པདྨ་རྫོང་ཡར་ཐང་ཡུལ་ཚོའི་སྡེར་ནང་གྲོང་ཚོའི་ནག་ཐར་དཔོན་ཚང་གི་མཁར་ཤུལ།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2021-08-17
ཀློག་གྲངས།:
པདྨ་རྫོང་ཡར་ཐང་ཡུལ་ཚོའི་སྡེར་ནང་གྲོང་ཚོའི་ནག་ཐར་དཔོན་ཚང་གི་མཁར་ཤུལ།

མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པདྨ་རྫོང་ཁོངས་ཀྱི་སྨར་ཀླུང་རིང་མོའི་འབབ་རྒྱུན་དུ་གནའ་བོའི་བོད་ཀྱི་མཁར་ཤུལ་མང་པོ་མཐོང་དུ་ཡོད་ནའང་། ལོ་ཟླའི་འཁོར་སྐྱོད་ཀྱི་གོད་ཆག་དང་། ལོ་རྒྱུས་ཀྱི་བྱུང་བའི་ཆག་འཇིག རླུང་དང་ཉི་མའི་སྲད་འཛད་བཅས་ཀྱིས་རེ་ཞིག་མཐོང་རེག་གི་བསྐལ་དུ་མ་སྨིན་ཀྱང་། པདྨ་རྫོང་ཡར་ཐང་ཡུལ་ཚོ་རུ་ལོ་རྒྱུས་ཀྱི་དྲན་པ་གསོ་ཞིང་སྲོལ་རྒྱུན་རིག་གནས་ཀྱི་ཉིང་བཅུད་ཀྱིས་གཏམས་པ་ཞིག་མཆིས་པ་ནི། མགོ་ལོག་ནག་ཐར་གྱི་དཔོན་མཁར་ཡིན་ལ། དོན་དམ་དུ་དེ་ཉིད་གནའ་མཁར་ཅེས་ཀྱང་སྨྲ་བར་སྤོབས།

མགོ་ལོག་ནག་ཐར་གྱི་དཔོན་མཁར་ནི་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་པདྨ་རྫོང་ཡར་ཐང་ཡུལ་ཚོའི་སྡེར་ནང་གྲོང་ཚོ་རུ་ཡོད་ཅིང་། སྔ་དུས་ཀྱི《ཧན་ནུབ་མའི་སྲིད་རབས》དུ་མཚོ་བོད་མཐོ་སྒང་གི་ས་ཁུལ་དུ་དཔོན་མཁར་ཡོད་པར་འཁོད་ཡོད་ལ།《སཱེ་རྒྱལ་རབས་ཀྱི་རྒྱལ་སྐྱོང་རྣམ་ཐར》དུའང་། མཁར་ཁང་གི་དབྱིབས་དང་མཁར་ཁང་བཞེངས་སའི་ཁོར་ཡུག་གི་གནས་སོགས་གསལ་བོ་འཁོད་འདུག་པ་སྟེ། རི་ཡི་ཁུལ་དུ་གནས་བཅའ་སྟེ།། རྡོ་རྩིག་བསགས་པས་མཁར་ཁང་བསྐྲུན།། ཞེས་པ་དང་། ཉིན་སྲིབ་གཉིས་ལས་ཉིན་ངོས་དང་།། རྒྱབ་ལ་རི་བྲག་མདུན་ནི་ཆུ།།ཞེས་ཀྱང་འཁོད་ཡོད། མགོ་ལོག་ནག་ཐར་གྱི་དཔོན་མཁར་དག་ཀྱང་འདི་ལས་མ་འདས་ཤིང་། མཁར་གྱི་ལྟག་རྒྱབ་ཏུ་བརྟན་བརླིང་ཞིང་རི་བོ་ཅུང་ཟད་མཐོན་པོ་ཞིག་ཡོད་ལ། དེ་ཡིས་ཡིད་བརྟན་ཐུབ་པའི་དྲག་དབང་ཡང་ཆེས་ཆེར་མངོན་འདུག