༄༅། །མདོ་སྨད་ཡུལ་གྱི་སྒོ་མེ་དཀར་བརྗིད་ཅེས་པའི་མིང་ཇི་ལྟར་ཐོགས་ཚུལ་སྐོར་ལ་གསར་དུ་དཔྱད་པ།
རྩོམ་པ་པོ།:རྐྱང་རྩེ་རྡོར་ལྷུན།
ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ།
དུས་ཚོད།:2021-10-18
ཀློག་གྲངས།:
༄༅། །མདོ་སྨད་ཡུལ་གྱི་སྒོ་མེ་དཀར་བརྗིད་ཅེས་པའི་མིང་ཇི་ལྟར་ཐོགས་ཚུལ་སྐོར་ལ་གསར་དུ་དཔྱད་པ།
རྐྱང་རྩེ་རྡོར་ལྷུན།
[ནང་དོན་གནད་བསྡུས།] དཔྱད་རྩོམ་འདིར། འབྲེལ་ཡོད་བོད་རྒྱའི་ལོ་རྒྱུས་ཡིག་ཚང་སྐོར་དང་རང་གི་ལྟ་བ་གཉིས་གཞི་གཅིག་ཏུ་སྦྲེལ་ཏེ། མདོ་སྨད་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་གི་སྒོ་མེ་དཀར་བརྗིད་ཅེས་པའི་སའི་མིང་གི་ཐོགས་ཚུལ་ལ་གསར་དུ་དཔྱད་ཡོད།[གནད་ཚིག] རྒོད་མི། རྒོད་མེ། སྒོ་མེ། སྒར་གཞིས། སྒར་དམར། མཁར་གཞིས། མཁར་དམར། ཀ་ཞར། དཀར་བརྗིད།
སྒོ་མེ་ཞེས་པའི་ཚོ་ཁག་འདི་ནི་ད་ལྟའི་མཚོ་སྔོན་ཞིང་ཆེན་གྱི་མདོ་སྨད་རྨ་ཆུའི་ནུབ་རྒྱུད་དང་། མཚོ་སྔོན་པོའི་མཐའ་འཁོར་རམ། ཙོང་ལ་རིང་མོའི་རི་རྒྱུད་དག་ཏུ་འཕེལ་འགྱུར་བྱུང་བའི་ཚོ་ཁག་དག་ལ་ཟེར། སྒོ་མེ་དཀར་བརྗིད་ཅེས་པ་ནི་ད་ལྟའི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་གི་ཁོངས་གཏོགས་རྨ་ཆུའི་ནུབ་རྒྱུད་དུ་ཆགས་པའི་སྒོ་མེ་དཀར་བརྗིད་ཤང་ཞེས་པ་དེ་ཡིན། སྒོ་མེ་དཀར་བརྗིད་ཅེས་པའི་མིང་འདི་ནི་སྔོན་རྒྱའི་ལོ་རྒྱུས་དེབ་ཐེར་དག་ཏུ་རྒྱ་ཡིག་གི་ལམ་ནས་བྱུང་སྔ་བ་ཙམ་དུ་མཐོང་ཡང་། བོད་ཡིག་ནས་ནི་ཤིན་ཏུ་མཐོང་དཀོན་ཞིང་། མཐོང་ཐུབ་པ་འགའ་ཡང་སླད་མར་བརྩམས་འཕྱིས་པའི་བོད་ཀྱི་ལོ་རྒྱུས་ཆོས་འབྱུང་མཛད་མཁན་འགའི་ཡིག་ཚང་ཡིན་པས། ཕྱིས་བྱུང་གི་མིང་གི་འབྲི་སྟངས་ཐད་ཀྱང