logo

མཚོ་སྔོན་པོའི་བོད་བརྒྱུད་ནང་བསྟན་དང་བོད་ཀྱི་དམངས་སྲོལ་རིག་གནས་ཕོ་བྲང་གི་མཚམས་སྦྱོར་མདོར་བསྡུས།

རྩོམ་པ་པོ།:རོང་བོ་ལྷ་རྒྱལ་དཔལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-09-08 ཀློག་གྲངས།:

            མཚོ་སྔོན་པོའི་བོད་བརྒྱུད་ནང་བསྟན་དང་བོད་ཀྱི་དམངས་སྲོལ་རིག་གནས་ཕོ་བྲང་ཞེས་བྱ་བ་ནི།  མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གསེར་ཆེན་རྫོང་ཆབ་ཆ་གྲོང་རྡལ་མཁར་སྐོར་ཤར་ལམ་གྱི་ཤར་ཕྱོགས་རི་ངོས་སུ2007ལོའི་ཟླ6པའི་ཚེས2ཉིན་ལ།    གཏེར་ཆེན་ཆོས་ཀྱི་རྒྱལ་པོ་རིག་འཛིན་བདུད་འཇོམས་ཁྲག་འཐུང་རོལ་བའི་རྡོ་རྗེའི་སྐུ་ཕྲེང་གསུམ་པ་ཀུན་བཟང་ཉི་མའམ་ཀུན་བཟང་ལུང་རྟོགས་རྒྱ་མཚོ་མཆོག་གིས་གསར་བཞེངས་མཛད་པའི་དབུ་ཚུགས་པ་ཡིན།  ཨར་ལས་སྤྱིའི་རྒྱ་ཁྱོན་ལ་མུས་གྲུ་བཞི་མ8700ལྷག་ཡོད་ཅིང་།  ཆབ་ཆ་མཁར་གྲོང་དུ་བོད་བརྒྱུད་ནང་བསྟན་ཆོས་སྡེ་ཁོ་ན་དང་བོད་ཀྱི་དམངས་སྲོལ་རིག་གནས་སྟེ་གནས་ཕྱོགས་གཅིག་ཏུ་མཚོན་པའི་དེང་རབས་གནས་སྐོར་མཛེས་ལྗོངས་ཡིན།
            དེ་ཡང་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་རིག་འཛིན་བདུད་འཇོམས་ཁྲག་འཐུང་རོལ་བའི་རྡོ་རྗེའི་སྐུ་ཕྲེང་གསུམ་པ་ཀུན་བཟང་ཉི་མའམ་ཀུན་བཟང་ལུང་རྟོགས་རྒྱ་མཚོ་མཆོག་ནི1978ལོའི་ཟླ3ཚེས8ཉིན་ལ།  རྨ་ཡུལ་དར་མཚོ་ཕྱུག་མོའི་ཨ་ཚོགས་ལྷ་སྡེའི་སའི་ཆ་རུ་སྒོ་མེ་ནས་སྐུ་འཁྲུངས་ཤིང་།     སྐུ་ན་ཕྲ་བའི་དུས་ནས་བཟུང་དམ་པའི་ཆོས་ཀྱི་སྒོ་མོར་ཞུགས་ཏེ།     ད་ལྟ་གསེར་ཆེན་རྫོང་ཐང་དཀར་མ་གྲོང་རྡལ་བདུད་ཤུལ་འབུམ་ལུང་དགོན་བསམ་གཏན་ཉམས་དགའི་དབེན་གནས་ཀྱི་དགོན་བདག་བླ་མ་ཡིན་ཞིང་།     ཆོས་སྡེ་འདི་ཚུལ་བཞིན་བསྐྱངས་ནས་བཞུགས་པ་མ་ཟད།   