དེས་རྔམ་ཟིལ་ལྡན་པའི་ངང་གིས་རང་སྲུང་རྣམ་པ་ཞིག་མངོན་ཡོད་ལ། དེ་ནི་སྨར་ཁོག་གཙང་བོའི་འབབ་རྒྱུན་དུ་གནས་ཤིང་། གྲོང་མཁར་གྱི་ཉེ་འཁོར་དུ་རི་ཆུའི་ཁོ་ལག་ཡོངས་སུ་རྫོགས་ལ་ཉིན་སྲིབ་གཉིས་འཛོམས་དང་རླུང་ཆུ་ཀུན་འདུས་ཀྱི་སྣང་བ་ཞིག་ཀྱང་ངང་གིས་ཆགས་འདུག མགོ་ལོག་ནག་ཐར་གྱི་དཔོན་མཁར་ནི་གྲོང་མཁར་གཞན་ལས་ཅུང་མཐོ་སར་གནས་ཤིང་། རི་ལ་གཏད་ཅིང་ཆུ་ཡང་གམ་དུ་བཞུར་གྱིན་ཡོད་པས། ཁོང་གི་ཐོབ་ཐང་དང་དབང་དྲག་ཀྱང་དེ་ལས་ཤེས་ཐུབ།

པདྨ་རྫོང་གི་རིག་གནས་ལོ་རྒྱུས་སུ་འཁོད་པ་ལྟར། མགོ་ལོག་ནག་ཐར(1555-1640)ནི་མིང་རྒྱལ་རབས་ཀྱི་དུས་མཇུག་གི་མགོ་ལོག་ཁག་གསུམ་གྱི་དཔོན་པོ་ཆེས་ཆེ་ཤོས་དེ་ཡིན་ལ། ཁོང་གི་མེས་པོ་ནི་འཕགས་པ་ཐར(ཁོང་ནི་མིང་རྒྱལ་རབས་ཀྱི་གོང་མས་བསྐོས་པའི་དུད་ཚང་ཁྲི་ཡི་དཔོན་པོའང་ཡིན།)ཡིན། ཁོང་གི་ཡབ་ནི་མགོ་ལོག་པདྨ་འབུམ(ཁོང་ནི་མགོ་ལོག་སྨད་མའི་རྒྱལ་པོ་དང་པོའང་ཡིན།) ཡིན། ཁོང་གི་ཡུམ་ནི་བེ་རི་རྒྱལ་བོའི་ཉེ་དུ་ཞིག་ཀྱང་ཡིན། མགོ་ལོག་ནག་ཐར་ནི་དཔའ་མཛངས་ལྡན་ལ་དྲག་རྩལ་ཆེ་ཞིང་། སྐབས་དེའི་མདོ་ཁམས་ཀྱི་ས་ཁུལ་གཙོས་བོད་ཁམས་ཧྲིལ་བོར་སྙན་གྲགས་ཀྱི་བ་དམ་དགུང་དུ་མཆེད་པའི་དཔོན་པོ་ཞིག་ཀྱང་ཡིན། 《མགོ་ལོག་རུས་མཛོད》དུ་འཁོད་པ་ལྟར་ན། མགོ་ལོག་ནག་ཐར་ནི་སྔ་དུས་སུ་མགོ་ལོག་ས་ཁུལ་གྱི་དཔའ་སྤོབས་ཆེ་ཞིང་དབང་དྲག་བཙན་པའི་འཁྲུག་རྩོད་ལ་མངའ་བརྙེས་པ་ཞིག་ཡིན་སྟབས། མིང་རྒྱལ་རབས་མངའ་ཁོངས་རྒྱ་སྐྱེད་ཀྱི་དམག་སྡེ་ཡིས་མགོ་ལོག་ལ་དཔུང་འཇུག་གནང་སྐབས། སྐབས་དེར་མིང་རྒྱལ་རབས་ཀྱི་དམག་སྡེ་དེ་ཙམ་འཐོལ་པོ་མེད་རྐྱེན། མགོ་ལོག་ནག་ཐར་གྱིས་མིང་རྒྱལ་རབས་གྱི་དམག་སྡེ་ཕྱིར་འཐེན་བྱེད་དུ་བཅུག་པས། མིང་དམག་གི་གཡུལ་ལས་རྣམ་པར་རྒྱལ་བ་དེས་ཁོང་གི་མཚན་སྙན་སྔར་བའི་ཆེ་རུ་གྲགས་ལ། མགོ་ལོག་ཁག་གསུམ་གྱི་མཚན་སྙན་ཆེས་ཆེ་བའི་དཔོན་པོ་རུ་ཆགས། ཁོང་གི་མངའ་རིས་ནི་དེང་གི་པདྨ་རྫོང་དང་གཅིག་སྒྲིལ་རྫོང་ཡིན་ལ། ཟི་ཁྲོན་གྱི་ས་ཁུལ་ཁ་ཤས་ཀྱང་བཅད་བཟུང་བྱས་ཡོད། མགོ་ལོག་ནག་ཐར་གྱི་བར་དུས་སུ། ཁོང་རང་ཉིད་ཀྱི་དཔོན་མཁར་དུ་གསེར་བྲིས་ཀྱི་བཀའ་བསྟན་པོད་བཅུ་གཉིས་བྲིས་ཤིང་ལེགས་པར་གྲུབ་ལ། སྤྱི་ལོ1604ལོར་ཀརྨ་ཞྭ་ནག་པ་སྐུ་ཕྲེང་བཅུ་བ་ཆོས་དབྱིངས་རྡོ་རྗེ་མཆོག་མགོ་ལོག་ཏུ་སྐུ་འཁྲུངས་ཤིང་། མགོ་ལོག་ནག་ཐར་ཁོང་ཉིད་ནི་ཀརྨ་པ་ལ་ཐུགས་རྩིས་ཤིན་ཏུ་ཆེ་བས། ཁོང་གི་བཀའ་བཀོད་དང་ཐུགས་སྐྱོར་འོག་དབུས་ལྷ་ལྡན་ཞིང་དུ་བསྐྱལ་ཏེ་གཙང་པ་སྡེ་སྲིད་ཀྱི་བླ་མར་གྱུར། མགོ་ལོག་ནག་ཐར་གྱི་སྐུ་ཚེའི་མཇུག་སར། ཀརྨ་པ་ཡི་ཐུགས་འབྲེག་འོག་ཁོང་ཉིད་དང་གཙང་པ་སྡེ་སྲིད་ཀྱི་འབྲེལ་བ་དམ་ཟབ་ཏུ་ཆགས་ཤིང་། དེའི་རྐྱེན་གྱིས1639ལོར་གུ་ཧྲི་ཧན་གྱིས་སོག་དམག་གིས་མགོ་ལོག་ཏུ་དཔུང་འཇུག་གིས་བཙན་འཛུལ་བྱས་ཤིང་། མགོ་ལོག་ནག་ཐར་གྱིས་མགོ་འདོགས་མ་བྱས་པར་ཕར་ལ་དྲག་རྒོལ་བྱས་ཤིང་།1640ལོར་སོག་དམག་གི་མདའ་རྩེའི་འོག་ཁོང་ཉིད་ཀྱི་སྐུ་སྲོག་ཤོར། མཚོ་སྔོན་ཞིང་ཆེན་ཡར་ཐང་ཡུལ་ཚོའི་སྡེར་ནང་གྲོང་ཚོ་རུ་ད་དུང་ཡང་ཁོང་ཉིད་བཅའ་བཞུགས་གནང་བའི་མཁར་ཁང་ཡོད། མི་ལོ400ལྷག་གི་ལོ་རྒྱུས་ཀྱི་བྱུང་བ་གསལ་ཞིང་ལོ་ཟླའི་གོད་ཆག་ཁུར་དུ་ལྕི་བ་ཞིག་མྱོང་ཞིང་འོང་བའི་གནའ་ཤུལ་འདི་ཉིད་ནི། མགོ་ལོག་ས་ཁུལ་གྱི་བོད་ཀྱི་མཁར་ཤུལ་གྱི་ཚབ་མཚོན་ཞིག་ཡིན་ལ། ལོ་རྒྱུས་རིག་གནས་ཀྱི་ཤུལ་བཞག་གི་གཅེས་ནོར་ཞིག་ཀྱང་ཡིན།

མཁར་ཁང་གི་ཞབས་ངོས་ཀྱི་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ276.29ཡོད་ལ། འཛུགས་སྐྲུན་གྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ742.17ཡོད། རྒྱབ་བྱང་དང་མདུན་ལྷོ་ལ་གཏད་ཡོད། རྩེག་རིམ4ཡོད་ལ། མཐོ་ཚད་ལ་རྨིད12.25ཡོད། མཁར་ཁང་གི་སྲིད་ལ་རྨིད19.05དང་ཞེང་ལ་རྨིད20.4ཡོད། མཁར་ཁང་གི་གྲུབ་ཆ་གཙོ་བོ་རྡོ་རྩིག་ཡིན་ལ། གྱང་ངོས་རྡོ་ཡིན་ཞིང་ཤིང་ཟླུམ་གྱི་ཀ་བ་བྱས་ཤིང་། རྩེག་རིམ་དང་པོ་གཉིས་པའི་ས་ངོས་ནི་ས་སེར་ཡིན་ལ། གསུམ་པ་དང་བཞི་བའི་ས་ངོས་ནི་ཤིང་ལེབ་ཡིན། མཁར་ཁང་གི་རྩེག་རིམ་དང་པོ་རུ་སྒོ་ཕྱུག་འདོགས་ས་དང་བཙོན་ཁང་ཡིན་ལ། རྩེག་རིམ་གཉིས་པ་ནི་འབྲུ་མཛོད་བསྡུ་ཉར་དང་། འཁོལ་གཡོག་དང་དམག་མིའི་ཉལ་ཁང་དང་། ཟ་ཁང་བཅས་ཡིན། རྩེག་རིམ་གསུམ་པ་ནི་ཁོང་ཉིད་བཅའ་བཞུགས་གནང་ས་ཡིན་ཞིང་། རྩེག་རིམ་བཞི་བ་ནི་ཉི་ར་དང་མཆོད་ཁང་ཡིན། རྩེག་རིམ་གཉིས་པ་དང་གསུམ་པ་སོ་སོར་མདའ་གཡབ་དང་སྒོ་གཏན་པའི་ཁང་བ་ཡོད་ལ། ཕྱི་རིམ་གྱི་གྱང་ངོས་སུ་དགྲ་ལ་བལྟ་བའི་སོ་ལྟ་བྱེད་ས་དང་མདའ་འཕེན་སའང་ཡོད།

རྩེག་རིམ་དང་པོ་ནི་སྒོ་ཕྱུགས་འདོགས་ས་དང་བཙོན་ཁང་གིས་གྲུབ་ཅིང་། བཙོན་པ་དག་གཉིས་ཐོག་གི་སྒེའུ་ཁུང་ཆུང་བ་ལས་ཐག་པ་ལ་བསྟེན་ནས་བཙོན་ཁང་དུ་འབབ་དགོས་ཤིང་། གཅིག་ཐོག་གི་སྒེའུ་ཁང་ཆུང་ངུ་ལས་བཙོན་པ་ཚོར་བཟའ་བཅའ་དང་བཏུང་བྱ་སྤྲོད་དགོས། ཉིས་ཐོག་ནི་འབྲུ་རིགས་བསྡུ་ཉར་དང་གཡོག་པོ་དང་དམག་མིའི་ཟ་ཁང་དང་སྡོད་ཁང་ཡིན་ལ། ཁང་ཤག་གཉིས་ཀྱིས་གྲུབ་ཡོད། སུམ་ཐོག་ནི་བཅའ་བཞུགས་གནང་ས་ཡིན་ལ། གཙོ་བོ་བདག་པོ་བཞུགས་སའི་གནས་ཡིན་པས་རྒྱ་ཅུང་ཟད་ཆེ་ལ། མཁར་ཁང་གི་ཤག་ཁང་གལ་ཆེན་ཀྱང་ཡིན་སྟབས། ནང་ཆེན་དུ་ཐབ་ཀ་ཡོད་ལ། ཐབ་ཚང་དང་གསོལ་ཁང་བཅས་ཀྱང་འདི་རུ་ཡོད། ནང་ཆེན་དུ་འཛུལ་སྐབས་སྒོ་འགྲམ་དུ་ནོར་གྱི་ཀོ་བས་གཡོག་པའི་ཤིང་གི་འཁོར་ལོ་ཞིག་ཡོད་ལ། སུམ་ཐོག་གི་རྒྱབ་ལོགས་ན་ཉི་ར་དང་གཙང་སྤྱོད་ཁང་ཡོད། ཉི་ར་ནི་སོ་ལྟ་ཁང་ཡང་ཡིན། གཙང་སྤྱོད་ཁང་གི་བཤང་གཅུའི་སྙིགས་རྫས་ཐད་ཀར་སྒོ་ཕྱུགས་འདོགས་སའི་ལྟག་རྒྱབ་ཏུ་ལྷུང་འགྲོ། མཁར་ཁང་གི་ཆེས་དམའ་རིམ་ཡང་སྒོ་ཕྱུགས་འདོགས་ས་ཡིན། བཞི་ཐོག་ནི་མཆོད་ཁང་དང་ཉི་འོད་ཐོག་ཁང་ཡིན་ལ། མཆོད་ཁང་གི་