logo

ཁམས་འབའ་ཐང་བཙལ་བ་གྲོང་སྡེ་དང་དོམ་མགོ་དགོན་གྱི་ལོ་རྒྱུས་རགས་བརྗོད།

རྩོམ་པ་པོ།:འབའ་བ་བློ་བཟང་མགོན་པོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-06-05 ཀློག་གྲངས།:

     བཙལ་བ་ནི་འབའ་ཐང་རྫོང་ནས་སྤྱི་ལེ45ཙམ་གྱི་བར་ཐག་ཡོད། བཙལ་བ་ཞེས་པ་མིང་དེ་བྱུང་ཙུལ་རག་ཙམ་བརྗོད་ན། བཙལ་བ་ཞེས་པ་དེ་བཙལ་སྐྱ་རྒོད་ཀྱི་རི་འདབས་སུ་ཕྲ་མ་ལ་བརྩེགས་ཞེས་པའི་ཡུལ་ལུང་དབེན་ཞིང་འཇམ་ཐིམ་གྱི་གནས་ཤིག་ཏུ་ཆགས་ཡོད། དེང་སང་ཡང་དུད་ཚང་རྣམས་ཀྱི་ཁང་རྙིང་གི་གྱང་དང་བརྩིགས་པ་སོགས་གསལ་པོ་མཐོང་ཐུབ། ཡུལ་གྲུ་འདིའི་ནང་དུ་ཆུ་ཆར་བ་ཧ་ཅང་དཀོན་པས་ཡུང་མ་དང་ནས་ལ་སོགས་པ་མ་གཏོགས་འབྲུ་རིགས་གཞན་དག་ཅི་ཡང་སྐྱེས་མི་ཐུབ། ཡུལ་གྲུ་དེའི་གཡས་གཡོན་གཉིས་ལ་ནགས་རི་ཧ་ཅང་སྟུག་པོ་ཞིག་ཡོད། དེའི་སྐབས་སུ་ཉིན་གུང་མི་རྣམས་ཅི་ལས་མཚན་མོ་སྤྲ་དང་སྤྲེའུ་སོགས་ཀྱིས་ལད་མོ་བྱེད་ནས་ཞིང་ནང་གི་ལོ་ཏོག་ཚང་མ་རྩ་མེད་དུ་གཏོང་སོང་།

