༄༅།།མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མང་རྫོང་མགོ་མང་གཞོངས་གྲོང་རྡལ།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2020-02-21
ཀློག་གྲངས།:
གྲོང་རྡལ་འདི་ནི་མང་རྫོང་གི་བྱང་ཤར་རྒྱུད་དུ་གནས་པ་སྟེ།སའི་གོ་ལའི་བྱང་གི་འཕྲེད་ཚད35°29' ནས35°53'གྱི་མཚམས་དང་། ཤར་གྱི་གཞུང་ཚད100°25'ནས101°23'གྱི་མཚམས་ན་ཡོད། འདིའི་ཤར་ཕྱོགས་ནི་ཁྲི་ཀ་རྫོང་གི་ཆུ་ནུབ་གྲོང་རྡལ་དང་ཀབ་རོན་གཞུང་ཡུལ་ཚོ། ལྷོ་ཕྱོགས་ནི་སུམ་མདོ་ཡུལ་ཚོ། ནུབ་ཕྱོགས་ནི་དམུ་གི་ཐང་། ནུབ་བྱང་ཕྱོགས་ནི་བྱ་མདོ་ཡུལ་ཚོ་བཅས་དང་འདབས་འབྲེལ་ཡོད་ཅིང་། བྱང་ཕྱོགས་ནི་རྨ་ཆུས་བཅད་ནས་གསེར་ཆེན་རྫོང་གི་ཚལ་རྔ་གྲོང་རྡལ་དང་ཕན་ཚུན་ཁ་གཏད་དུ་གནས་ཡོད། འདིའི་ས་བབ་ཧྲིལ་བོའི་ཆ་སྙོམས་ཀྱི་མཐོ་ཚད་ནི་མཚོ་ངོས་ལས་སྨི3100ནས3400ཡི་བར་ཡིན། གྲོང་རྡལ་འདིའི་མངའ་ཁུལ་དུ་སྤང་ཐང་དང་། རི་བོ། དེའུ་སྒང་། ལ་ལུང་སོགས་འདྲེས་མར་ཆགས་ཡོད་པ་དང་། རྨ་ཆུ་ནི་མགོ་མང་གཞོངས་ཀྱི་བྱང་མཐའ་རུ་ནུབ་ནས་ཤར་ཕྱོགས་སུ་འབབ་ཀྱིན་ཡོད་ལ། སའི་ཆགས་ཚུལ་ནི་ཤར་ལྷོ་མཐོ་ཞིང་ནུབ་བྱང་དམའ། གྲོང་རྡལ་འདིའི་ཤར་ལྷོའི་རྒྱུད་དུ་རི་བོ་ཁྱུང་སྨན་དང་བྲག་དཀར་སྤུན་གསུམ་སོགས་སའི་རྡུལ་བརྩེགས་ཕྲེང་དུ་བསྟར་ཞིང་། ཨ་མྱེས་བྲག་དཀར་གྱི་དབུ་རྩེའི་མཐོ་ཚད་ལ་མཚོ་ངོས་ལས་སྨི5011ཡོད། བྱ་སྟོད་ཐང་དང་དབལ་ཤུལ་ཐང་བཅས་ཀྱི་ས་ཤུན་མཐུག་ཅིང་སོབ་ལ། དེ་རུ་རམ་དཀར་སོགས་ཕྱུགས་རྩྭ་སྟུག་པོར་སྐྱེས་ཡོད། མོ་ཆུ་ལུང་བར་ཤིང་ཆེན་དང་ཤིང་ཕྲན་གྱི་ནགས་ཚལ་ཡོད་དེ། དབྱར་སྡོང་དང་། སྟག་པ། མ་གལ། མེ་ཏོག་སྣ་ཚོགས་བཞད་པའི་ཤིང་སྟག་མ་དང་། གསོམ་ཤུག་སོགས་ཚང་ཚང་དུ་འཁྲིགས་ཡོད་ལ། གཞན་ཤྭ་དང་གླ་བ། གནའ་དང་དགོ་བ། རྫ་ཁའི་གོའུ་ཡག་ལ་སོགས་པའི་རི་སྐྱེས་སྲོག་ཆགས་ཀྱང་མང་ངོ་། ། 