུས་ཏེ་མེ་ལ་བཤད་པ་བྱེད་པ་འདི་ལྟར་ཏེ། འོ་ལྷ་གསོལ་ལོ་ལྷ་རྒྱལ་ལོ། །དེ་རིང་གནམ་ལ་སྐར་མ་ཡག། ཉི་ཟླ་སྐར་གསུམ་འཛོམས་པའི་དུས། །སང་ཉིན་ས་ལ་དུས་ཚོད་བདེ། །སྐྱིད་བཀྲ་ཤིས་ཉི་མ་དེ་རིང་ཡིན། །གནས་ཕུན་སུམ་ཚོགས་པ་དེ་རིང་ཡིན། །ས་འདི་ལ་མེ་ཞིག་འབུད་པ་འདི། །སྐྱེས་ཕོ་རབ་ཀྱིས་འབུད་པ་ཡིན་ནམ། །སྐྱེས་མོ་རབ་ཀྱིས་འབུད་པ་ཡིན། །
       དེར་མི་ཚོགས་ཀྱིས་དབུས་སུ་མི་ཞིག་གིས་སྐད་གསང་མཐོན་པོས་སྐྱེས་ཕོ་རབ་ཀྱིས་འབུད་པ་ཡིན་ལགས་ཞེས་བརྗོད་པ་ན། ཡང་མུ་མཐུད་དེ།  སྐྱེས་ཕོ་རབ་ཀྱིས་འབུད་པ་ཡིན་ན། །ཕོ་ལྷ་མཆོད་དགྲ་ལྷ་མཆོད་ཡུལ་ལྷ་མཆོད། །དགྲ་ལྷ་མེ་སྟག་དམར་པོར་མཆོད། །གླིང་གི་དཔའ་རྟུལ་སུམ་ཅུར་མཆོད། །ཡང་ཐུལ་དམ་པ་མི་བདུན་མཆོད། །ཞེ་ཐུལ་ཁྲ་གླག་སྤྱང་གསུམ་མཆོད། །གླིང་རྗེ་གེ་སར་རྒྱལ་པོར་མཆོད། །སྐྱེས་མོ་རབ་ཀྱིས་འབུད་པ་ཡིན་ན། །མོ་མཁའ་འགྲོ་ཆོས་སྐྱོང་སྲུང་མར་མཆོད། །རྗེ་བཙུན་སྒྲོལ་མ་དཀར་མོར་མཆོད། །སྲུང་མ་དཔལ་ལྡན་ལྷ་མོར་མཆོད། །སྐྱ་ལོ་སེང་ལྕང་འབྲུག་མོར་མཆོད། །ཅེས་ཟེར་ཞིང་གྲི་དེ་ཤུགས་ནས་བཏོན་ཏེ་གནམ་ལ་འཕྱར་ཞིང་གྲི་ལ་གྲི་བཤད་བྱེད་པ་འདི་ལྟ་སྟེ། གྲི་འདི་ཡི་གྲི་ངོ་ཨེ་ཤེས་ཀི། །གྲི་འདི་གྲི་ངོ་མ་ཤེས་ན། །རྒྱ་ལྕགས་བོད་ལྕགས་སོག་ལྕགས་གསུམ། །ཁྲ་མོ་གླིང་གི་ངར་ལྕགས་ཡིན། །ཉི་ཤུ་དགུ་ལ་དགུ་བརྡུངས་བྱས། །ཚེས་པ་བཅོ་ལྔར་བརྡར་ཆུ་བླུད། །ཚེས་པ་གསུམ་ལ་བརྡར་ཁ་ལེན། །གྲི་མགོ་ལ་བལྟས་ན་གྲི་མགོ་ཡག །གྲི་མགོ་ཉི་མ་རང་ཤར་ཡིན། །གྲི་སྐེད་ལ་བལྟས་ན་གྲི་སྐེད་ཡག །གྲི་སྐེད་ལ་ཟླ་བ་རང་འཚེར་ཡིན། །གྲི་མཇུག་ལ་བལྟས་ན་གྲི་མཇུག་ཡག །གྲི་མཇུག་སྨིན་དྲུག་རང་བཀྲ་ཡིན། །གྲི་འདི་ཨེ་ཡག་ལ་བལྟས་ནས། །སྟོང་སྐུད་དམར་པོས་ཚ་འཕྱང་འཕེན། །བྱུ་རུ་དམར་པོའི་ཕྲ་རྒྱན་སྤྲས། །འདི་ཕྱུག་པོ་མར་དོ་ཁ་སྤྲད། །བཙན་པོ་སྟག་གཟིག་ཁ་སྤྲད། །འཇམ་པོ་བལ་དོ་ཁ་སྤྲད། །བཀྲ་ཤིས་པའི་ཁྱིམ་ཚང་འདི་གཉིས། །ནང་གི་མི་ལ་ན་ཚ་མེད་པ། །ཕྱི་ཡི་ཕྱུགས་ལ་གོད་ཁ་མེད་པ། །ནད་རིགས་བཞི་བརྒྱ་རྩ་བཞི་དང་། །རྐྱེན་ངན་བར་ཆད་མ་ལུས་པ། །གྲི་འདིས་ཐལ་བ་བརླག་འདྲ་བྱས། །མཐའི་རྒྱ་མཚོ་ཕར་རོལ་སོང་། །ཟེར་ཞིང་གྲིས་མེ་ཤུལ་ཐལ་བ་འཕྱགས་ཙམ་བྱས་དེ། ཡང་བར་སྒོའི་འགྲམ་དུ་སླེབས་དུས། ཆུ་ཟོམ་གསུམ་བཙུགས་ཡོད་པའི་ཟོམ་ཁར་མར་གྱིས་དཀར་རྒྱན་སྤྲས་པ་ཟོམ་རེའི་ཁ་ལ་ལྷ་ཤིང་ཤུག་པའི་ཡལ་ག་རེ་བཞག དེའི་རྒྱབ་ཏུ་གོས་གཟབ་མཆོར་སྤྲས་པའི་བུ་མོ་གཞོན་ནུ་མ་གསུམ་ལངས་ཡོད་པ་དེ་དག་ལ་གཉེན་པོ་ཚང་གི་བསུ་མི་ནང་ནས་མི་ཁ་བདེ་ཅན་དེས་ལག་པ་ཟོམ་ཁའི་ཤུག་པ་ཞིག་བླངས་ཏེ་མཆོད་པ་ལན་གསུམ་བྱས་ནས་ཆུ་བཤད་བྱེད་པ་འདི་ལྟ་སྟེ། མཆོད་མཆོད་མཆོད། མཆོད་དང་པོ་སྟེང་ཕྱོགས་ལྷ་ལ་མཆོད། །མཆོད་གཉིས་པ་བར་ཕྱོགས་གཉེན་ལ་མཆོད། །མཆོད་གསུམ་པ་འོག་ཕྱོགས་ཀླུ་ལ་མཆོད། །ཆུ་ཆེན་མཆེད་པའི་གངས་དཀར་མཆོད། །རྒྱ་མཚོ་ཀླུ་ཡི་ཕོ་བྲང་མཆོད། །ཨོ་རྒྱན་པད་མའི་བསྒྲུབས་ཆུ་མཆོད། །ཚེ་དཔག་མེད་ཀྱི་ཚེ་ཆུ་མཆོད། །ཆུ་བརྒྱ་ཟོམ་ཁའི་མི་གསུམ་མཆོད། །མི་གསུམ་ཨ་རོགས་གྲལ་མཉམ་མཆོད། །ཆུ་འདིའི་ཆུ་ཕུགས་ཨེ་ཤེས་ཀི། །ཆུ་འདིའི་ཆུ་ཕུགས་མ་ཤེས་ན། །སྟོད་རྒྱ་གར་བབས་པའི་ཆུ་བཞི་ཡིན། །སྨད་རྒྱ་ནག་འཁྱིལ་བའི་མཚོ་བཞི་ཡིན། །བོད་རང་ཡུལ་བཀྲ་ཤིས་མཚེའུ་བཞི་ཡིན། །དམན་བུ་མོ་གནས་ལ་འགྲོ་མི་འདི། །རིགས་རྒྱུད་གཙང་པོ་ཆུ་ལས་རིང་། །བློ་རིགས་དྭངས་མ་ཆུ་ལས་གསལ། །གཤིས་རྒྱུད་དལ་མོ་ཆུ་ལས་འཇམ། །ཕ་ཨ་ཁུའི་རྟ་ཆུ་བླུད་མི་དང་། །མ་སྲིང་མོའི་ཇ་ཆུ་ལེན་མི་ཡིན། །འགྲོ་མ་ཤེས་བར་ལ་འགྲོ་རོགས་སློབས། །བསྡད་མི་ཤེས་བར་དུ་སྡོད་རོགས་སློབས། །ཞེས་གཏམ་བཤད་ཚར་རྗེས་ཆུ་ཟོམ་ཁའི་བུ་མོ་གསུམ་གྱི་རྐེད་ལ་ཁ་བཏགས་རེ་བསྐོན་ཏེ། དེ་ནས་སྒོ་ལ་སླེབས་དུས་དགེ་འདུན་པ་བཞི་སྡེ་ཞིག་གིས་བདུད་རྩི་གངས་ཆུས་ཁྲུས་བྱེད་པ་དང་བགེགས་བསྐྲད་བྱེད་དགོས། ཁྱིམ་དུ་སླེབས་པ་དང་དཀྱིལ་ཀ་ཁྲ་མོ་ལ་ཁ་བཏགས་བཏགས་རྗེས་གཡས་བསྐོར་ལན་གསུམ་བྱེད་དགོས། ཁྱིམ་དུ་སླེབས་མ་ཐག་བལ་གདན་དཀར་པོར་འབྲུ་རིགས་སྣ་ལྔའི་གཡུང་དྲུང་བྲིས་པའི་ཐོག་ཏུ་མནའ་མ་འདུག་དགོས་ཤིང་། དེར་བུ་མོ་རིགས་རྒྱུད་ཡག་ཅིང་མིང་ཡག་པོ་བཀྲ་ཤིས་རྣམ་རིག་གསལ་པོ་ཞིག་གིས་ལག་གཡས་པར་དཀར་ཡོལ་བཀྲ་ཤིས་རྟགས་བརྒྱད་ནང་དུ་འོ་མས་གང་བ་གང་བཟུང་། གཡོན་པས་དངུལ་གྱི་གཟར་བུ་ཆུང་ངུ་ཞིག་གིས་མཆོད་པ་ལན་གསུམ་ཕུལ་ཏེ། ལས་བསོད་ནམས་ལོན་པའི་དཀར་འོ་དང་། །ཚེ་དབང་ཐང་ཆེ་བའི་དཀར་འོ་གཉིས། །སེམས་གངས་དཀར་འདྲ་བའི་འོ་མ་གསུམ། །དེ་རིང་བུ་མོ་ཁྱོད་ལ་འབུལ། །ཞེས་ཟེར་ནས་འོ་མ་དངུལ་གཟར་གྱིས་ཁམ་གསུམ་བླུད་དགོས་ཤིང་། དེ་ནས་བག་མ་དང་བག་རོགས་བག་སྐྱེལ་ཚང་མ་ལ་བཟའ་བཏུང་གྱ་ནོམ་པ་དྲངས་རྗེས། གཉེན་པོ་ཚང་གི་སྐུ་ཚབ་མི་བབ་ཆགས་ཤིང་ཁ་བདེ་མོ་ཞིག་གིས་ཁ་བཏགས་མཛོད་དར་ཉིན་མོ་བདེ་ལེགས་ཤིག་ལག་ཏུ་བཟུང་ནས་མནའ་མའི་མདུན་ལ་ཁ་གཏད་དེ། དར་བཤད་འདི་ལྟར་བྱེད་དགོས་ཏེ། དེ་རིང་གནམ་ལ་སྐར་མ་ཡག །སང་ཉིན་ས་ལ་དུས་ཚོད་བདེ། །ཁ་བཏགས་རྒྱ་དར་དཀར་པོ་འདི། །དཀར་བའི་ཚད་ཙམ་གྱི་བཤད་པ་ན། །སྟོད་གངས་རི་དཀར་པོ་ལས་ཀྱང་དཀར། །རིང་མི་རིང་ཙམ་གྱི་བཤད་པ་ན། །སྨད་གཙང་ཆུ་སྔོན་མོ་ལས་ཀྱང་རིང་། །འཇམ་མི་འཇམ་ཙམ་གྱི་བཤད་པ་ན། །དྲིན་ཆེན་ཕ་མ་ལས་ཀྱང་འཇམ། །སྲ་མི་སྲ་ཙམ་གྱི་བཤད་པ་ན། །རྡོ་རྗེ་བྲག་རི་ལས་ཀྱང་སྲ། །སྟོད་རྒྱ་གར་རྒྱལ་པོའི་ཆོས་དར་དང་། །སྨན་རྒྱ་ནག་རྒྱལ་པོའི་ཁྲིམས་དར་ལོ། །ཕྱི་མི་འགྱུར་བཀྲ་ཤིས་རྟགས་བརྒྱད་རིས། །ནང་མི་འགྱུར་རྒྱལ་སྲིད་སྣ་བདུན་རིས། །བར་མི་འགྱུར་དགོས་འདོད་ཀུན་འབྱུང་རིས། །ཚེ་མི་འགྱུར་རྡོ་རྗེ་མདུད་པ་ཡོད། །གཡང་མི་འགྱུར་གཡུང་དྲུང་མདུད་པ་ཡོད། །གོང་བླ་མ་ལ་ཕུལ་ན་མཇལ་དར་ལོ། །དཔོན་བཟང་པོ་ལ་ཕུལ་ན་ཁྲིམས་དར་ལོ། །བུ་ཚ་བུ་མོ་ལ་ཕུལ་ན་གཉེན་དར་ལོ། །དཀྱིལ་ཀ་ཁྲ་མོ་ལ་ཕུལ་ན་བྲོ་དར་ལོ། །དེ་དཀར་པོ་དར་གྱི་ལེབ་ཆེན་འདི། །སྒྲོལ་མ་དཀར་པོའི་ཚེ་དར་ཡིན། །དེ་རིང་བུ་མོ་ཁྱེད་ཀྱི་རྐེད་ལ་འབུལ། །བསམ་དོན་ཡིད་བཞིན་འགྲུབ་པར་ཤོག །ཞེས་ཟེར་ནས་དར་དཀར་པོ་དེ་བག་མའི་མགུལ་ལ་ཕུལ་རྗེས། གཉེན་སྟོན་ལ་འོངས་པའི་གཉེན་ཉེ་བ་སྐུ་མགྲོན་ཚང་མས་ཅི་གསུངས་ལགས་ཞེས་འུར་ཆི་ལེ་བདུད་རྩི་ཆང་གིས་གཙོས་དཀར་གསུམ་མངར་གསུམ་སོགས་བཟས་རིགས་ཅི་དགར་ལ་ལོངས་སུ་སྤྱོད་ཅིང་། དགའ་བའི་གླུ་ལེན་སྐྱིད་པའི་བྲོ་འཁྲབ་ནས་མཚན་མོ་མུན་མ་རུབ་ཀྱི་བར་དུ་སྤྲོ་སྐྱིད་གྱ་ནོམ་པ་བྱས་ཏེ་གཉེན་སྟོན་གྱི་མཛད་སྒོ་ཡོངས་སུ་མཇུག་སྒྲིལ། དེ་ནས་བག་མ་གནས་ལ་ཉིན་གསུམ་བསྡད་རྗེས་རང་ཁྱིམ་དུ་ལོག་ནས་ཁྱིམ་ཚང་གཉིས་ཀྱི་གྲོས་མཐུན་ལྟར་སླར་ཡང་གནས་སུ་འགྲོ་དགོས་སོ། །
འབྲེལ་ཡོད་འོས་སྦྱོར།