logo

བྲག་དཀར་རྫོང་མཚམས་སྦྱོར་མདོར་བསྡུས།

རྩོམ་པ་པོ།:མཚོ་སྔོན་པོ་དྲ་བ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-11-03 ཀློག་གྲངས།:
         རྫོང་འདིའི་མངའ་ཁོངས་སུ་མདོ་སྨད་རྫོང་ཆེན་བཞིའི་ཡ་གྱལ་བྲག་དཀར་སྤྲེལ་རྫོང་ཡོད་པར་བརྟེན་མིང་ཡང་དེ་ལྟར་དུ་ཐོགས། རྫོང་འདི་ལ་རྒྱ་སྐད་ཀྱིས་ཞིན་ཧེ་ཟེར།  དེ་ནི་ཀྲུང་ཧྭ་མིན་གོའི་དུས་སྐབས་ཏེ། མིན་གོའི་སྲིད་ལོ34བའམ་སྤྱི་ལོ1945ལོའི་ཟླ12པར་རྒྱ་སྐད་ཀྱིས་ཏ་ཧོ་པ(ཆུ་རགས་ཆེན་པོའི་དོན)ཧྲེ་ཀྲི་ཅུས་ཟེར་བའི་ལས་ཁུངས(ལས་ཁུངས་དེ་སྐབས་དེར་ཧང་གཞོངས་སྟོད་རྒྱུད་ཀྱི་ཧང་ངའི་ཁ་ན་ཡོད)དེའི་གོ་ས་ནི་རྫོང་རིམ་པར་བསྟད་རྗེས། མཚོ་སྔོན་དར་རྒྱས་སུ་གཏོང་བའི་དོན་ལ་དམིགས་ནས་མིང་དེ་ལྟར་དུ་བཏགས་པར་བཤད། རྫོང་འདི་ནི་མཚོ་ལྷོ་ཁུལ་གྱི་ནུབ་རྒྱུད་དུ་གནས་ཤིང་།  སའི་གོ་ལའི་བྱང་གི་འཕྲེད་ཚད35°35ཡི་མཚམས་དང་། ཤར་གྱི་གཞུང་ཚད99°59ཡི་མཚམས་ན་ཡོད། རྫོང་འདིའི་ཤར་ཕྱོགས་སུ་རྨ་ཕ་རིའི་མང་རྫོང་དང་། འབའ་རྫོང་། རྫོང་འདི་ཉིད་བཅས་ཕན་ཚུན་ཁ་གཏད་དུ་གནས་ཡོད་ཅིང་། འདིའི་ལྷོ་ཕྱོགས་ནི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་རྨ་སྟོད་རྫོང་དང་རྨ་ཆེན་རྫོང་། ནུབ་ཕྱོགས་ནི་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་དུར་ལམ་རྫོང་། བྱང་ཕྱོགས་ནི་གསེར་ཆེན་རྫོང་བཅས་དང་འདབས་འབྲེལ་ཡོད། རྫོང་མི་དམངས་སྲིད་གཞུང་ནི་རྩི་གོར་ཐང་གྲོང་རྡལ་དུ་ཆགས་ཡོད། དེ་ནས་ཁུལ་མི་དམངས་སྲིད་གཞུང་ཡོད་ས་ཆབ་ཆ་གྲོང་རྡལ་གྱི་བར་དུ་སྤྱི་ལེ128ཡོད། རྫོང་འདིའི་ཆེས་མཐོ་ས་ནི་ངང་ལའི་རྫ་རྒྱུད་དུ་གཏོགས་པའི་ཟོ་རའི་ཟེ་དཀར་ཡིན་ཞིང་། དེའི་མཐོ་ཚད་ལ་མཚོ་ངོས་ལས་སྨི5305ཡོད། ཆེས་དམའ་ས་ནི་དཔལ་ཁ་གྲོང་རྡལ་གྱི་ལྷོ་མཐའ་སྟེ། རྨ་ཀླུང་ཕྱུག་མོ་གསེར་ཆེན་རྫོང་གི་ཕྱོགས་སུ་འབབ་སའི་བག་ཐོ་འགག་ཁ་ཡིན། དེའི་མཐོ་ཚད་ལ་མཚོ་ངོས་ལས་སྨི2590ཡོད། འདིའི་ས་བབ་ཧྲིལ་བོའི་ཆ་སྙོམས་ཀྱི་མཐོ་ཚད་ལ་སྨི4300དང་། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ12100།  མི་གྲངས70146བཅས་ཡོད(སྤྱི་ལོ2008ལོའི་རྩིས་གྲངས་ཡིན)། འདིའི་མངའ་འོག་ན་དཔལ་ཁ་དང་། རྩི་གོར་ཐང་། ཆུ་སྔོན་བཅས་གྲོང་རྡལ3དང་། ཐང་ནག  འབྲོང་འཐུས།  ལུང་བཟང་། ཆུ་ཁོལ་བཅས་ཡུལ་ཚོ4ཡོད།
         རྫོང་འདིའི་དཔལ་ཁ་གྲོང་རྡལ་དང་གསེར་ཆེན་རྫོང་གི་ཐེ་གེ་ཡུལ་ཚོ་གཉི་གའི་ས་མཚམས་སུ་ཨ་མྱེས་བ་ཡན་ནམ་བུམ་པ་རི་དང་། རྨ་ཕ་རིའི་མང་རྫོང་དང་འབའ་རྫོང་། རྫོང་འདི་ཉིད་བཅས་ཕན་ཚུན་ཁ་གཏད་དུ་གནས་ཡོད་སའི་རྨ་ཆུའི་འགྲམ་ངོགས་སུ་མདུང་ཤིང་རབ་ཁ་དང་། དཀར་མོ་གཡས་འཁྱིལ།  དུང་དཀར་ཉི་མའི་རྫོང་། རྨ་སྲས་དགྲ་འདུལ་དབང་ཕྱུག་བཅས་ཡོད་ཅིང་། འབྲོང་འཐུས་ཡུལ་ཚོ་དང་མགོ་ལོག་ཁུལ་རྨ་ཆེན་རྫོང་གི་གངས་རི་ཡུལ་ཚོ་གཉི་གའི་ས་མཚམས་སུ་རྨ་ཆེན་གངས་རི་ཡོད། རྫོང་འདིའི་ཆུ་ཁོལ་ཡུལ་ཚོ་དང་མགོ་ལོག་ཁུལ་རྨ་སྟོད་རྫོང་གི་མཚོ་ནག་ཡུལ་ཚོ་གཉིས་ཀའི་ས་མཚམས་སུ་བེ་རུ་དུག་མཚོ་ཡོད།  ཆུ་ཁོལ་ཡུལ་ཚོ་དང་། རྩི་གོར་ཐང་གྲོང་རྡལ།   མགོ་ལོག་ཁུལ་རྨ་སྟོད་རྫོང་། མཚོ་ནུབ་ཁུལ་དུར་ལམ་རྫོང་བཅས་འདབས་འབྲེལ་བའི་ས་མཚམས་སུ་དམར་ཐང་དང་རྟོལ་རྒན་གོང་ཁ་ཡོད།  རྩི་གོར་ཐང་གྲོང་རྡལ་དང་གསེར་ཆེན་རྫོང་གི་ཆོས་རྗེ་ཡུལ་ཚོ་གཉིས་ཀའི་ས་མཚམས་སུ་བཀྲ་ཤིས་འོད་དཀར་སྒང་ཡོད། 