      གྲོང་ཚོ་འདིའི་མི་རྣམས་གནས་འདིར་བསྡོད་མི་བཟོད་པས་ས་ཆ་གཞན་ཞིག་བཙལ་སོང་བ། བཙལ་མཁན་རྣམས་རི་མཐོན་པོ་ཞིག་གི་རྩེར་སླེབས་དུས་ལུང་པ་བདེ་ཞིང་སྐྱིད་བ། རྩྭ་ཆུ་ཤིང་གསུམ་འཛོམས་པའི་ལུང་པ་ཞིག་རྙེད་སོང་། བཙལ་མཁན་རྣམས་ཀྱི་ས་ཆ་འདི་ལ་བཙལ་བ་ཞེས་མིང་བཏགས། རྗེས་མ་ཡུལ་གྲུ་དེའི་མི་སེར་ཚང་མ་བཙལ་བ་ལ་སྤོས་བ་མ་ཟད་གཞིས་ཆགས་སོང་། དེའི་སྐབས་སུ་དུད་ཚང་བཅུ་ལྷག་ཙམ་མ་གཏོགས་མེད།
      ལོ་འགའི་རྗེས་སུ་དུད་ཚང་གཉིས་བཙལ་བའི་བྱང་ཕྱོགས་སུ་དོམ་མགོ་ཞེས་པའི་ས་ཆ་ཞིག་ལ་སྤོས་སོང་། ས་ཆ་དེ་ལ་གཞིས་ཆགས་བ་མ་ཟད་སྐམ་ཞིང་ཡང་ཆེན་པོ་བཟོས་ཡོད། དུད་ཚང་གཉིས་ཀྱི་མིང་ལ་བྱང་ནོར་ཚང་དང་ཁྱུང་ཚང་ཞེས་བཏགས། མདོ་མགོ་ཞེས་བཏགས་པའི་རྒྱུ་མཚན་ས་དེའི་དབྱིབས་ནི་མདོའི་མགོ་དང་མཚུངས།
      དམངས་ཁྲོད་ནང་དུ་བཤད་སྲོལ་ལྟར་ཕ་ཡུལ་བཙལ་བ་ནས་ཡིན་པའི་ཚེ་རིང་ཨོ་རྒྱན་ཞེས་པའི་སྤྲུལ་པའི་སྐུ་ཞིག་གིས་སྤྱི་ལོ1691གཡས་གཡོན་མདོ་མགོ་ལ་དགོན་ཆུང་ཞིག་ཕྱག་བཏབས། རྗེས་སུ་མི་རྣམས་ཀྱིས་དགོན་པ་དེ་ལ་མདོ་མགོ་དགོན་ཞེས་བཏགས། སྤྲུལ་པའི་སྐུ་དེ་ལ་མདོ་མགོ་བླ་མ་ཚེ་རིང་ཨོ་རྒྱན་ཞེས་འབོད། དེའི་སྐབས་སུ་དགོན་པ་འདིའི་ནང་ལ་གྲྭ་པ་བཅུ་ཙམ་མ་གཏོགས་མེད། བླ་མ་ལ་ཕྱག་མཛོད་གཉིས་ཡོད། བཙལ་བ་གྲོང་སྡེའི་མེས་པོ་རྣམས་ཀྱིས་ངག་རྒྱུན་ལས། མདོ་མགོ་བླ་མའི་གཤིས་ཀ་ནི་ཧ་ཅང་རྩུབ་པོ་ཞིག་ཡིན། ཁོང་རང་ནམ་རྒྱུན་མཚམས་ཁང་ནང་དུ་སྒོམ་བརྒྱབ། མཚམས་ཐོ་ཞིག་འཇོག་ནས་སྒོམ་མ་བཞག་སྔོན་ལ་མི་སུ་ཡིན་ཡང་ནང་ལ་འགྲོ་མི་ཆོག མདོ་མགོ་བླ་མས་མཚམས་སྐྲ་རིང་བའི་སྐབས་སུ་ཅོ་ཐོ་ཡང་བཞག་སྲོལ་ཡོད།
      བླ་ཆེན་འདི་འཚོ་བཞུགས་པའི་སྐབས་སུ་བཙལ་བ་གྲོང་སྡེ་ལ་ཕེབས་ནས་དམངས་ཕན་གྱི་རིམ་གྲོའལ་ཆོ་ག་འདྲ་མིན་སྣ་ཚོགས་བཙུགས། དེང་སང་བཙལ་བ་གྲོང་སྡེ་ལ་ལོ་རེ་སྨྱུང་གནས་ཐེངས་ཁ་ཤས་སྲུང་དགོས། བཙལ་བ་གྲོང་སྡེ་ལ་སྨྱུང་གནས་སྲུང་རྒྱུའི་སྲོལ་བཟང་དེ་ཡང་ཐོག་མ་སྲོལ་གཏོད་མཁན་ནི་མདོ་མགོ་བླ་མ་ཡིན། དམངས་ཁྲོད་ནང་དུ་ད་ལྟ་ཡང་ཁོང་ལ་སྨྱུང་གནས་བླ་མ་ཞེས་ཡང་འབོད་སྲོལ་ཡོད། ད་ལྟ་བཙལ་བ་ལྷ་ཁང་གི་འོག་ཏུ་ཞིང་ས་བདེ་མོ་ཞིག་ཡོད། ཞིང་དེའི་མིང་ལ་གྲྭ་པ་ཞིང་ཞེས་བཏགས། རྒྱུ་མཚན་ནི་ཞིང་དེའི་ནང་ནས་ཐོན་པའི་གྲོ་དང་ནས་ཚང་མ་མདོ་མགོ་བླ་མ་དང་གྲྭ་པ་ཚོ་ལ་འཕུལ་དགོས།
      ཁོང་ནི་དམངས་ལ་བྱམས་པ་དང་མཁས་མཛངས་ལྡན་པའི་མཆོག་སྤྲུལ་ཞིག་ཡིན། ཁོང་རང་གིས་བཙལ་བ་གྲོང་སྡེ་ལ་མཛད་རྗེས་དཔག་ཏུ་མེད་པ་ཞིག་བཞག་ཡོད་པ་མ་ཟད་སྲོལ་བཟང་ཡང་མང་པོ་གཏོད་ཡོད།