་དག་མིན་གྱི་དོགས་པ་ཆེ་བ་དང་། འགྲེལ་སྟངས་ཐད་ཀྱང་ལྷ་སྒྲུང་དང་ཆོས་ལུགས་ཀྱིས་ཤན་ཐེབས་པ་ཤུགས་ཆེ་ལ། དེ་དང་འདི་ཞེས་མཛུབ་མོ་རི་སྟོན་གྱིས་དཔྱད་པས་མཐའ་མ་འཁྱོལ་ཅིང་། དོན་དངོས་མཐར་ཕྱིན་གྱི་ཞུན་བརྡར་མ་ཆོད་པས་འགྲེལ་མཁན་རྣམས་ནི་མགོ་བོ་ཉོག་ཅིང་། ཉན་མཁན་རྣམས་ཀྱང་སོམ་ཉིའི་རྒྱ་རུ་ཚུད་པར་འགྱུར་བར་བློས་ཕྱོགས་ཏེ། འདིར། ཁོ་བོར་གླང་པའི་ཡ་སོ་དཔྱོད་པའི་དཔེ་ཟླར་འགྱུར་ཨེ་འགྲོ་སྙམ་པའི་ཡིད་གཉིས་སྐྱེས་སུ་འཇུག་ཀྱང་། ཡང་ཕན་ཙམ་སྙམ་པའི་ཀུན་སློང་གིས་ཡོངས་སུ་གཡོས་པས། ཆེད་དུ་རང་ནུས་ཅི་ལྕོགས་ཀྱིས་ལུང་རིགས་གཉིས་ཀྱི་ཆས་མིང་དེ་གཉིས་ཐོགས་དོན་ཐད་གསར་དུ་གླེང་འདོད་པ་ལ།
དང་པོ། ད་ལྟའི་སྒོ་མེ་ཞེས་པའི་སའི་མིང་གི་ཐོགས་དོན་ཐད་ཀྱི་འདོད་ཚུལ་སྐོར་གླེང་བ།
འདི་ལ«སྒོ་མེ་ཡུལ་གྱི་ལོ་རྒྱུས་གསལ་བའི་མེ་ལོང་།»ལས། “སྒོ་མེ་ཞེས་བྱ་བའི་མིང་འདི་ལ་བཤད་ཚུལ་གང་མང་ཞིག་མཆིས་མོད། འོན་ཀྱང་། མདོར་བསྡུས་ན་བཤད་ཚུལ་ལྔ་མཆིས། གཅིག་རྒོད(དགོ)རྩེ་རི་བོ་དང་མེ(མི)ཉག་མཆོད་རྟེན་གཉིས་ཀྱི་བསྡུས་མིང་ཡིན་ཟེར། གཉིས། སྒོ་ནི་མེ་ཁམས་ར་ལ་བླ་ཞེས་བོད་ཀྱི་རུས་ཆེན་ལྔའི་ཡ་གྱལ(བོད་དང་འ་ཞ)སྒོ་ཡིན་ཞིང་ཁམས་ནི་མེ་ཡིན་པས། རུས་དང་ཁམས་གཉིས་ལྷན་དུ་སྦྱར་ནས་སྒོ་མེ་ཞེས་ཚོ་བའི་མིང་དུ་གྲུབ་ཟེར། གསུམ། ལོ་རྒྱུས་དཔེ་དེབ་ཅིག་ཏུ་པྲ་འབྲུ་ལྡེ་གསུམ་པྲ་སྡེ་སྐོར་དང་ཆོས་རྒྱལ་མྱུ་གུ་གཙང་མ་བཅས་མདོ་སྨད་དུ་བྱོན་པའི་བླ་མ་པྲ་སྒོམ་པ་ཞེས་མཐུ་སྟོབས་དང་རྫུ་འཕྲུལ་ལ་མངའ་དབང་བསྒྱུར་བ་གང་གིས་ལྷ་སྲིན་གཞི་བདག་ཀུན་ལ་ཕན་པ་རྒྱ་ཆེར་སྒྲུབ་པའི་རྐྱེན་གྱིས་ཁོང་ལ་བུ་མོ་ཞིག་ཕུལ་བས་དེ་དང་འབྲེལ་བ་ལ་བུ་བརྒྱད་བྱུང་བའི་བུ་གསུམ་པ་གྲུབ་ཆེན་སྒོ་མེ་ཞེས་གྲགས་པ་དེས་བཟུང་བའི་གནས་དེར་སྒོ་མེ་བཏགས་པ་གྲགས་ཟེར། བཞི། གནའ་རབས་རྩོམ་པ་པོ་ཞིག་གིས་བརྩམས་ཡིག་ལས་སྒོ་མེ་ཞེས་པའི་ཐ་སྙད་བྱུང་བ་དེ་ཡིས་ཡུལ་མིང་ཐོགས་ཟེར། ལྔ། ལོ་སྟོང་ཕྲག་སྔོན་ལ། རྨ་བྱང་བར་བརྒྱུད་ལ་ནད་ཡམས་ཆེན་པོ་ཞིག་བྱུང་སྟེ། ནད་ཡམས་བཟློག་ཆེད་རྒོད་རྩེ་རྭ་བར་ལ་མེ་དཔུང་ཆེན་པོ་ཞིག་སྦར་བ་ལས། ཀུན་གྱིས་ས་དེར་སྒོ་མེ་ཞེས་པའི་ས་མིང་བཏགས་པས་མིང་དེ་ལྟར་བྱུང་ཟེར། གང་ལྟར་ཀྱང་། བཤད་ཚུལ་རྗེས་མ་རྣམས་ནི་བཤད་ཚུལ་མི་གཅིག་པ་མ་གཏོགས། དོན་གྱིས་གཅིག་རེད་འདོད། དཔེར་ན། ང་ཚོ་བོད་ཀྱིས་བྱིས་པར་མིང་འདོགས་ལུགས་ལ་མཚོན་ན། བྱིས་པ་བཙས་ཏེ་བང་ཞག་ཚང་རྗེས་བྱིས་པར་མིང་འདོགས་པ་ནི་སྲོལ་ལུགས་ཡིན་པ། བུ་བརྒྱད་བྱུང་བའི་བུ་གསུམ་པའི་མིང་ལ་གྲུབ་ཆེན་སྒོ་མེ་བ་བཏགས་ཚུལ་ལ་བལྟས་ན། གྲུབ་ཆེན་དང་སྒོ་མེ་ཞེས་པའི་མིང་ཚིག་དེ་ཐ་སྙད་གཉིས་དང་ཚིག་དོན་གཉིས་ཡིན་པ། དེར་དཔྱད་པ་བཏང་ན། ཐོག་མར་ས་དེ་གར་གྲུབ་ཆེན་པ་ཞིག་བྱུང་མྱོང་བ་དང་རྗེས་སུ་ཡང་སྒོ་མེ་ཞེས་པའི་མིང་ཞིག་ཀྱང་བྱུང་མྱོང་བའི་དབང་གིས་བུ་དེ་ལ་ཡང་མིང་དེ་ལྟར་ཐོགས་པ་རེད་བསམ།”[1]ཞེས་མཛད་པ་པོ་རང་གི་འདོད་ཚུལ་ཞིག་ཀྱང་ཞར་ལ་བརྗོད་འདུག འདོད་ཚུལ་དེ་ནི་མཛད་པ་པོ་ལགས་ཀྱིས་སྒོ་མེ་དམངས་ཁྲོད་ཀྱི་སྔགས་འཆང་རྒན་རབས་སྐོར་ཞིག་གི་ཞལ་ལས་ཐོས་པར་ཡིད་ཆེས་པར་ཡང་བསྟན་ཡོད་དེ། དེ་ཉིད་ལས“སྔགས་རྒན་འགས་གསུངས་པ་ལྟར་ན། ལོ་ངོ་སྟོང་ཕྲག་ཅིག་གི་ཡར་སྔོན་ལ། རྨ་ཆུའི་བྱང་བརྒྱུད་བར་ནད་ཡམས་ཆེན་པོ་ཞིག་བྱུང་སྟེ་གློ་བུར་དུ་མི་རྣམས་ཀྱི་ཚེ་སྲོག་ལ་གནོད་འཚེ་ཆེན་པོ་བཏང་། སྐབས་དེར་ཚན་རིག་མེད་པ་དང་སྨན་བཅོས་ཤིན་ཏུ་དཀོན་པས། མི་རྣམས་བྱ་ཐབས་བྲལ་བའི་སྐབས་དེར། ཁམས་ཕྱོགས(སྟོད་ཕྱོགས)ཀྱི་བླ་ཆེན་ཞིག་དང་སྔགས་པ་གཉན་པོ་གཉིས་ལ་ཕྱག་འཚལ་བཞིན་དུ་ནད་ཡམས་བཟློག་ཐབས་ཀྱི་སྐྱབས་འཇུག་ཡང་ཡང་ཞུས་པ་ན། ཁོང་གཉིས་ཀྱིས་སེམས་ཅན་རྣམས་ན་ཚའི་སྡུག་བསྔལ་ལས་སྐྱོབ་པའི་ཆེད་དུ། ཕྱོགས་བཞིར་གནས་སྐོར་དང་མཆོད་འབུལ་བྱས་མཐར་གསུངས་པ‘ནད་ཡམས་ནི་སྨད་ཕྱོགས་རོང་ས་ན་རྒོད་རྩེ་ཞེས་པའི་རི་གཉན་ཞིག་ཡོད་པ་དེ་ཡི་ཁིས་ཁ་ནས་རླུང་ཤུགས་ལྟར་འགོག་མེད་དུ་ཐོན་པ་རེད། གལ་ཏེ་ཁིས་ཁ་དེར་མེ་དཔུང་ཆེན་པོ་ཞིག་མ་སྦར་ན་ནད་ཡམས་བཟློག་ཐབས་དཀའ’ཞེས་གསུངས(དེ་སྐབས་རྒོད་རྩེ་རྭ་བར་ནི་ཤར་ཕྱོགས་ནས་ནུབ་ཕྱོགས་ལ་འགྲོ་བའི་འགྲུལ་ལམ་གལ་ཆེན་ཞིག་ཡིན)པས་མི་རྣམས་ཀྱིས་དེར་རྗེས་སུ་ཡི་རང་བྱས་ནས་མྱུར་དུ་མི་སྣ་བརྒྱ་ཕྲག་གཅིག་བཀོད་སྒྲིག་བྱས་ཏེ། སྔགས་པས་འགོ་དྲངས་ནས་མཉམ་དུ་རྒོད་རྩེ་རྭ་བར་ལ་སོང་སྟེ་ནགས་ཤིང་བྲེག་ཅིང་ཉིན་མཚན་མེད་པར་ཟླ་གཅིག་རིང་ལ་མེ་དཔུང་སྦར། ཁིས་ཁའི་ཉེ་འདབས་ཤིག་ཏུ་སྒྲུབ་ཁང་གཅིག་བསྐོས་ཏེ་སྔགས་གཉན་དེ་རུ་མཚམས་ལ་བཞུགས་ནས་སྔགས་སྒྲུབ་མཛད། ཁོང་གི་ཁ་ྚ་སྒོ་ཁར་བཙུགས་ཏེ་བཞག ཉིན་འགར་འགོར་རྗེས་ཁ་ྚ་རྩེ་ནས་མེ་སྟག་འཆལ(མཆེད)བ་དང་མེ་འབར་ཏེ་མེ་ལྕེ་མ་གཡོ་བར་ཁིས་ཁའི་མེ་དཔུང་ནང་དུ་ཐིམ་པའི་གྲུབ་རྟགས་བྱུང་། དེ་ནས་བཟུང་ནད་ཡམས་རིམ་གྱིས་ཞི་ཞིང་བཟློག་པ། རྗེས་མི་རྣམས་ཀྱིས་ནད་ཡམས་བཟློག་པ་དང་བླ་སྔགས་གཉིས་ཀྱིས་ཐུགས་རྗེ་བསྐྱངས་པར་རྗེས་དྲན་ཆེད་དུ། རྒོད་རྩེ་ཁིས་ཁ་དེ་དཔེར་ན་ནད་ཡམས་ཡོང་བའི་སྒོ་ཆེན་དང་མེ་དཔུང་སྦར་བ་ནི་ནད་ཡམས་འགོག་པའི་གཉེན་པོ་ཡི་ཚུལ་དུ་དཔེ་བཞག་ནས་སྒོ་མེ་ཞེས་ས་མིང་