         རྫོང་འདིའི་མངའ་ཁོངས་ནང་རོལ་གྱི་གནས་རི་གྲགས་ཅན་ལ། གཡུ་ལུང་བྲག་དཀར་དང་། ཧང་ངའི་རི་རྒན། ཨ་མྱེས་གཉན་ཆེན། ཁུ་ཇོ་རྫ་རྒན། ཨ་མྱེས་གཡུ་རལ། དབུས་རི་ཕྱུག་པོ། ཨ་མྱེས་ཁྱ་ཆེན། བུ་ཆེན་རྩེ་རྒྱལ། ཨ་མྱེས་ཧག་རྩེ། སྨུག་པོ་སྤུན་གསུམ། ལྷ་རི་ཞལ་དཀར།   ཨ་མྱེས་སྲིན་པོ།   ཕུན་སུམ་ཚོགས་པ། མཛོད་བདག་ལྷ་རི་དྲེའུ་དཀར།   དུང་རྫ་སྨུག་རིང་། ཕྱུག་ཚུགས་བཀྲ་ཤིས་འབྱུང་གནས། ཆུ་སྔོན་ཨ་མྱེས་གཡའ་རི། བོང་སྟག་ཨ་མྱེས་རྫ་དམར། ཟོ་རའི་ཟེ་དཀར།   སྨན་འབྲོང་ཁྱུང་རྫ།   སེང་གེ་རབ་བརྟན། མགོན་པོ་བྲག་ནག་སོགས་ཡོད། ཐང་གཞོངས་གྲགས་ཅན་ལ། རྔ་ཐང་དང་། རྩི་གོར་ཐང་། ཧང་ངའི་གསེར་གཞོང་ཐང་། དཔལ་ཁ་གསེར་གཞོང་རིང་མོ། ཐང་དཀར་ལྡང་སོགས་ཡོད། འབབ་ཆུ་གྲགས་ཅན་ལ་ཧང་ཆུ་དང་། ཆུ་སྔོན། འབྲོང་འཐུས་ཆུ་སོགས་ཡོད། ཆུ་ཚན་གྲགས་ཅན་ལ་ཆུ་རིང་ཆུ་ཁོལ་ཡོད།
         རྫོང་འདི་ནི་ཁུལ་ཡོངས་ནས་རི་སྐྱེས་སྲོགས་ཆགས་དང་རྩི་ཤིང་གི་རིགས་ཆེས་མང་བའི་ས་ཁུལ་ཡིན། འདིར་རི་སྐྱེས་སྲོག་ཆགས་ཀྱི་རིགས་ལ། གཡི་གར་དང་། ཝ་དམར། སྦྲེ། སྲམ། འཕྱི་བ། ཏེ་ལོ། ཤ་སེར་ཆེན། ཤ་རྔ་རིང་། ཤ་སྐྱ། གླ་བ། དྲེད་མོང་། གཙོད། རྫ་ཁའི་གོའུ་ཡག  འབྲོང་། རྐྱང་། གཉན། གསའ་གཟིག  བྱ་ཝང་སྔོན་པོ། དགོ་བ་བཅས་ཡོད་ཅིང་། དཔལ་འབྱོར་ཐད་ལ་མཁོ་བ་དང་སྨན་རྫས་སུ་འགྲོ་བའི་སྐྱེས་དངོས་ཀྱི་རིགས243ཡོད་པ་ལས་གྲགས་ཆེ་བ་ལ། དབྱར་རྩྭ་དགུན་འབུ་དང་། མེ་ཏོག་གངས་ལྷ། ལྕུམ་རྩ། སྲད་དཀར། ཀྱི་ལྕེ། སྤྲུ་དཀར་སོགས་ཡོད་ཅིང་། གོང་གསལ་རི་སྐྱེས་སྲོག་ཆགས་དང་སྨན་རིགས་སྐྱེས་དངོས་དེ་དག་ཡོད་ས་ནི།   གཙོ་བོར་ནགས་ཡོད་སའི་ས་ཁུལ་དང་། ཧང་གཞོངས།    ཆུ་སྔོན་གཞོངས་ཁོག་བཅས་ཡིན།
         མདོག་ལྡན་ལྕགས་རིགས་ལ།    ཟངས་དང་། ལྕགས། ཞ་ཉེ། ཏི་ཚ། གསེར།  འཐི།  པིས།  མོལ། དངུལ་སོགས་ཡོད།  གཏེར་རྫས་གཞན་པའི་རིགས་ལ། རྡོ་སོལ་དང་། ཅུ་གང་། ལྷང་ཚེར། སེན། རྡོ་སྣག  ཤེལ་རྡོ། རྡོ་ཐལ་བྲག་རྡོ། དངུལ་ཆུ་སོགས་ཡོད། གོང་གསལ་གཏེར་དངོས་དེ་དག་ཡོད་སའི་ས་ཁུལ་ནི། གཙོ་བོར་ཧང་གཞོངས་དང་། ཆུ་རིང་ཆུ་ཁོལ། གསེར་ཐང་བཅས་ཀྱི་ཕྱོགས་ཡིན།
         གནས་ཁམས་ཆེན་ལ། གཙོ་བོར་མདོ་སྨད་རྫོང་ཆེན་བཞིའི་ཡ་གྱལ་དུ་གྱུར་པའི་ཙ་རི་གཉིས་པ་བྲག་དཀར་སྤྲེལ་རྫོང་དང་། གནས་ཆེན་དེ་རུ་ཆགས་ཡོད་པའི་རེབ་གོང་སྐུ་ཕྱོགས་ཆེན་མོའི་གདན་ས་སྤྲེལ་རྫོང་དགོན་པ། སྔགས་སའི་དགེ་བཤེས་རིན་པོ་ཆེའི་གདན་ས་སྔགས་སའི་མཚམས་ཐོག་གོང་མ། སྐྱབས་མགོན་ཞབས་དཀར་བའི་སྒྲུབ་གནས་དུང་དཀར་ཉི་མའི་རྫོང་། གཉན་ཆེན་བྲག་དཀར། ཐ་སྟོང་བྲག་དཀར། ཁྲོ་ཐུང་འཐབ་ར། གཡུ་ལུང་བྲག་དཀར། ཆོས་རྗེ་ཀླུ་མཁར་སོགས་ཡོད། 
         རྫོང་འདིའི་མངའ་ཁོངས་སུ་འཚོ་སྡོད་བྱེད་པའི་བོད་ཀྱི་ཚོ་སྡེའི་སྐོར་ལ། དཔལ་ཁ་གྲོང་རྡལ་ཁོངས་རོལ་དུ་མཚོ་སྔོན་པོའི་མཐའ་འཁོར་ཚོ་བརྒྱད་ཀྱི་ནང་ཚན་ཨ་ཚོགས་ལྷ་སྡེ་དང་། ཧང་ངའི་ཤ་སྦྲང་གི་ཡ་གྱལ་ཧྲེང་བོ། སྒོ་མེ་གོང་མའི་ནང་ཚན་ཁྱུང་སེང་དང་། ཆོས་རྗེ། ཉིན་ཆུ་བཅས་སྡེ་བ་དེ་གསུམ་གྱིས་མཚོན་པའི་སྒོ་མེ་ཆོས་རྗེ་མ། རྩི་གོར་ཐང་གྲོང་རྡལ་ཁོངས་རོལ་དུ་ཧང་ངའི་ཤ་སྦྲང་། ཆུ་སྔོན་གྲོང་རྡལ་ཁོངས་རོལ་དུ་སྒོ་མེ་གོང་མའི་ནང་ཚན་ཏེ། མོ་རྡོ་དང་ཐ་སྟོང་སྡེ་བ་གཉིས་ཀྱིས་མཚོན་པའི་སྒོ་མེ་ཆུ་སྔོན་མ། འབྲོང་འཐུས་དང་ལུང་བཟང་ཡུལ་ཚོ་གཉི་གའི་ཁོངས་རོལ་དུ་རོང་བོ་བློན་ཆོས་སམ་རྒྱ་བཟའ་ལོ་བ། ཆུ་ཁོལ་ཡུལ་ཚོའི་ཁོངས་རོལ་དུ་མཚོ་སྔོན་པོའི་མཐའ་འཁོར་ཚོ་བརྒྱད་ཀྱི་ནང་ཚན་བོང་སྟག(བོང་སྟག་ལ་གོང་ཞོལ་གཉིས་ཡོད་པ་ལས་བྲག་དཀར་རྫོང་འདིའི་ཁོངས་རོལ་གྱི་བོང་སྟག་ལ་བོང་སྟག་གོང་མ་དང་། མཚོ་བྱང་ཁུལ་ཐེམ་ཆེན་རྫོང་ཁོངས་རོལ་གྱི་བོང་སྟག་ལ་བོང་སྟག་ཞོལ་མ་ཟེར)བཅས་ཡོད།


འབྲེལ་ཡོད་འོས་སྦྱོར།