logo

འབྲོང་འཐུས་ཆུ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2018-05-18 ཀློག་གྲངས།:
     ཆུ་འདི་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བྲག་དཀར་རྫོང་འབྲོང་འཐུས་ཡུལ་ཚོ་སྲིད་གཞུང་གི་ལྷོ་ཕྱོགས་སུ་སྤྱི་ལེ27ཙམ་གྱིས་ཆོད་པའི་འབྲོང་འཐུས་ལུང་བ་རུ་འབབ་ཀྱིན་ཡོད་ཅིང་། ཆུ་འདིའི་འགོ་ཁུངས་ནི་ལུང་བཟང་ཡུལ་ཚོའི་ཁོངས་རོལ་གྱི་སྨུག་པོ་སྤུན་གསུམ་དང་ཆེ་ཆུང་རི་བོའི་ལྷོ་འདབས་སུ་ཐུག་ཡོད་ལ། ཆུ་འདིའི་ཁྲོད་དུ་སོ་སོར་འབྲོང་འཐུས་ལུང་བའི་ནུབ་བྱང་དང་ལྷོ་ཕྱོགས་ནས་བཞུར་འོངས་པའི་ཨ་མྱེས་སྲིན་པོའི་ཆུ་དང་། ཆེ་ཆེན་ཆེ་ཆུང་གི་ཆུ། སྙུགས་གདིང་གི་ཆུ། རེ་འཁྱམ་གྱི་ཆུ། མདོ་ཆེན་གྱི་ཆུ། ཆུ་བཟང་གི་ཆུ། དྷི་ཁོག་གི་ཆུ། ཟབ་ཆེན་ཟབ་ཆུང་གི་ཆུ་སོགས་ཕྱོགས་འདྲེས་ཀྱིས་ཆུ་འདི་ནུབ་ནས་ཤར་ཕྱོགས་སུ་གཏད་དེ། རིམ་བཞིན་ལུང་བཟང་ཡུལ་ཚོའི་རི་ཕྱོར་དང་། མཚམས་ཐོག་གོང་མ། འབྲོང་འཐུས་ཡུལ་ཚོའི་སྙུགས་གདིང་དང་། སྟག་ཐང་། རོང་བློན་སྡེ་བ་སོགས་བརྒྱུད་ནས་མཐར་རྨ་ཆུར་འདྲེས་ཡོད།
     འབྲོང་འཐུས་ཞེས་པའི་མིང་གི་ཐོགས་ཚུལ་ལ། ཡུལ་འདིའི་རྒན་པོའི་ངག་སྒྲོས་སུ་འདི་ལྟར་གྲགས་ཏེ། གནའ་དུས་ས་ཆ་འདི་ནི་འབྲོང་ས་འབྲོང་ཡུལ་ཤ་སྟག་ཅིག་ཡིན་པར་ངེས་ཤིང་། དེང་སང་ཡུལ་འདིའི་ས་བབ་ལ་བརྟགས་ནའང་འདི་གའི་རང་བྱུང་གི་ཁོར་ཡུག་ནི། འབྲོང་མང་བོ་ས་འདིར་ངང་ངམ་ཤུགས་ཀྱིས་འཁོར་ཞིང་འཁྲི་བར་འོས་ཤིང་འཚམ་པའམ་འཐུས་པ་ཞིག་ཡིན་པ་ཤེས་ཐུབ་པའི་རྒྱུ་མཚན་གྱིས། སྔོན་གྱི་དུས་སུ་ས་ཆ་འདི་ལ་རང་ཤུགས་ཀྱིས་འབྲོང་འཐུས་ཞེས་སུ་འབོད་པ་བྱུང་བས་ན། དེང་སང་འབྲོང་ཐུ་རུ་གྲགས་པ་དེ་ནི། ཕྱིས་སུ་འབྲོང་འཐུས་ཞེས་པའི་སྒྲ་ཟུར་རིམ་གྱིས་ཉམས་པའི་འབོད་སྟངས་ཡིན་པར་བཤད་དོ། ། 


འབྲེལ་ཡོད་འོས་སྦྱོར།