logo

༄༅།།མཚོ་སྔོན་གྱི་སྐར་མ་ཐང་གནའ་བོའི་བང་སོ་ཡི་གསང་བ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། དུས་ཚོད།:2021-03-10 ཀློག་གྲངས།:
སྐར་མ་ཐང་གནའ་བོའི་བང་སོ་ཡི་རྗེས་ཤུལ།
      སྐར་མ་ཐང་གནའ་བོའི་བང་སོ་ཡི་རྗེས་ཤུལ་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་མང་ཆུ་གྲོང་རྡལ་གྱི་ནང་སོ་སྡེ་བའི་ལྷོ་ཕྱོགས་ཀྱི་སྨི500ཙམ་གྱི་མཚམས་ན་ཡོད་ཅིང་། ས་བབ་མཐོ་ཚད་ལ་ཧ་ལམ་སྨི2719དང་། བྱང་རྒྱུད་ཀྱི་སྨི1000གི་མཚམས་ན་རྨ་ཆུ་ཡོད། རྗེས་ཤུལ་གྱི་ཤར་ཕྱོགས་ན་ལུང་བ་ཞིག་ཡོད་ཅིང་། དེའི་ཆུ་ནི་ལྷོ་ནས་བྱང་ལ་བཞུར་བཞིན་རྨ་ཆུའི་ནང་དུ་འབབ་པ་དང་། སྐར་མ་ཐང་རྗེས་ཤུལ་དང་ཀའོ་ཆི་ཏིང་རྗེས་ཤུལ་གཉིས་ཀ་ལུང་བའི་ཕྱོགས་གཉིས་ན་ཡོད། སྐར་མ་ཐང་གནའ་བོའི་བང་སོ་ཡི་རྗེས་ཤུལ་དང་རྫོང་རི་རྗེས་ཤུལ་གཉིས་ཀྱང་ཆབ་ཆའི་གཞོང་སར་ཡོད་ཅིང་། གཉིས་ཀའི་བར་ཐག་ལ་ཧ་ལམ་སྤྱི་ལེ68ཙམ་ལས་མེད།
སྐར་མ་ཐང་གནའ་བོའི་བང་སོ་སྔོག་འདོན་བྱེད་བཞིན་པའི་ཚུལ།
      སྐར་མ་ཐང་གནའ་བོའི་བང་སོ་ནས་སྔོག་འདོན་བྱས་ཁུལ65ཡོད་ལ། དེའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ1626ཙམ་ཡོད། སྔོག་འདོན་བྱས་པ་ལས་རྡོ་ཆས་གསར་མའི་དུས་རབས་ཀྱི་འདུས་སྡོད་རྗེས་ཤུལ་གཅིག་རྙེད་ཅིང་། དེ་རུ་འདུག་གནས་ཕྱོགས་གཅིག་དང་། ཐབ་ཚང་ཕྱོགས་བཅུ་བཞི། བང་སོ་བཅོ་བརྒྱད་བཅས་རྙེད་པ་རེད། རྗེས་ཤུལ་གྱི་རིག་གནས་ནང་དོན་རིགས་གཅིག་ཡིན་ཞིང་། སྔོག་རྙེད་བྱུང་བའི་གནའ་རྫས་ལ་དབྱེ་ཞིབ་བྱས་ན། འདི་ནི་མ་ཅཱ་ཡའོ་རྣམ་པ་མཇུག་དུས་ཀྱི་རིག་གནས་གཙོ་བོ་ཡིན་ལ། དེའི་ནང་དུ་རི་རྐེད་རྣམ་པའི་གྲུབ་ཆའང་འདུས་པར་མ་ཟད། ད་དུང་རྫོང་རིའི་རིག་གནས་ཀྱང་ཚུད་ཡོད་པ་རེད། རིག་གནས་ཀྱི་ཁྱད་ཆོས་ལ་དབྱེ་ཞིབ་བྱས་པར་གཞིགས་ན། སྐར་མ་ཐང་རྗེས་ཤུལ་གྱི་དུས་ཚོད་ལ་ད་ལྟའི་བར་དུ་ལོ་ངོ5200ནས4100ཙམ་ཡོད་པ་ཤ་སྟག་རེད།
བང་སོ་ནས་རྫ་ཆས་ཤིག་སྔོག་རྙེད་བྱུང་བ།