ཁམས་འབའ་ཐང་བཙལ་བ་གྲོང་སྡེ་དང་དོམ་མགོ་དགོན་གྱི་ལོ་རྒྱུས་རགས་བརྗོད།

      དམངས་ཁྲོད་ནང་དུ་མདོ་མགོ་བླ་མ་ཡང་སྲིད་ཡོད་མེད་སྐོར་བརྗོད་ཚུལ་མང་པོ་ཡོད། ཆེས་གཅིག་གྱུར་བའི་བརྗོད་ཚུལ་ནི་ཁོང་ལ་ཡང་སྲིད་གཏན་ནས་མེད། རྒྱུ་མཚན་གཙོ་བོ་ནི་ཁོང་སྐུ་མྱ་ངན་ལས་མ་འདས་སྔོན་ཁོང་གི་དགེ་ཕྲུག་གཉིས་ལ་འདི་འདྲ་ཞིག་གསུངས་མྱོང་། ང་ནི་བྱང་ཕྱོགས་ཤམ་བྷ་ལ་ཞེས་པའི་ས་སྐྱིད་པོ་ཞིག་ལ་འགྲོ་རྒྱུ་ཡིན། ཁྱོད་གཉིས་ང་དང་མཉམ་དུ་འགྲོ་འདོད་དམ། དྲི་བ་འདི་འདྲ་ཞིག་དྲིས་དུས། དགེ་ཕྲུག་གཅིག་གིས་ཁྱེད་ནི་ངའི་རྩ་བའི་བླ་མ་རེད། ང་ནི་སེམས་གཅིག་བློ་གཅིག་ཁྱེད་དང་མཉམ་དུ་འགྲོ་རྒྱུ་ཡིན་ཞེས་ཟེར། དགེ་ཕྲུག་གཞན་ཀ་དེས་ངའི་ཕ་མ་གཅིག་པུ་བཞག་ནས་ང་མི་འགྲོ་ཞེས་གསུངས། དོམ་མགོ་བླ་མས་དགེ་ཕྲུག་གཉིས་ལ་མིག་བཙུམ་དུ་བཅུག། དགེ་ཕྲུག་གཅིག་གིས་མིག་ཡར་ཕྱེ་དུས་བླ་མ་དང་ཁོང་གི་རྡོ་རྗེ་སྤུན་གྲོགས་གཉིས་བྱང་ཤམ་བྷ་ལར་ཕེབས་ཚར་སོང་། ཁོང་རང་གི་ལག་ཏུ་ཁམ་བུ་ཞིག་བཟུང་ཡོད། ངག་རྒྱུན་ལས་ཁམ་བུ་དེ་ནི་བྱང་ཤམ་བྷ་ལ་ནས་ཐོབ་བ་རེད་ཟེར། ཁོ་རང་ཁམ་བུ་དེ་ཨ་མ་ལ་སྤྲད་བ་མ་ཟད་དེའི་སོན་དགོན་པའི་སྒོ་ཁར་བཙུགས། དེང་སང་ཡང་དགོན་རྙིང་གི་སྒོ་ཁར་ཁམ་སྡོམ་དེ་ཡོད། རིག་གནས་གསར་བརྗེའི་སྐབས་སུ་དོམ་མགོ་དགོན་གཏོར་བཤིག་གཏོང་བ་མ་ཟད་དགོན་རྙིང་གྱང་དང་ཁམ་སྡོམ་དེ་གཉིས་མ་གཏོགས་ལྷག་མེད། གནའ་རྫས་རིག་པ་ཆེད་མཁས་རྣམས་གནས་འདིར་ཕེབས་ནས་བརྟག་དཔྱད་ཞིབ་མོ་ཞིག་བྱེད་ན་དོམ་མགོ་དགོན་གྱི་ལོ་རྒྱུས་ཡང་དག་པ་རྟོགས་ཐུབ་པ་སྨྲ་མི་དགོས།
      དེང་སང་བཙལ་བ་གྲོང་སྡེ་ནང་གི་རྒས་པོ་ཁ་ཤས་དོམ་མགོ་དགོན་སླར་གསོ་བྱེད་རྒྱུ་མོས་པ་ཆེན་པོ་འདུག འོན་ཀྱང་། ཁོ་ཚོའི་དཔལ་འབྱོར་གྱི་ཆ་རྐྱེན་དམན་པས་བསྐྱར་འཛུགས་བྱེད་ཐུབ་མ་སོང་། ལོ་རྒྱུས་ཡུན་རིང་ལྡན་པའི་དགོན་རྙིང་དེ་སླར་གསོ་བྱེད་ཐུབ་ན་བཙལ་བ་གྲོང་སྡེའི་འབངས་ཡོངས་ལ་ཕན་པ་ཧ་ཅང་ཆེན་པོ་འདུག ཁོ་བོ་ཡང་དོམ་མགོ་དགོན་དེ་མྱུར་དུ་བསྐྱར་འཛུགས་བྱེད་ཐུབ་པར་སྨོན་ལམ་འདེབས་བཞིན་ཡོད།


འབྲེལ་ཡོད་འོས་སྦྱོར།