༄༅།།འབའ་རྫོང་གི་གཙང་གཡུ་རྔོག་བཤད་པ།
རྩོམ་པ་པོ།:འབའ་རྫོང་སྲིད་གྲོས།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2020-04-28
ཀློག་གྲངས།:
དེ་ཡང་མདོ་སྨད་འབའ་རྫོང་གི་ཁོངས་གཏོགས་སུ་གྱུར་པའི་གཙང་གཡུ་རྔོག་ཅེས་པའི་ཚོ་སྡེ་འདི་ནི། སྔོན་བོད་རབ་བྱུང་གསུམ་པའི་ས་བྱི་ལ་འབྲི་གུང་སྐྱོབ་པ་འཇིག་རྟེན་མ་གོན་པོ་རིན་ཆེན་དཔལ་གྱི་དངོས་སློབ་འབྲི་གུང་བླ་མ་རིན་ཆེན་བཟང་པོ་དཔོན་སློབ་བཞི་ལ་ལྷ་དང་བླ་མས་ལུང་བསྟན་བཞིན་དུ་ཡུལ་རེབ་གོང་གསེར་མོ་ལྗོངས་སུ་ཕེབས་པའི་ནང་གི་སློབ་མ་དཔལ་ཆེན་བཟང་པོའམ་ཡུལ་སྐྱོང་དཔལ་བཟང་ཟེར་བ་དེའི་གདུང་རྒྱུད་འཁྲུལ་མེད་དུ་གཏོགས་པ། ཆོས་རྒྱལ་སྲོང་བཙན་སྒམ་པོའི་ནང་བློན་ཧོར་དགི་ལེགས་ཀུན་འབྱུང་གི་མི་རབས་ཕྱི་མར་གྱུར་པ་མིག་དམར་བསོད་ནམས་ཚེ་རིང་གི་སྲས་ཆེ་བ་ཐུབ་བསྟན་རྒྱ་མཚོའམ་ཨ་བོ་མཐུ་ཆེན་གྱིས་ཡབ་མེས་ཀྱི་ཆོས་རྒྱུན་བཟུང་ནས་འབྲི་གུང་ཕྱོགས་སུ་ཕེབས་པའི་ལམ་བར་དུ། དེའི་རིག་མ་ལ་སྲིད་ཆགས་པ་ཕྱིར་རེབ་གོང་དུ་ཕེབས་ནས་འཁྲུངས་པ་སྲས་པོ་གཡུ་རྔོག་ཡིན་ལ་ཡབ་ཨ་བོ་མཐུ་ཆེན་གྱི་མཚན་བསྡུས་ཏེ་ཨ་མཐུ་དང་འདི་ཉིད་ཀྱི་སྲས་ཀྱི་སྤྱི་བོར་རལ་བ་ལེབ་མོ་རྩྭ་དྲེས་མའི་དབྱིབས་ཅན། རིང་ཚད་འདོམས་གང་ཙམ། ལྗང་གུ་གཡུ་མདོག་ཏུ་ཡོད་པས་ཨ་མཐུའི་སྲས་པོ་གཡུ་རྔོག་ཏུ་གྲགས། ཁོང་གི་གསང་མཚན་ལ་རིགས་འདུས་དྲག་པོ་རྩལ་ཡང་ཟེར། འདི་ཉིད་ཀྱི་རྒྱུད་པ་གྱུར་བ་རྣམས་ལ་གཡུ་རྔོག་ཏུ་ཐོགས་ཤིང་ཕ་མིང་བུ་ལ་ཐོགས་པ་དང་བུ་མིང་སྡེ་ལ་ཐོགས་པའི་རྒྱུད་པ་འདི་ལ་འོད་གསལ་ལྷའི་རྒྱུད་པའམ་འབྲི་དཀར་མོ་རབ་རིང་གི་རྒྱུད་པའང་ཟེར། གཡུ་རྔོག་པ་རྣམས་ཡུལ་རེབ་གོང་གསེར་མོ་ལྗོངས་ནས་གཞིས་ཆགས་ཏེ་རིམ་གྱིས་རུ་སྡེ་མང་པོར་འཕེལ་ནས་ཆོས་སྲིད་ཀྱི་མངའ་ཐང་རབ་ཏུ་རྒྱས་ཏེ་གཡུ་རྔོག་བསམ་གཏན་རྒྱ་མཚོ་དང་མཁན་ཆེན་དགེ་འདུན་རྒྱ་མཚོ་སོགས་མཁས་ཤིང་གྲུབ་པའི་སྐྱེས་ཆེན་