ཁོ་བོས་བརྩམས་པའི《མཚོ་སྔོན་བདུད་ཤུལ་འབུམ་ལུང་དགོན་བསམ་གཏན་ཉམས་དགའི་དབེན་གནས་ཀྱི་གདན་རབས་བྱུང་བ་ཚངས་སྲས་བཞད་པའི་གླུ་དབྱངས》ཞེསབྱ་བའི་དེབ་ཐེར་ལས།    ཁོང་གི་སྐུ་ཕྲེང་སྔ་ཕྱིའི་རྣམ་ཐར་དང་མཛད་རྗེས་སྣ་ཚོགས་ཅུང་ཙམ་གསལ་བོར་མཚོན་ཡོད།     མཆོག་སྤྲུལ་ཀུན་བཟང་ཉི་མ་རིན་པོ་ཆེ་ལ་བྱིས་པའི་དུས་ནས་ཁམས་རྫོགས་ཆེན་དགོན་པའི་དཔལ་ཡུལ་ཀརྨ་ཆགས་མེད་ཚང་དང་།   སྐྲ་དཀར་དབང་རིན་པོ་ཆེ་ཚང་།  མགོ་ལོག་སྟོང་སྐྱབས་དགོན་པའི་སྐྱབས་རྗེ་བླ་མ་སིདྔྷི་གཞན་ཕན་བདེ་བའི་ཉི་མ་ཚང་སོགས་སྔ་འགྱུར་བསྟན་པའི་སྲོག་ཤིང་བ་རྣམས་ཀྱིས་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་རིག་འཛིན་བདུད་འཇོམས་ཁྲག་འཐུང་བའི་རྡོ་རྗེའི་སྐུ་ཕྲེང་གཉིས་པའི་ཡང་སྤྲུལ་དུ་ངོས་འཛིན་གནང་ནས་ཐུགས་ཐག་བཅད་ཅིང་།   2006ལོའི་ཟླ12པའི་ཚེས15ཉིན་ལ་མཚོ་སྔོན་ཞིང་ཆེན་ཆོས་ལུགས་ལས་དོན་ཅུའུ་ནས་ཆོག་མཆན་དངོས་སུ་བཀོད་ནས་སྤྲུལ་སྐུའི་འཛིན་རྟགས་གནང་བ་རེད།     
            མཆོག་སྤྲུལ་ཀུན་བཟང་ཉི་མ་རིན་པོ་ཆེས་སྔ་གཞུག་ཏུ་ཨ་ལགས་བསོད་ཆོས་ཚང་དང་།    རྗེ་བཙུན་ལཱ་མོ་ཡོངས་འཛིན་བློ་བཟང་མཁས་གྲུབ་རྒྱ་མཚོ་ཚང་།  རྡོ་གྲུབ་ཆེན་སྐུ་ཕྲེང་བཞི་བ་ཚང་། གདུང་ཡོན་ཏན་རྒྱ་མཚོ་ཚང་།  ཧོ་ཐོག་ཨ་ཁུ་རིག་འཛིན་འཇིགས་མེད་ཚང་སོགས་བླ་མར་བཀུར་ཏེ།    ནང་བསྟན་རིག་པའི་གཞུང་ལུགས་དང་།  མདོ་རྒྱུད་མན་ངག་སོགས་རྒྱ་ཆེར་གསན་པར་མཛད་ཅིང་།   ཁྱད་པར་དུ་དཔལ་རྒྱལ་བ་ཀ༔ཐོག་པའི་གསེར་ཁྲི་ལྔ་བ་འཇིགས་བྲལ་ཕྱོགས་ལས་རྣམ་རྒྱལ་མཆོག་གི་ཞབས་ལ་གཏུགས་ནས།    རིན་ཆེན་གཏེར་མཛོད་ཆེན་མོའི་དབང་ལུང་ཁྲིད་གསུམ་དང་།   འདོད་འཇོའི་བུམ་བཟང་གི་དབང་སོགས་བུམ་པ་གང་བྱོའི་ཚུལ་བཞིན་གསན་པར་མཛད་ནས།     ཀ༔ཐོག་མཆོག་སྤྲུལ་རིན་པོ་ཆེས་ཁོང་ཉིད་ལ་དབུ་ཞྭ་དམར་པོ་ནང་ཐམ་ཅན་ཞིག་གནང་སྟེ།   