མཚོ་སྔོན་པོ་འགྲམ་རྒྱུད་ཀྱི་བོད་རིགས་ཀྱི་ལོ་རྒྱུས་མདོ་ཙམ་བརྗོད་པ།
སྤྱིར་མདོ་སྨད་དང་བྱེ་བྲག་ཏུ་མཚོ་སྔོན་ཁྲི་ཤོར་རྒྱལ་མོའི་མཐའ་འཁོར་གྱི་གདོད་མའི་བདག་པོ་བོད་རིགས་ཀྱི་འབྱུང་ཁུངས་ནི། སྤྱི་ལོ་མ་ཚུགས་པའི་ཡར་སྔོན་ཆེས་རིང་མོའི་དུས་ནས་བཟུང་། བོད་སུམ་པ་དང་འ་ཞ་དག་གིས་རིམ་པར་བཟུང་བ་དང་། ཕྱིས་སུ་ཆོས་རྒྱལ་སྲོང་བཙན་མཆོག་གིས་བོད་ཀྱི་མངའ་ཁོངས་ཡོངས་སུ་གཅིག་གྱུར་བྱས་རྗེས་ཀྱང་གཡོ་འགུལ་མ་བྱུང་བ་རེད། དེའི་ཕྱིར། སྔོན་སྲོང་བཙན་སྒམ་པོའི་བོད་ཡུལ་སྤྱི་ལ་བསྔགས་པའི་གསུངས་ལས། ཙ་རི་ཙ་གོང་བདེ་མཆོག་རང་བྱུང་དང་། ཞེས་པ་དང་། ཁྲི་ཤོར་མཚོ་ལ་ཀླུ་བློན་བྱང་སེམས་བཞུགས། །ཆུ་བོ་ཆེན་པོས་ཀུན་ལ་ཕན་པར་མཛད། །ཅེས་གསུངས་པའི་ཁྲི་ཤོར་མཚོའམ་མཚོ་སྔོན་པོ་ནི་གདོད་མ་ནས་བོད་རང་གི་གནས་མཆོག་ཏུ་ཁོང་གིས་རྩིས་ཡོད་ཙ་ན། དེང་གི་མི་རེ་འགས་ས་ཁུལ་འདིའི་སོག་པོའི་ས་མིང་རེ་འགར་གཞིགས་ནས་གནས་འདི་དག་གདོད་མ་ནས་སོག་རིགས་ཡིན་པར་བཞེད་པ་དེ་ཐལ་བའི་རྡུལ་དུ་བརླགས་ཤིང་། སོག་རིགས་རྣམས་ནི་དུས་ཧ་ཅང་མི་རིང་བའི་མཚམས་སུ་ད་གཟོད་གནས་འདིར་སླེབས་པ་ང་ཚོས་མང་དུ་སྤྲོ་མ་དགོས་ལ། ཡུལ་གྲུ་འདིའི་བདག་པོ་བོད་རིགས་ཀྱི་བྱུང་བ་ཅུང་ཙམ་བརྗོད་ན།
གདོད་མའི་དུས།
གནའ་རྫས་རྟོག་དཔྱོད་པའི་དཔྱད་འབྲས་དང་ལོ་རྒྱུས་ཁུངས་ཐུབ་དག་ལས་གསུངས་གཅིག་ཏུ་བབས་ཡོད་པ་དཔེར་ན། 《མཚོ་སྔོན་ལོ་རྒྱུས་ཟིན་བྲིས་གནད་བསྡུས》ནང་དུ། མཚོ་སྔོན་པོའི་ཉེ་འདབས་དུར་ལམ(都兰)རྫོང་དང་རི་སྔོན་ཤང་། ནོར་མོ་དཔུང་ཤང་སོགས་ཀྱི་ས་འོག་ནས་བཏོན་པའི་མིའི་ཁང་ཤུལ་དང་། ཕྱུགས་ཀྱི་ར་བ། རུས་པ། རྡོ་ཆས་སོགས་ཀྱི་དཔྱད་འབྲས་ལས་བོད་མི་རྣམས་ལོ་སྟོང་ཕྲག་དུ་མའི་སྔོན་རོལ་ནས་གནས་འདིར་འཚོ་གཞེས་གནང་བ་གསལ་བོར་ཤེས་ཐུབ། ཅེས་བཀོད་འདུག་པ་དང་། ལྷག་པར་མཚོ་ཁྲི་ཤོར་རྒྱལ་མོའི་འགྲམ་ངོགས་ཀྱི་རྟ་ནག་མའི་ས་ཁུལ་དུ་རྡོ་ཆས་རྙིང་བ་བྱུང་བ་ཚན་རིག་གི་དཔྱད་འབྲས་གོང་གསལ་དང་ར་སྤྲོད་བྱེད་ཐུབ་པ་བྱུང་། ཞེས《ཨ་མདོའི་བོད་རིགས་ལོ་རྒྱུས་མདོར་བསྡུས》ཞེས་པར་གསལ། གཞན་ཡང་ཚྭ་འདམ་གཞུང་ཐ་ལེ་ཐ་ཧར་ཐོན་བརྙེད་བྱུང་བའི་གནའ་རྫས་དཔྱད་འབྲས་དང་། ད་དུང་ར་འོག མདའ་བཞི། ཁྲི་ཀ ཙོང་ཁའི་ཁ་འོག་སོགས་སུའང་སྔ་གཞུག་ཏུ་གནའ་རྫས་དག་འབྱུང་ཁུངས་ཐད་ལ་འབྲེལ་བ་དམ་པོ་ཡོད། ཅེས་གསུངས་པའི་དགོངས་པ་གསུམ་གཅིག་ཏུ་བབས་པས། མདོ་སྨད་སྤྱི་དང་བྱེ་བྲག་ཏུ་མཚོ་ཁྲི་ཤོར་རྒྱལ་མོའི་མཐའ་འཁོར་བོད་རིགས་ཀྱི་མེས་པོ་ནི་བོད་ཁོ་ན་ཡིན་པ་གནའ་རྫས་དང་མཁས་པའི་གསུང་རྒྱུན་དག་ལས་ར་སྤྲོད་བྱུང་ངོ་། །
དེ་ལྟ་ན། ང་ཚོའི་མེས་པོ་རྣམས་ནི་གཞན་ནས་འོངས་པ་ཞིག་མ་ཡིན་པར། གདོད་མ་ནས་གནས་འདི་རང་ནས་འཕེལ་རྒྱས་བྱུང་བ་ཞིག་ཡིན་པ《ཨ་མདོའི་བོད་རིགས་ཀྱི་ལོ་རྒྱུས་གནད་བསྡུས》ཞེས་པ་དག་གིས་ཀྱང་གསལ་བཤད་བྱས་ཡོད། དེ་བཞིན་དུ་བོད་ཀྱི་ལོ་རྒྱུས《བཀའ་ཆེམས་ཀ་ཁོལ་མ》དང་། 《ཆོས་འབྱུང་མཁས་པའི་དགའ་སྟོན》《ལྡེའུ་ཆོས་འབྱུང》《རུས་མཛོད་མེ་ཏོག་སྐྱེད་ཚལ》སོགས་ལས་བོད་ཀྱི་རུས་ཆེན་བཞིའམ་དྲུག་ཏུ་གྱེས་ཚུལ་གསུངས་པ་རྣམས་འབྲི་སུམ་པ་དང་ལྡོང་མི་ཉག་དག་མདོ་སྨད་ཀྱི་ཡུལ་གྲུ་རུ་ཁྱབ་ཡོད་པར་བསྟན་ལ། གཞན་ཡང《རུས་མཛོད་མེ་ཏོག་སྐྱེད་ཚལ》ལས། སུམ་པ་འབྲི་ཡི་རྒྱལ་པོ་ཡང་། །རྒྱལ་ཕྲན་བཅུ་གཉིས་རྒྱུད་དུ་གྲོལ། །ལྡོང་ལ་རིས་ཆེན་བཅོ་བརྒྱད་གྲོལ། །སེང་རྒྱལ་འ་ཞ་བུ་དགུ་གྲོལ། །ཞེས་ཡུལ་མདོ་སྨད་དུ་གདོད་མ་ནས་གཞི་ཆགས་པའི་ལྡོང་སྤྱང་གི་རིགས། མི་ཉག་ལྡོང་གི་རིགས། འ་ཞ་སྒ་ཡི་རིགས། སུམ་པ་འབྲི་ཡི་རིགས་སོགས་མདོ་སྨད་བོད་རིགས་ཀྱི་རྨང་གཞིར་གྱུར་པའི་ཚོ་ཆེན་དེ་དག་བོད་ཀྱི་རུས་ཆེན་བཞི་ལས་མཆེད་པ་ཤ་སྟག་ཡིན་ཞིང་། གནའ་སྒྲུང་ལས། འགག་དོགས་མོ་གསུམ་ནི་སྦྲ་ལ་ཐོབ། །སྦྲ་དཔའ་རྩལ་ཆེ་བ་དེ་ནས་བྱུང་། །ཞེས་པ་ལྟར་མདོ་ཁམས་འདི་ནི་རོང་ཆེན་བཞིའི་བྱེ་བྲག་ཤར་རྒྱལ་མོ་ཚ་བ་རོང་སོགས་འགག་དོག་མོ་གནས་པའི་ཁུལ་ཡིན་ཞིང་། དེར་གནས་སྦྲ་ལའང་དཀར་ནག་ཁྲ་གསུམ་སོགས་མང་དུ་གྱེས་ཤིང་། ཕྱོགས་འདིར་ཡང་སྦྲ་ལས་གྱེས་པའི་རུས་མང་པོ་ཡོད་ལ། རྗེ་ཙོང་ཁ་བ་ཆེན་པོའི་ཡབ་ཀླུ་འབུམ་དགེ་ཡང་སྦྲ་རིགས་ཀྱི་གདུང་རྒྱུད་ཡིན་པ་སྔོན་བྱོན་མཁས་དབང་རྣམས་ཀྱིས་གསུངས་ཡོད་ཅིང་། དེ་བཞིན། འབྲི་མི་འགྱུར་ཐར་བའི་གནས་བརྒྱད་སོགས་མང་དུ་མཆིས་ཤིང་། མདོ་སྨད་མགོ་ལོག ཡུལ་ཤུལ། རེབ་གོང་། ཅོ་ནེ། མཛོད་དགེ་སོགས་སུ་རུས་འདི་ལས་གྱེས་པ་མང་བར་གསུངས་སོ། །
ལྡོང་གི་རུས་རྒྱུད་ནི་མདོ་སྨད་མཚོ་ཁྲི