དམ་པ་མང་དུ་འཁྲུངས་པས་གཡུ་རྔོག་བླ་བརྒྱ་སྔགས་སྟོང་ཞེས་འབོད་པ་དང་ཨ་ཀྲོང་དང་། གཡུ་རྔོག་ཚོ་བཞི་གསུམ་རེབ་གོང་གཉན་པོ་ཁ་གསུམ་ཞེས་གྲགས་སྙན་འབར་བའི་རུ་སྡེ་ཆེན་པོ་ཞིག་ཏུ་གྱུར་ནས་མངའ་ཐང་རྒྱས་ཤིང་ཡུལ་རེབ་གོང་གི་ས་འཛིན་གྱི་ཐོག་མར་ཡང་གྱུར། རབ་བྱུང་དྲུག་པའི་བགྲང་བྱ་སུམ་ཅུ་བ་མེ་སྤྲེལ་ལོར་རེབ་གོང་ཕྱོགས་ཀྱི་གཡུ་རྔོག་པའི་རུ་སྡེ་མང་པོ་རིམ་གྱིས་རོང་ནས་འབྲོག་ཏུ་བསྐྱོད་དེ་ལྷོ་ཕྱོགས་ཀྱི་རྩེ་གཞུང་དུ་གནས་སྤོར། རབ་བྱུང་བརྒྱད་པའི་བགྲང་བྱ་སོ་གཅིག་པ་མེ་བྱ་ལོར་གཡུ་རྔོག་དཔོན་པོ་ཐོགས་མེད་དང་བསོད་ནམས་ཚེ་རིང་སོགས་དུད་ཁྱིམ་བརྒྱ་ལྷག་ས་ཀོ་སྲིབ་ཏུ་འོངས་ནས་གཞིས་ཆགས། དེ་དུས་ཁྱིམ་གྲངས་བརྒྱ་ལྷག་ཡོད་པས་གཡུ་རྔོག་བརྒྱ་ཚན་དུ་གྲགས་ཤིང་། མཐའ་སྨུག་ཟངས་ང་མ་ནས་འོངས་པ་ལ་གཡུ་རྔོག་ཟངས་ང་མ་དང་། ཟངས་ངའི་རི་རྒྱབ་ནས་འོངས་པ་ལ་གཡུ་རྔོག་རྒྱབ་མ་ཞེས་ཚོ་ཁག་ཆེན་པོ་གཉིས་ཡོད་ལ་ཕྱིས་སུ་མཐའ་བ་ཚོ་བ་དང་ཚོ་ཕྲན་འགའ་རེའང་ཡོད། གཙང་གཡུ་རྔོག་ཀོ་སྲིབ་ཏུ་ཐོན་རྗེས་དཔོན་པོ་ཐོགས་མེད་ཀྱིས་མཛད་ཅིང་རུ་སྡེ་ལེགས་པར་བསྐྱངས་པ་དང་ཨ་མཐུའི་སྲས་པོ་གཡུ་རྔོག་སྤྱི་བའམ་གཡུ་རྔོག་བན་སྔགས་ཀྱི་རྒྱུན་བསྐྱངས། བོད་རབ་ཚེས་ཤིང་བྱ་ལོར ( ༡༧༦ ༥) གཙང་པནྜིཏ་བློ་བཟང་བསྟན་པ་རྒྱ་མཚོ་མཆོག་གིས་ཀོ་སྲིབ་ལྷས་སྔོན་དུ་གཙང་དགོན་དོན་གྲུབ་རབ་བརྟན་གླིང་ཕྱག་འདེབས་མཛད་སྐབས་ས་དེ་རུ་གཡུ་རྔོག་རྩ་རིང་གི་ཕ་རྡོན་གྲུབ་དང་བུ་རབ་བརྟན་ཟེར་བའི་ཁྱིམ་ཚང་ཞིག་ཡོད་པས་དགོན་པའི་མིང་ཡང་དེ་ལྟར་དུ་བཏགས་ཤིང་བླ་མ་གཙང་པཎྜིཏའི་མཚན་གྱི་ཆ་ནས་ཁོང་གི་ལྷ་འབངས་རྣམས་ལའང་གཙང་གཡུ་རྔོག་དང་གཙང་ཨ་རིག གཙང་ལྷ་སྡེ། གཙང་མགར་རྩེ་ཞེས་མིང་ཡང་རིམ་གྱིས་ཐོགས། གཙང་གཡུ་རྔོག་གིས་གཙང་དགོན་པ་གསར་འཛུགས་དང་རྒྱ་བསྐྱེད་སྐབས་དངོས་ཤུགས་དང་མི་ཤུགས་གང་ཡོད་བཏོན་ནས་སྦྱིན་བདག་གི་གཙོ་གྲས་སུ་གྱུར་ཅིང་། གཙང་གཡུ་རྔོག་ཀོ་སྲིབ་ཏུ་འོངས་པ་ནས་རབ་རྒྱལ་ས་ཕག་བར་དུ་དཔོན་རྒྱུད་རིམ་པ་མང་དུ་བྱུང་མོད་ཞིབ་ཏུ་མི་གསལ་ཞིང་ཤེས་པའི་རིམ་པ་ནི། ཐོགས་མེད་དང་འབྲུག་རྒྱལ་ལམ་འབྲུག་ལྷ། ནོར་བུ་རྒྱལ། སྐྱ་རྒན།བསོད་ལོ། སྐལ་བཟང་། བླ་མ། ཨ་ད། རྒྱ་འབའ། བསོད་ནམས་ཚེ་རིང་སོགས་མང་དུ་བྱུང་། ཁོང་རྣམ་པས་གཙང་གཡུ་རྔོག་དང་གཙང་དགོན་པའི་ལས་དོན་རྒྱ་ཆེན་པོ་བསྒྲུབས་ནས་མཛད་རྗེས་བླ་ན་མེད་པ་བཞག་ཡོད། སྤྱི་ཚོགས་གསར་བ་བཙུགས་རྗེས་སུ་གཙང་གཡུ་རྔོག་ལ་གསེར་ཆེན་སྡེ་བ། གསེར་གཞུང་སྡེ་བ། གསེར་དེའུ་སྡེ་བ། བྲག་དམར་སྡེ་བ། དཀྱིལ་འཁོར་སྡེ་བ་བཅས་སྡེ་བ་ལྔས་གྲུབ་ཡོད། གཡུ་རྔོག་སྡེ་བ་ནི་གྲུབ་མཐའ་གསར་རྙིང་གཉིས་ཀར་རིས་མེད་དུ་དད་ཅིང་ཁྱད་པར་དུ་གཙང་དགོན་དོན་གྲུབ་རབ་བརྟན་གླིང་གི་ལྷ་འབངས་དང་། གཡུ་རྔོག་སྒྲུབ་སྡེ་ཆེན་པོའི་ཡོན་གྱི་བདག་པོར་གྱུར། སྤྱི་ཚོགས་གསར་འཛུགས་ཀྱི་ལོ་རྒྱུས་བར་རྒལ་ལས་རྣམ་པར་བརྒལ་ཅིང་ད་ལྟའི་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགྲོས་དང་བསྟུན་ནས་རིག་གནས་དང་དཔལ་འབྱོར་འཕེལ་རྒྱས་ཕྱོགས་སུ་གོམས་ཁ་བཞག་ཏེ། གཙང་གཡུ་རྔོག་སྤྱོད་ཡོན་གཉིས་ལྡན་གྱི་ཐེབས་རྩ་ཚོགས་པ་བཙུགས་ཏེ། སྤྱིར་ཡུལ་ཕྱོགས་འདི་གའི་ཀུན་སྤྱོད་ཡར་སྐུལ་ལ་ཞབས་འདེགས་སྒྲུབ་ཀྱིན་ཡོད་ལ་ལྷག་སྒོས་སློབ་གསོ་འཕེལ་རྒྱས་ཀྱི་ཐད་ལ་ནུས་ཤུགས་འདོན་བཞིན་ཡང་ཡོད་དོ། ། ཡུལ་འདི་རི་མཐོ་ཞིང་ས་གཙང་བར་མ་ཟད། ལྷུང་ལྷུང་དལ་གྱིས་འབབ་པའི་ཆབ་དང་ཆུ་བོ་རྣམས་གྱ་གྱུའི་འགྲོས་ཀྱིས་ཆལ་ཆིལ་རླབས་ཀྱི་ཟེགས་མ་མཁའ་ལ་གཏོར་བཞིན་དབང་བོའི་ཞིང་ཁམས་སུ་སྙེག་ཅིང་མགོ་ལྕོག་ལྡེམ་ལྡེམ་གཡོ་བའི་མེ་ཏོག་སྣ་ཚོགས་གང་སར་བཞད་ལ། འབྱམས་ཀླས་པའི་ནེའུ་གསིང་དང་སྤང་ལྗོངས་ཡིད་དུ་འོང་བའི་ཀུན་ནས་གཏམས་ཤིང་མི་རྣམས་ངང་རྒྱུད་བཟང་ཞིང་ཡ་རབས་ཚུལ་ལྡན་གྱི་ཕྱོགས་སུ་ཧུར་བ་འབའ་ཞིག་གོ།
འབྲེལ་ཡོད་འོས་སྦྱོར།