མ་འོངས་པར་ཁྱེད་ཉིད་ཀྱིས་རིན་ཆེན་གཏེར་མཛོད་ཆེན་མོའི་དབང་ལུང་ཁྲིད་གསུམ་གནང་བའི་རྟེན་འབྲེལ་ཡོད་ཅེས་ལུང་བསྟན་གྱི་དབུགས་འབྱུང་བསྩལ་མྱོང་། དེ་ནས་བཟུང་སྟེ་མཆོག་སྤྲུལ་ཀུན་བཟང་ཉི་མ་རིན་པོ་ཆེས་ལོ་གསུམ་རིང་ལ་ཕྱི་ནང་གི་འགྲུལ་བའི་རྒྱུ་བ་རབ་ཏུ་བཅད་ནས།      སྒྲུབ་པ་ཉམས་ལེན་གྱི་གནད་ལ་རྩེ་གཅིག་ཏུ་གཞོལ་བར་མཛད་པ་སོགས་རྒྱལ་བ་དགྱེས་པའི་ལམ་བཟང་རྨད་བྱུང་བསྐྲུན།   ད་ལྟ་མཆོག་སྤྲུལ་རིན་པོ་ཆེར་བོད་ཁམས་ཆོས་དད་མང་ཚོགས་ཁྲོད་དུ་མཚན་སྙན་གྱི་གྲགས་པའི་བ་དན་མཐོ་རུ་བསྒྲེངས་ཤིང་།   ཁོང་གིས་ཧུར་ཐག་གིས་ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་ལ་གོང་བཀུར་དང་།  མེས་རྒྱལ་ལ་དགའ་ཞེན་ཆེ་བ།   མི་དམངས་ལ་དགའ་ཞེན་ཆེ་བ།  ཕ་ཡུལ་ལ་དགའ་ཞེན་ཆེ་བ།  རྒྱལ་གཅེས་ཆོས་གཅེས་དང་ཐུགས་དགོངས་སྔོན་ཐོན་ཡིན་པ་རབ་ཏུ་མཚོན་པས།  ཆོས་ལུགས་ཁག་གི་དགོངས་གྲངས་ཧ་ཅང་གཞོན་པའི་བླ་སྤྲུལ་ཞིག་གི་ཆ་ནས་མདུན་བསྐྱོད་ཀྱི་འདུ་ཤེས་དང་གསར་གཏོད་ཀྱི་སྤོབས་སེམས་ཁེངས་ཏེ།  བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་རླབས་ཆེན་བཞེད་དགོངས་རྒྱུན་སྐྱོང་དར་སྤེལ་གཏོང་བ་དང་།  བོད་མི་རིགས་རང་གི་དམངས་སྲོལ་རིག་གནས་སྤྱོད་བཟང་དར་སྤེལ་གཏོང་ཆེད།  མཚོ་སྔོན་པོའི་བོད་བརྒྱུད་ནང་བསྟན་དང་བོད་ཀྱི་དམངས་སྲོལ་རིག་གནས་ཕོ་བྲང་ཞེས་བྱ་བ་འདི་གསར་བཞེངས་ཀྱི་ཕྱག་འགན་ཡོངས་སུ་ལྷུར་བཞེས་མཛད་ནས།   རང་ཉིད་ཀྱི་སྐུ་ཚེའི་རིན་ཐང་ལ་དོན་སྙིང་ཆེན་པོ་ལྡན་པ་མཚོན་ཞིང་།  རང་རེའི་ཏང་དང་རྒྱལ་ཁབ་ཀྱི་བཏོན་པའི་འབོད་སྐུལ་དེང་ལེན་གང་ལེགས་མཛད་ནས། འཆམ་མཐུན་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་རླབས་ཆེན་ལས་དོན་འགྲུབ་ཆེད་རང་ནུས་ཀྱི་འབད་འབུངས་ལྷོད་མེད་དང་།  