1952ལོར་མགོ་མང་གཞོངས་ས་ཁུལ་ནི་ཁྲི་ཀ་རྫོང་གི་མངའ་འོག་ཡིན། 1953ལོར་མང་རྫོང་གི་སྲིད་དབང་འཛུགས་སྐབས་བྱ་སྟོད་ཆུས་ཀྱི་ཁོངས་སུ་སྦྱར། 1959ལོར་བྲག་དཀར་ཡུལ་ཚོ་དང་བསྲེས་ནས་མགོ་མང་གཞོངས་ཀུང་ཧྲེ་བཙུགས། 1984ལོར་ཕྱིར་ཡུལ་ཚོ་རུ་བསྒྱུར། 2001ལོའི་ཟླ8པར་སྔར་གྱི་ཡུལ་ཚོའི་སྒྲིག་གཞི་དོར་ནས་མགོ་མང་གཞོངས་གྲོང་རྡལ་དུ་བསྒྱུར། གྲོང་རྡལ་འདིའི་སྲིད་གཞུང་གི་གནས་ཡུལ་ནས་རྫོང་སྲིད་གཞུང་གི་གནས་ཡུལ་མང་ཆུ་གྲོང་རྡལ་གྱི་བར་དུ་སྤྱི་ལེ85ཡོད། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ1802.67དང་། མི་གྲངས21359ཡོད(སྤྱི་ལོ2008ལོའི་རྩིས་གྲངས་ཡིན)། འདིའི་མངའ་འོག་ཏུ་མགོ་མང་དང་། ཤ་རྒྱ། སྨར་ཁམས། ཆོས་ཚ། རྟ་ར། རྡོ་ར། རུ་སྔུན་ཞོལ་མ། ཅོ་སེར། ལོ་བརྒྱ། ཚ་ནག བྲག་དཀར་བཅས་སྡེ་བ11ཡོད། སྔོན་དུས་ཁུག་གཞོངས་འདི་ནི་ཆུ་མགོ་མང་ས་ཞིག་ཡིན་པས་ན་འདིའི་མིང་ལའང་མགོ་མང་གཞོངས་སུ་ཐོགས་པ་ཡིན་ལ། ཆུ་མགོ་གཞོངས་ཞེས་ཀྱང་འབོད་དོ།།
གཞན་ཡང་། འདིའི་མིང་ལ་དགོ་མང་གཞོངས་ཟེར་རོ་ཞེས་ཀྱང་བཤད་དེ། ཡུལ་འདི་གའི་རྒན་པོའི་ངག་སྒྲོས་སུ། སྔོན་དུས་ཐང་གཞོངས་འདི་ནི་རི་དྭགས་དགོ་བ་ཧ་ཅང་མང་ས་ཞིག་ཡིན་པས་ན་འདི་ལ་དགོ་མང་གཞོངས་སུ་ཐོགས་པར་བཤད་པ་དང་། སྤྱི་ལོ1958ལོའི་ཡར་སྔོན་དུ་ད་དུང་ཐང་གཞོངས་འདིའི་གང་ཡིན་སར་དགོ་བའི་མགོ་སྐོགས་དང་དགོ་རྭ་འཐུ་རྒྱུ་ཡོད་ཟེར།
གཞན་ཡང་། འདིའི་མིང་ལ་དགོ་མང་གཞོངས་ཟེར་རོ་ཞེས་ཀྱང་བཤད་དེ། ཡུལ་འདི་གའི་རྒན་པོའི་ངག་སྒྲོས་སུ། སྔོན་དུས་ཐང་གཞོངས་འདི་ནི་རི་དྭགས་དགོ་བ་ཧ་ཅང་མང་ས་ཞིག་ཡིན་པས་ན་འདི་ལ་དགོ་མང་གཞོངས་སུ་ཐོགས་པར་བཤད་པ་དང་། སྤྱི་ལོ1958ལོའི་ཡར་སྔོན་དུ་ད་དུང་ཐང་གཞོངས་འདིའི་གང་ཡིན་སར་དགོ་བའི་མགོ་སྐོགས་དང་དགོ་རྭ་འཐུ་རྒྱུ་ཡོད་ཟེར།
འབྲེལ་ཡོད་འོས་སྦྱོར།