      གནའ་རྫས་སྔོག་འདོན་བྱས་པ་ལས་ཤེས་རྟོགས་བྱུང་བ་ལྟར་ན། འདུས་སྡོད་རྗེས་ཤུལ་གྱི་ཐོག་ཏུ་ཆི་ཅཱ་རིག་གནས་ཀྱི་བང་སོ་44ཡོད་པ་རེད། རྗེས་ཤུལ་སྔོག་འདོན་བྱས་པའི་གནས་ཚུལ་ལ་གཞིགས་ན། གནའ་རྫས་རྟོག་ཞིབ་མཁན་གྱིས་སྐར་མ་ཐང་གི་རྡོ་ཆས་གསར་མའི་དུས་རབས་ཀྱི་འཚོ་སྡོད་ས་ཆ་ཉམས་རྗེས་ཀྱི་ལོ་དུ་མ་ཞིག་གི་རྗེས་སུ། ཆི་ཅཱ་མི་སྐོར་ཞིག་ཡུལ་འདིར་གནས་སྤར་བ་དང་། སྔ་དུས་ཀྱི་རྗེས་ཤུལ་དེ་བང་སོ་བྱས་སྟབས། སྡོད་གནས་ཀྱི་རྗེས་ཤུལ་ཐོག་ཏུ་འཁར་བའི་དུས་རབས་ཀྱི་ཆི་ཅཱ་རིག་གནས་ཀྱི་བང་སོ་ཆགས་པ་རེད། བང་སོ་སྐོར་འདི་ཡིས་རྡོ་ཆས་གསར་མའི་དུས་རབས་ཀྱི་མ་ཅཱ་ཡའོ་རིག་གནས་ཀྱི་འཚོ་སྡོད་རྗེས་ཤུལ་གྱི་ལྷིང་འཇགས་གཏོར་བར་མ་ཟད། ད་དུང་རིག་གནས་ཀྱི་བང་རིམ་ཚང་མ་ཡང་གཏོར་བ་རེད། བང་སོ་མང་ཤོས་སུ་ས་དམར་སྤུངས་ཡོད་ལ། ཁ་ཤས་སུ་ཐལ་བ་སྤུངས་ཡོད་པ་རེད།
བང་སོ་ནས་རྙེད་པའི་ཀེང་རུས།
      ཆི་ཅཱ་རིག་གནས་ཀྱི་བང་སོ44ནི་གོ་རིམ་ཡོད་པའི་སྒོ་ནས་མི་འདུག་ཀྱང་། བང་སོའི་ཁྱབ་ཚུལ་ནི་ཅུང་འདྲ་མཉམ་ཡིན་ལ། བང་སོ་ཕན་ཚུན་གྱི་བར་དུ་སྨི་3ནས་5ཡི་བར་ཐག་ཡོད་པར་མ་ཟད། ད་དུང་བང་སོ་ཕན་ཚུན་གཏོར་བའམ་སྣོལ་མར་ཡོད་ཚུལ་ཆགས་མེད་སྟབས། བང་སོ་ཚང་མ་དུར་འཇུག་གི་དུས་ཚོད་ཕལ་ཆེར་ཐག་ཉེ་བ་དང་། ཚང་མ་དུས་སྐབས་གཅིག་ནང་གི་རིགས་རྒྱུད་གཅིག་པའི་བང་སོ་ཡིན་པ་མངོན། དེ་དག་གི་ཁྲོད་དུ་དོང་དབྱིབས་བང་སོ43དང་སྒམ་བཅུག་བང་སོ1ཡོད་པ་རེད།
ཟུར་བདུན་སྐར་རིས་ཀྱི་ཟངས་ཀྱི་མེ་ལོང་ཞིག་རྙེད་པ།
      གཤེན་རྫས་ཀྱི་ནང་དུ་ཟུར་བདུན་སྐར་རིས་ཀྱི་ཟངས་ཀྱི་མེ་ལོང་ཞིག་རྙེད་པ་ལས་ཚང་མས་ཡིད་དབང་འཕྲོག་ཡོད་ལ། དེའི་ཨང་རྟགས་སུ་M25:6ཞེས་བཀོད་ཅིང་། བང་སོ་M25ཡི་བདག་པོའི་ཀེང་རུས་ཀྱི་བྲང་གཞུང་ནས་རྙེད་པ་རེད། མེ་ལོང་གི་ཚངས་ཐིག་ལ་ལི་སྨི་9དང་མཐུག་ཚད་ལ་ལི་སྨི་0.25ཡོད་པ་དང་། ལྟེ་བའི་ཁུང་བུ་ནི་རལ་བར་གྱུར་ལ། མདུན་ངོས་ནི་ཟུར་བདུན་སྐར་རིས་ཡིན་པ། ཟུར་ཁག་གི་བར་དུ་ཐིག་རིས་བཏབ་ནས་མཛེས་བཟོ་བྱས་ཡོད་པས། འདི་ནི་རང་རྒྱལ་གྱི་ད་ལྟའི་བར་དུ་རྙེད་པའི་སྔ་དུས་ཀྱི་ཟངས་ཆས་ནང་གི་ཆེས་ངོ་མཚར་བ་ཞིག་ཡིན།
ཟངས་ཀྱི་མེ་ལོང་གི་མཐའ་ན་ཁུང་བུ་གཉིས་ཡོད་ཅིང་། དེ་གཉིས་ཀྱི་བར་དུ་ཐག་པའི་བརྐོས་རིས་ཀྱི་ཤུལ་ཞིག་འདུག་པ་དང་། གཙང་སེལ་བྱེད་དུས་ཤིང་གི་ཡུ་བ་ཞིག་ཀྱང་རྙེད་པ་རེད། ཡུ་བ་དེ་ནི་མེ་ལོང་གི་མཐའི་ཁུང་བུ་གཉིས་ཀར་སྐུད་པ་རྒྱུ་བ་ལས་སྲ་བརྟན་དུ་བཏང་ནས་སྤྱོད་བཞིན་ཡོད་པ་རེད།
བང་སོ་ནས་རྙེད་པའི་རྒྱན་ཆ་སྣ་ཚོགས།
      སྐར་མ་ཐང་གནའ་བོའི་བང་སོ་ནས་རྙེད་པའི་ཟངས་ཆས་ཀྱི་རྒྱུ་ཆའི་ཁྱད་ཆོས་ཕྱོགས་ཡོངས་ནས་སྟོན་ཆེད། མཚོ་སྔོན་ཞིང་ཆེན་རིག་དངོས་གནའ་རྫས་ཞིབ་འཇུག་ཁང་གིས་རྒྱལ་ནང་གི་རིག་དངོས་བརྟག་དཔྱད་སྡེ་ཁག་ཆེ་གྲས་ལ་མཉམ་འབྲེལ་བྱས་ཏེ་སྔ་གཞུག་ཏུ་ཐེངས་གསུམ་བྱས་ནས་ཟངས་ཆས་31སྟེ་ཟངས་ཀྱི་མེ་ལོང་དང་ཟངས་ཀྱི་རྒྱན་ཆ། ཟངས་ཀྱི་ཨ་ལོང་། ཟངས་ཀྱི་མཛུབ་དཀྲིས། ཟངས་ཀྱི་གདུབ་གུ་སོགས་འདུས་པ་ལ་བརྟག་དཔྱད་བྱས་པ་དང་། མཇུག་འབྲས་ལྟར་ན། སྐར་མ་ཐང་གནའ་བོའི་བང་སོ་ནས་རྙེད་པའི་ཟངས་ཆས་ནང་དུ་ལྕགས་རིགས་མང་པོ་འདུས་པ་དང་། གཤའ་དང་འཁར་བའི་རིགས་གཙོ་བོ་ཡིན་ལ། སེན་ཟངས་ཀྱིས་ཀྱང་གོ་གནས་ཆེན་པོ་བཟུང་ཡོད་པ་རེད། ཟངས་ཆས་ཀྱི་བཟོ་རྩལ་ལ་ལུགས་རྒྱག་མ་ཟད། ད་དུང་ཚ་བཟོ་དང་འཁྱགས་སྣོན་གཉིས་ཀྱང་ཡོད་སྟབས། སྐབས་དེ་དུས་ཀྱི་ཟངས་ཆས་བཟོ་རྩལ་ལ་འཕེལ་རྒྱས་ཀྱི་དུས་རིམ་ངེས་ཅན་ཞིག་ཏུ་བསླེབས་ཚུལ་མཚོན་པ་རེད།
བང་སོ་ནས་རྙེད་པའི་རྫ་ཆས།
      སྐར་མ་ཐང་གནའ་བོའི་བང་སོ་ཡི་དམིགས་བསལ་ཁྱད་ཆོས་འབུར་ཐོན་ཡིན་པས། འདི་ནི་རྨ་ཆུའི་སྟོད་རྒྱུད་ཀྱི་ཆབ་ཆ་གཞོང་སའི་ཆི་ཅཱ་རིག་གནས་ཀྱི་དཔེ་མཚོན་དུ་བྱས་ཆོག་པ་རེད། རྗེས་ཤུལ་དང་བང་སོ་རྣམས་ཆུ་མཛོད་བསྐྱིལ་བ་ལས་བསྣུབས་ཡོད་ནའང་། དེ་ཉིད་སྔོག་འདོན་བྱས་ན། ཆི་ཅཱ་རིག་གནས་ཀྱི་ཁྱབ་ཚུལ་དང་ཁྱབ་ཁོངས་མི་འདྲ་བའི་རིག་གནས་ཁྱད་ཆོས་ལ་ཞིབ་འཇུག་གཏིང་ཟབ་བྱ་ཆོག་པར་མ་ཟད། ད་དུང་རྨ་ཆུའི་སྟོད་རྒྱུད་ཀྱི་འཁར་བའི་རིག་གནས་ཀྱི་འབྱུང་ཁུངས་དང་འཕེལ་རྒྱས་ལ་དངོས་པོའི་རྒྱུ་ཆ་གལ་ཆེན་འདོན་སྤྲོད་བྱས་ཡོད་སྟབས། ཞིབ་འཇུག་གི་རིན་ཐང་ཧ་ཅང་ཆེན་པོ་ལྡན།
འབྲེལ་ཡོད་འོས་སྦྱོར།