འགྲོ་བ་མིའི་རིགས་ལ་བདེ་ལེགས་ཆེན་པོ་བསྐྲུན་པའི་ཐུགས་བསྐྱེད་སྨོན་ལམ་ཆེན་པོས་མདུན་བསུས་ཏེ།  ཁོང་གིས་སྒེར་དོན་ཡོངས་སུ་དོར་ཞིང་ཕྱག་རྗེས་བླ་ན་མ་མཆིས་པའི་རྒྱལ་སྲས་ཆེན་པོའི་ཀུན་སློང་ཟབ་མོ་དང་།   ལྷག་བསམ་རྣམ་པར་དག་པའི་ཐུགས་དགོངས་དང་མཐུན་པའི་འགྲོ་དོན་རྒྱ་ཆེན་པོ་སོགས་དགེ་མཚན་འབུམ་ཕྲག་ལྡན་པའི་འཕྲིན་ལས་མཛད་པ་དང་མཛད་བཞིན་པའི་སྒང་ཡིན།
            མཚོ་སྔོན་པོའི་བོད་བརྒྱུད་ནང་བསྟན་དང་བོད་ཀྱི་དམངས་སྲོལ་རིག་གནས་ཕོ་བྲང་གི་རྟེན་བཞེངས་དང་།   ཆོས་སྤྱོད་ཕྱག་ལེན།   སྒྲིག་གཞིའི་མ་ལག  ཞབས་འདེགས་རྣམ་གྲངས་ཏེ།   བོད་བརྒྱུད་ནང་བསྟན་ཕོ་བྲང་སྐོར་ལ་སྒྱུ་འཕྲུལ་ཞི་ཁྲོའི་དཀྱིལ་འཁོར་མཐོང་གྲོལ་ཆེན་མོའི་གཙུག་ལག་ཁང་གཙོས་སྟེང་ཁང་དུ་དཀྱིལ་འཁོར་ལྷ་ཁང་དང་། འོག་ཁང་གི་ཕྱོགས་བཞི་མཚམས་བརྒྱད་དུ་གསང་སྔགས་སྔ་འགྱུར་བསྟན་པ་དང་། རི་བོ་དགེ་ལུགས་པ།   དཔལ་ལྡན་ས་སྐྱ་པ། བཀའ་གདམས་པ།   བཀའ་བརྒྱུད་པ།  ཇོ་ནང་པ་སོགས་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་པོའི་ལྷ་ཁང་། བོད་ཀྱི་གདོད་མའི་ཆོས་ལུགས་བོན་སྟོན་གཤེན་རབ་ལྷ་ཁང་།    མ་ཧཱ་ཙི་ནའི་ལུགས་ཀྱི་ནང་བསྟན་ཐོས་བསམ་ལྷ་ཁང་།   བསམ་གཏན་ལྷ་ཁང་།   གསང་སྔགས་ལྷ་ཁང་། མགོན་ཁང་སོགས་གཙུག་ལག་ཁང་ཉེར་བཞི་བཞེངས་ཤིང་། དུས་མཚུངས་སུ་བོད་བརྒྱུད་ནང་བསྟན་ཞིབ་འཇུག་སློབ་གླིང་བཙུགས་ཏེ།   བོད་ཁམས་ཡོངས་ནས་གྲྭ་བཙུན་སློབ་བུ་བསྡུས་ནས་རིག་པའི་གནས་ལྔ་སོགས་ནང་བསྟན་རིག་པའི་གཞུང་ལུགས་སློབ་ཁྲིད་བྱེད་པ།  བོད་བརྒྱུད་ནང་བསྟན་དཔེ་མཛོད་ཁང་བཙུགས་ཏེ།   རྒྱལ་བའི་བཀའ་བསྟན་སོགས་གནའ་རབས་དུས་ནས་ད་ལྟའི་བར་དུ་བྱོན་པའི་བོད་གངས་ཅན་མཁས་དབང་རྣམ་པས་མཛད་པའི་གསུང་འབུམ་དང་གསུང་རྩོམ་སྣ་ཚོགས་ཉར་ཚེགས་བྱེད་པ་བཅས་ཡིན།