སྒོ་དུས་རྒྱུན་དུ་གཏན་ཞིང་ཉི་ཁང་གི་སྒོ་དུས་རྒྱུན་དུ་ཕྱེ་ཡོད།མཆོད་ཁང་ནི་ཤིང་གིས་མཛེས་སྤྲས་བྱས་ཡོད་ལ་ནམ་རྒྱུན་སྒོ་གཏན་ཡོད། ཉི་འོད་ཐོག་ཁང་དུ་ཉི་མར་སྐེམ་ས་དང་ཉི་ར་ཡང་ཡིན་ཏེ། བཟའ་བཅའི་རིགས་ཉི་འོད་ཐོག་ཁང་དུ་སྐེམ་ཆོག་ལ་ཉི་འོད་འདང་ངེས་ཤིག་ཀྱང་འཕྲོ་རུ་འཇུག་ཐུབ། བཟའ་བཅའི་རིགས་སྒོ་ཕྱུགས་ཀྱིས་མི་བཟའ་བའང་ཁག་ཐེག་བྱ་ཐུབ། ཉི་ར་ནི་ཁྱིམ་ལས་ལས་ཆོག་པར་མ་ཟད་ཉི་མར་ལྡེ་བའི་གནས་ལེགས་པོ་ཞིག་ཀྱང་ཡིན།

གྱང་གི་ཕྱི་ངོས་ནི་རྡོ་རྩིག་ལས་གྲུབ་པ་ཡིན་པས། འགོག་སྲུང་གི་ནུས་ཆོད་བརྟན་པ་ཡོད། མཁར་ཁང་གི་འོག་རིམ་ནི་ཕྱུགས་ར་ཡིན་ལ། དེ་རུ་སྒེའུ་ཁང་ཆུང་ངུ་ཞིག་ལས་མེད་པ་ནི་ཕྱུགས་ལ་ལྟ་ས་དང་དབུགས་འགྲོ་སའང་ཡིན། མཐོ་རིམ་གྱི་བཅའ་བཞུགས་གནས་སའི་ཐོག་ཁང་གི་གྲལ་འགྲིག་པའི་སྒེའུ་ཁང་དེ་ཙམ་ཆེ་རྒྱུ་མེད་དེ། ཙག་རླུང་འགོག་པ་ལའང་ཕན་པ་རྒྱ་ཆེ་ལྡན། ཁང་པའི་ནང་ངོས་ལ་སྟབས་བདེ་བའི་ཤིང་རིགས་སྦྱར་ཡོད་པར་ཁང་གདན་བརྟན་པར་བཟོ་སྤྱད་ཡིན། ཁང་བའི་རྩིག་རིམ་ལ་གཞིགས་ཚེ། ཐོག་ཁང་གཞོགས་ཀྱི་འབར་འབུར་དོ་སྙོམས་མིན་ཞིང་། ཤར་དང་ནུབ་ཏུ་གཏད་པའི་གྱང་གི་སྙོམས་པ་དང་ལངས་གཟུགས་ཀྱིས་རྩ་གསུམ་ཟླུམ་གཟུགས་གྲུབ་ཡོད། གཅིག་ཐོག་ནས་བཞི་ཐོག་བར་དུ་གྱང་གཟུགས་རྩ་བ་མཐུག་ཅིང་རྩེ་ཕྲ་བའི་རྣམ་པར་ཆགས་ཡོད། ལྷོ་དང་བྱང་ལ་གཏད་པའི་ལངས་གཟུགས་ངོས་ཀྱི་གྱང་གཟུགས་ཀྱང་དེ་ལྟར་དུ་སྣང་། གྱང་ངོས་ཕན་ཚུན་མདའ་ཆ་འགྲིག་ཡིན་པས། གཅུ་འཁོར་སྒྲིག་སྲོལ་གྱི་གཟུགས་དབྱིབས་ཆགས་ཡོད། གྱང་གི་ཕྱི་ངོས་ནི་རྡོ་རྩིག་ཡིན་ལ། རྩིག་རིམ་བར་མཚམས་སུ་ཤིང་གདན་བཞག་སྟེ་རྩིག་པའང་ཡོད་གྱང་བརྟན་པོ་ཡིན་ལ་མཉེན་ཚིགས་རང་བཞིན་གྱི་མདུད་རིམ་ཡང་ཆགས་ཡོད།
དྲུག་པ། འགོག་སྲུང་གི་ནུས་པ།
མགོ་ལོག་ནག་ཐར་གྱི་དཔོན་མཁར་གྱི་གྱང་ལ་རང་གི་ཆགས་གྲུབ་ཀྱི་ཁྱད་ཆོས་ཀྱང་ཡན་གར་བ་ཡོད་དེ། གནས་མི་འདྲ་བ་རེར་ཟུར་མི་འདྲ་བའི་མདའ་ཁ་རེ་ཡོད་ཅིང་། མདའ་ཁ་རེ་རེ་ནི་དྲང་ཐིག་གཅིག་གི་སྟེང་དུ་མེད་པར། མདའ་ཁ་རེ་རེའི་ཕྱི་ཆུང་ནང་ཆེ་བས། ཕྱི་དགྲ་འགོག་པའི་ནུས་པ་ལྡན་ལ། ཕྱོགས་མང་པོའི་ཐད་དུ་ནས་ཀྱང་དགྲ་འགོག་གི་ཁྱད་ཆོས་ཞིབ་ཚགས་ངང་དོན་པོ་མངོན་ཡོད། དེ་ལས་ཀྱང་གཙོ་བོ་འདི་དག་མངོན་ཐུབ་སྟེ། གཅིག་ནས་འཛུགས་སྐྲུན་གྱི་སྙོམས་ངོས་ནི་གྲུ་བཞིའི་རྣམ་པར་བྱས་ཤིང་། སྲོལ་རྒྱུན་གྱི་སྡོད་དམངས་སྡོང་ཁང་གི་གྲུ་བཞི་ནར་དབྱིབས་ཀྱི་སྙོམས་ངོས་ཡིན་པས། ངང་ཐུང་གི་ཕར་རྒོལ་གནོན་ཤུགས་འཕྲི་བར་ཕན་པ་ཆེ་ཞིང་། ཕན་ཚུན་གྱི་རོགས་འདོགས་ལའང་ཕན་པ་མངོན་གསལ་ལྡན། གཉིས་ནས་གྲུབ་ཆ་ལུགས་མཐུན་ཡིན་པ་སྟེ། རྨིད་གཅིག་ཡས་མས་ཀྱི་སྲབ་མཐུག་ལྡན་པའི་རྡོ་རྩིག་གྲུབ་པ་ཡིན་སྟབས། རྡོ་རྩིག་གི་གྲུབ་གཞིར་བརྟན་བརླིང་རང་བཞིན་ལྡན་པར་མ་ཟད། སྲ་མོ་བརྟན་པོ་ཚད་དང་ལྡན་པ་ཡིན་པས། མེ་སྒྱོགས་ངེས་ཅན་ཀྱང་འགོག་པར་ནུས། གསུམ་ནས་སྒེའུ་ཁུང་ཆུང་ཆུང་ཡིན་ཏེ། གཅིག་ཐོག་གི་སྒོ་འཕར་ལའང་ཉིས་ཐོག་གིས་ཚོད་འཛིན་ཐུབ། བཞི་ནས་མཁར་ནང་གི་སྐས་ཀྱང་གཏན་འཇོག་གི་སྐས་མིན་པར་སྟབས་བདེའི་སྐས་ཡིན་པ། ལྔ་ནི་ཉིས་ཐོག་གི་སྒེའུ་ཁང་ནི་བཙོན་པ་ཐག་པར་བརྟེན་དེ་བཙོན་ཁང་དུ་འགྲོ་བའི་ལམ་ཡིན་པ་བཅས་སོ། །
མགོ་ལོག་ནག་ཐར་གྱི་དཔོན་མཁར་ནི་དུས་རབས་ཤིག་གི་དཔའ་བོའི་བྱུང་བ་ལོ་རྒྱུས་ཀྱི་ཤུལ་བཞག་ཅིག་དང་རིག་གནས་ཀྱི་རིན་ལྡན་ཤུལ་བཞག་ཅིག་ཡིན་པ་མ་ཟད། མཚོ་བོད་མཐོ་སྒང་གི་དམིགས་བསལ་གྱི་རིག་གནས་ཤུལ་བཞག་ཅིག་ཀྱང་ཡིན་ལ། མཚོ་བོད་མཐོ་སྒང་གི་ཡུལ་ཁོངས་རིག་གནས་ཀྱི་ལྷུ་ལག་ཅིག་ཡིན་པར་མ་ཟད། མི་རིགས་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོ་དང་འབྲེལ་བ་དམ་ཟབ་ཡོད་པའི་རིག་གནས་གནའ་ཤུལ་གྱི་གཅེས་ནོར་ཞིག་ཀྱང་ཡིན།
འབྲེལ་ཡོད་འོས་སྦྱོར།