            བོད་ཀྱི་དམངས་སྲོལ་རིག་གནས་ཕོ་བྲང་སྐོར་ལ་བོད་ཀྱི་གནའ་རབས་ལོ་རྒྱུས་དངོས་མང་བཤམས་སྟོན་ཁང་བཙུགས་ཏེ།   བོད་ཀྱི་རྒྱལ་རབས་དང་།   ཆོས་ལུགས་མི་སྣ་གྲགས་ཅན།  ལོ་རྒྱུས་སྟེང་གི་མི་སྣ་གྲགས་ཅན་སོགས་ཀྱི་སྣང་བརྙན་བཞེངས་པ་དང་གཅིག   བོད་ཀྱི་དེང་རབས་རིག་གནས་བཤམས་སྟོན་ཁང་བཙུགས་ཏེ།    དེང་རབས་བོད་ཁམས་སྤྱིའི་རིག་གནས་འཚོ་བའི་སྐོར་འགྲེམ་སྟོན་བྱེད་པ་དང་གཉིས།  བོད་ཀྱི་ཟློས་གར་ཚོགས་པ་བཙུགས་ཏེ། སངས་རྒྱས་སྟོན་པ་ཤཱཀྱ་ཐུབ་པའི་རྣམ་ཐར་དང་།  ཆོས་རྒྱལ་རྣམ་པའི་རྣམ་ཐར།   རྗེ་མི་ལ་རས་པའི་རྣམ་ཐར།   རྗེ་ཞབས་དཀར་པའི་རྣམ་ཐར་སོགས་ནང་བསྟན་ཟློས་གར་འཁྲབ་སྟོན་བྱེད་པ་དང་གསུམ།  བོད་ཁམས་རྒན་གསོ་ཁང་བཙུགས་ཏེ།  བོད་ཁམས་སྤྱིའི་ལོ་ལོན་བདག་མེད་རྣམས་གཉོར་སྐྱོང་བྱེད་པ་དང་བཞི།     བོད་ཁམས་དབང་བོ་སྐྱོན་ཅན་ཕན་བདེ་ཁང་བཙུགས་ཏེ།   གཏེར་བུམ་སྒྲུབ་པ་དང་།   བོད་སྤོས་བཟོ་བ།   དར་ལྕོགས་དཔར་བ།   ཐང་ག་བཞེངས་པ།   རྩེག་གྲུབ་གོས་གྲུབ།    རྡོ་བརྐོ་ལྷ་བཟོ་སོགས་བཟོ་རྩལ་ཐོན་རྫས་ཐོན་སྐྱེད་བདག་གཉེར་བྱེད་པ་དང་ལྔའོ།།
            ཆོས་ལུགས་ཀྱི་ཆ་ནས་བོད་བརྒྱུད་ནང་བསྟན་རིག་པའི་གཞུང་ལུགས་ཟབ་སྦྱོང་བྱེད་པ་དང་།    ཚོགས་འདོན་དབང་ལུང་ཁྲིད་གསུམ་སོགས་རྒྱུན་ལྡན་གྱི་ཆོས་ལུགས་བྱ་འགུལ་སྤེལ་བ་ཟུང་འབྲེལ་བྱས་ཏེ།  འཆམ་མཐུན་འཛུགས་སྐྲུན་དང་འགྲོ་བ་མིའི་རིགས་ལ་བདེ་སྐྱིད་བསྐྲུན་པ། གནས་སྐོར་མཛེས་ལྗོངས་ཕྱོགས་ནས་བོད་ཀྱི་དམངས་སྲོལ་རིག་གནས་ལ་དགེ་མཚན་ལྡན་པའི་ཞིབ་འཇུག་བྱས་ཏེ།   རྒྱ་ཆེའི་གནས་སྐོར་པ་རྣམས་ཀྱིས་གངས་ལྗོངས་ཡུལ་གྱི་རིག་གནས་འཚོ་བ་དངོས་ལ་ཉམས་ལེན་དང་།  ཕྱོགས་ཡོངས་ནས་བོད་མི་རིགས་རང་གི་ཁྱད་ཆོས་ལྡན་པའི་ཞབས་འདེགས་བཟང་བོ་ཞུ་བ་བཅས་ཀྱི་སྐབས་འདི་ལེགས་སོ།།

 

 

 

འབྲེལ་ཡོད་འོས་སྦྱོར།