དུ་བཏགས་ཏེ་མི་རབས་ནས་མི་རབས་བར་ཡུན་རིང་བོར་བརྗེད་མེད་དུ་ཁྱབ་པ་བྱས། དེ་ནས་བཟུང་ཁྱིམ་ཚང་ནང་དུ་ན་ཚ་བྱུང་བའམ་དོགས་འཛེམ་དགོས་པའི་བྱ་ངན་རེ་བྱུང་ཚེ་སྒོ་ཁར་མེ་ལྕག་བརྒྱག་པ་སོགས་ཀྱི་སྲོལ་དར་བར་མ་ཟད། དགོན་སྡེ་དང་ལྷ་ཁང་བཅས་ཀྱི་སྒོ་ཁར་ཁ་ྚ་མེ་རི་འབར་བ་ཅན་འཛུགས་པའི་སྲོལ་ཡང་རང་བཞིན་དུ་དར་བ་ཡིན་ཟེར་རོ། །”[2]ཞེས་པ་དང་། ཡང“དེ(དེས)ན་སྒོ་མེ་ཞེས་པའི་མིང་དེ་ལྟར་ཇི་ལྟར་ས་ཆ་དང་ཚོ་སྡེ་ལ་ཐོགས་པ་རེད་ཅེ་ན། ལོ་འཁོར་དྲུག་བརྒྱའི་སྔོན་གྱི་ཡོན་རྒྱལ་རབས་སྐབས། དཔའ་རེ་ས་ཆའི་མི་ཉག་པ་དང་བོད་འབངས་ཤོག་ཁ་དག(དཔམ་དང་ཚོ་དཔོན། འབྲུ་ཀེ)རྒོད་རྩེ་རྭ་བར་ནས་ཚུར་ཡོང་སྟེ་དཀར་བརྗིད་བར་བརྒྱུད་དུ་གཞི་བཟུང་ཞིང་། དུས་ཡུན་ཅུང་ཙམ་འགོར་བས་དེའི་ནང་གི་ཁྱིམ་ཚང་ཁ་ཤས་ནུབ་ཕྱོགས་སུ་གཞི་སྤར་ཏེ་ཁོ་ཚོ་སྒོ་མེ་བ་ཡིན་ཞེས་ད་ལྟའི་སྒོ་མེ་བར་མའི་ཚོ་སྡེ་ནང་དུ་གཞི་ཆགས་པ་དང་། ཏིང་ཀྱཱ་བླ་མ་སྐུ་ཕྲེང་གསུམ་པ་མཛོ་སྣ་སྡེ་བའི་སྒ་སྐོར་ནང་དུ་སྐུ་འཁྲུངས་ཏེ་ཁོང་ཉིད་ཏིང་ཀྱཱ་དགོན་པར་གདན་དྲངས་རྗེས། ཁོང་གི་ཁྱིམ་སྐོར་འགའ་ཡང་བར་ཝོན་དུ་གཞི་སྤར་བར་འབྲེལ་ནས‘དཔམ་དང་ཚོ་དཔོན། འབྲུ་ཀེ’ཤོག་ཁའི་ཁྱིམ་ཚང་མང་བོ་ཞིག་ཀྱང་སྒོ་མེ་བ་ཡི་མིང་བཟུང་ནས་བར་ཝོན་དང་། འཁྱིལ་ཁུག ཆབ་ཆ་བར་བརྒྱུད་དུ་གནས་སྤར། མཱེན་གོ་སྐབས་ཀྱང་ཁྱིམ་ཚང་མི་ཉུང་བ་ཞིག་ཆོས་རྗེ་དང་ཆུ་སྔོན་དུ་སོང་བ་དང་གྲགས་བཎ་གྱིས་ཁྱིམ་ཚང་ཉི་ཤུ་ཁྲིད་དེ་ཤར་ཝ་ས་ཆར་སོང་བས་སྒོ་མེ་ཤར་ཝ་ཚོ་བ་ཆགས་པ་རེད།
དེ་ལྟར། དུས་ཡུན་རིང་བོའི་བར་མི་རྣམས་ཀྱི་གནས་སྤར་བར་བརྟེན་ནས་སྒོ་མེའི་མིང་ཡང་ཁོ་ཚོ་དང་མཉམ་དུ་གཞི་སར་ཁྱེར་བར་རིམ་གྱིས་ས་ཆའི་མིང་དང་རིགས་རྒྱུད་ཀྱི་མིང་དུ་གྱུར་པའོ། །”[3]ཞེས་བརྗོད་ཡོད་པ་སོགས་ལ་གཞིགས་ན། ལོ་རྒྱུས་མཛད་མཁན་ཁོང་རྣམ་གཉིས་ཀྱིས་དུས་ཡུན་རིང་བོར་ཆེད་དུ་སྒོ་མེ་ལོ་རྒྱུས་འབྲི་བར་དཀའ་ཚེགས་སྐུ་ངལ་གང་མང་མྱོང་མྱང་བ་རྟོགས་ཐུབ་པ་མ་ཟད། སྒོ་མེ་ཞེས་པའི་མིང་གི་ཐོགས་དོན་ཐད་དེ་བས་ཐུགས་ཞིབ་མོས་དཔྱད་པ་བཏང་བ་དང་། འབྲེལ་ཡོད་ཡིག་ཚགས་དང་ངག་རྒྱུན་གང་མང་ལ་གཞི་བཅོལ་ཏེ་ཁུངས་བཙུན་གང་ཐུབ་ཀྱིས་རྗེས་རབས་སྒོ་མེ་ལོ་རྒྱུས་ཞིབ་འཇུག་ཐད་མཛད་རྗེས་སྔ་ན་མེད་པ་འདི་འདྲ་བཞག་གནང་ཡོད་པ་འདི་ནི། མིག་སྔར་ཁོང་གཉིས་ཀྱི་ཕྱག་ཏུ་སོན་པའི་འབྲེལ་ཡོད་སྒོ་མེ་ལོ་རྒྱུས་ཀྱི་ཡིག་ཆའི་ཉིང་བཅུད་ཡིན་པ་སྨོས་མ་དགོས་པ་ལ། ད་ལྟའི་བར་སྒོ་མེ་ཞེས་པའི་ཐ་སྙད་ཀྱི་བྱུང་བ་བརྗོད་པའི་ཐད་ཀྱི་ཕྱོགས་སྡོམ་དང་བཞེད་སྟངས་འགངས་ཆེན་དག་ལགས་ཀྱང་། འདི་འདྲ་ཞིག་གིས་ད་དུང་ད་ལྟའི་སྒོ་མེ་ཞེས་པའི་མིང་འདི་ཐོགས་པ་ལ་ཁས་ལེན་གྱི་ལགས་སོ་ཞུ་དཀའ་ཙམ་འདུག
གཉིས་པ། སྒོ་མེ་ཞེས་པའི་ཐ་སྙད་དེ་བོད་ཀྱི་གདོད་མའི་ལོ་རྒྱུས་ཡིག་ཆའི་ཁྲོད་དུ་ཇི་ལྟར་བྱུང་ཡོད་ཚུལ་སྐོར་གླེང་བ།
སྒོ་མེ་ཞེས་པའི་ཐ་སྙད་འདི། བོད་ཀྱི་ལོ་རྒྱུས་ཆོས་འབྱུང་ཡིག་ཆ་སྔ་མ་དག་ལས་མིང་ཆ་ཚང་ཞིང་། ཡང་ན་མདོ་སྨད་ཀྱི་སྒོ་མེ་གང་འོག་བར་གསུམ་འདི་ལ་དམིགས་བཙུགས་ནས་དེ་ཡིན་གྱི་ཁ་མཚོན་བཅད་ཡོད་པ་ནི་ཤིན་ཏུ་མཐོང་དཀོན་མོད་ཀྱང་། ཡང“སྒོ”ཞེས་པའི་མིང་དེ“མེ”དང་འབྲེལ་ནས་བྱུང་སྔ་བ་མཐོང་སྟེ། དེ་ཡང«བོད་མི་བུ་གདོང་དྲུག་གི་རུས་མཛོད་མེ་ཏོག་སྐྱེད་ཚལ»ལམ«མགོ་ལོག་རུས་མཛོད»ལས། “མདོ་ཁམས་འདིར་ཐོག་མར་སྒོ་ལྷའི་རིགས་འདི་ངོས་འཛིན་ལ། སྒོ་ལྷ་ཡི་རིགས་དང་། རུས་རིགས་ཟེར་བའི་རྒྱུ་མཚན་ནི། ཁ་ཅིག་གོང་དུ་བཤད་པ་ལྟར(ཟེར་བ་འདི། གཤམ་གྱི«ཞང་བོད་ལོ་རྒྱུས་ཏི་སེའི་འོད»ལས་དྲངས་པའི་ལུང་དེ་དག་གོ། །)དང་། ཁ་ཅིག་ཏུ་སྔར་ལྷ་མིའི་བར་གྱི་དམུ་ཐག་ཡོད་དུས་ལྷ་དེ་མི་ཉག་བཞག་བཀྲ་ལྷ་རྩེར་དམུ་ཐག་ལས་བབས་ནས་དེའི་མི་རྒྱུད་དུ་རིམ་པར་མི་བྱུང་བ་ལས། མི་ཞིག་ས་དམར་མདོར་སླེབས་པ་ལ། མི་དེ་འཇང་ཡུལ་ཆུ་སྟོད་དུ་སོང་བ་དང་། སྒྲོལ་མ་ལྗང་ཀུའི་གནས་མཇལ་བྱས་པས་དེའི་ལྷ་ངོ་མ་ཤེས་པར། མི་ཉག་སྐད་དུ་ལྗང་ཀུ་ལ་དྷུ་ཞེས་ཟེར་བས། ཁོས་ལྷ་དྷུ་ཞིག་མཇལ་ཟེར་བས་མི་དེ་ལ་དྷུ་དྷུ་ཐོག་པའི་སྟེང་། དེའི་བརྒྱུད་པ་མང་དུ་ས་དེར་མཆེད་པ་ལ་དྷུའི་རིགས་ཟེར་བ་ཡིན་ལ། སྤྱིར་ནི་སྒང་དྲུག་ཆུ་བཞི་ཟེར་བའི་ས་ཡི་ཆར། བར་ཁམས་འདིར་སྒོ་ཡི་རིགས་འདི་མང་ལ”[4]ཞེས་དང་། ཡང“རུས་ཆེན་སྒོ་དེ་ལ་བྱེ་བྲག་ཏུ་དྷུ་ཆེན་རྒྱལ་མོ་ཚོ་བཅོ་བརྒྱད་ནི། འགར་ཉེ་འགོལ་གསུམ། གསུང་གསེར་འབྲེལ་གསུམ། ཇི་འབུམ་བཞག་གསུམ། ཤོལ་གསུམ་འཕྱང་གསུམ། གཅེས་སོང་དམ་གསུམ། ཕྱུག་པོ་བུ་གསུམ་སྟེ་བཅོ་བརྒྱད་ཡོད།”[5]ཅེས་པ་ལ། «ཞང་བོད་ལོ་རྒྱུས་ཏི་སེའི་འོད»ནས། “གནའ་རབས་ཀྱི་བོད་མིའི་འབྱུང་ཁུངས་སྐོར་ལ་བན་བོན་གཉིས་ཕྱོགས་ཐུན་མོང་དུ་བཤད་སྲོལ་ཡོད་པ་ཞིག་ནི། བོད་ཀྱི་ཡ་ཐོག་གི་མི་རྒྱུད་རྣམས་སྦྲ་དང་ལྡོང་། འབྲུ། སྒ་སྟེ་རུས་ཆེན་བཞིའམ་རྒོ་དང་བཅས་ཏེ་ལྔའམ། ཡང་ན་དབའ་ཡི་ཚན་དང་ཟླ་ཡི་ཚན་བཅས་ཏེ་བདུན་ནམ། ཡི་ཚན་གཉིས་གཅིག་ཏུ་བརྩིས་པས་དྲུག་ཏུ་འགྱུར་བ་དེ་རྣམས་དང”[6]ཞེས་པ་དང་། ཡང“རུས་མཛོད་པད་དཀར་སྐྱེད་ཚལ[ཤ2ཕ5]ལས། ‘དེ་ལས་རིགས་བཟང་བོ་རྣམས་ཀྱིས་རང་ཤུགས་ཀྱི་ལས་རྣམས་བསྒྲུབ་པ་དེའི(དེས)བོད་ཀྱི་ཡུལ་ལྷ་རྣམས་དྭངས་བ་ཆེན་པོའི(པོས)མཆོད་པས། དེ་དག་རྣམས་ལ་ཞིང་བོ་ཞེས་ཟེར་ལ། ཕྱིས་དེ་རྣམས་ཀྱི་རིགས་ལ་ཞིང་བོ་ལྷ་རིགས་རྒོ་ཡང་ཟེར་བར་མངོན་པས། ལྷ་རིགས་རྒོ་དང་བསེའི་ནང་གི་རིགས་གཙོ་བོ་བཟང་བོ་རྣམས་ལ་བསེ་ཁྱུང་སྦྲ། དེ་བཞིན་དུ་དམུ་ཡི་ནང་གི་རིགས་བཟང་པོ་གཙོ་བོ་རྣམས་ལ་དམུ་ཚ་རྒ། ལྡོང་གི་ནང་གི་རིགས་གཙོ་བོ་བཟང་པོ་རྣམས་ལ་ཨ་སྤོ་ལྡོང་། སྟོང་གི་ནང་གི་རིགས་གཙོ་བོ་བཟང་བོ་རྣམས་ལ་ཨ་ཐང་འབྲུ་ཞེས་བརྗོད་པ་འདིའོ། །’ཞེས་རིགས་གཙོ་བོ་འཛིན་མཁན་དེ་རྣམས་ལ་ལྷ་རིགས་རྒོ། བསེ་ཁྱུང་སྦྲ། དམུ་ཚ་སྒ། ཨ་སྤོ་ལྡོང་། ཨ་ཐང་འབྲུ་ཞེས་རིགས་ཀྱི་གཙོ་བོ་ལྔ་རུ་བཤད་པ་དང་། ཡང[ཤ3ཕ8]ལས། ‘རུས་ཆེན་འདི་དག་ལ་དོན་གྱི་མིང་ཡང་འདི་ལྟར་ཡོད། ལྡོང་ཆེ་གཉན་ཅན་ཞེས་རྒྱལ་ཆེན་མི་བཞི་སོགས་བྱུང་བ་ཆེ་གཉན་ཆེ། འབྲུ་བྱས་པ་ཅན་ཞེས་དགྲ་ལ་རྒོད་པ་དང་། རྒ་ཡིག་ཚང་ཅན་ཞེས་སློབ་གཉེར་ལ་མཁས་པ་དང་། སྦྲ་མིང་རྣ་ཅན་ཞེས་ཕྱུག་དཔལ་ཆེ་བ་སྟེ། ཞིང་རྒོ་ཞེས་པ་ལྷའི་རིགས་དང་ལྔ་ལ་རུས་ཆེན་སྡེ་ལྔ་ཟེར། རིགས་བཟང་པོ་རྣམས་འདི་ལྟར་ཡར་ཕུད་པའི་ལྷག་མ་རིགས་ངན་པ་ཐམས་ཅད་ཕྱིས་སུ་ཚན་གཉིས་སུ་བཅད་དེ། དེ་གཉིས་ལ་ནི་དཔའ་ཡི་ཚན་དང་ཟླ་ཡི་ཚན་ཞེས་དམངས་སམ་ཚ་ཞིང་གི་གཉིས་སུ་སྟེ་སྔར་དང་བདུན།’ཞེས་ལྡོང་དང་འབྲུ། རྒ། སྦྲ། རྒོ་བཅས་རུས་ཆེན་ལྔ་དང་། དེའི་སྟེང་དུ་དཔའམ་དང་དབལ་ཡི་ཚན་དང་། ཟླ་ཡི་མཚན(ཚན)བསྣན་པས་རུས་ཚན་བདུན་དུ་བཤད་ཡོད།”[7]ཅེས་དང་། ཡང་དེ་ཉིད་དུ“དེ་ཡང་འབྱུང་རྩིས་ཀྱི་གཞུང་ཉེར་མཁོ་བུམ་བཟང་སྡེ[ཤ2བ2]ལས། ‘གདོང་ནི་ས་ཁམས་ཤ་བར་བླ། འབྲུ་ནི་ཆུ་ཁམས་གཡག་ལ་བླ། སྦྲ་ནི་ལྕགས་ཁམས་རྐྱང་ལ་བླ། སྒོ་ནི་མེ་ཁམས་ར་ལ་བླ། སྒ་ནི་ཤིང་ཁམས་ལུག་ལ་བླ། དེ་རྣམས་རུས་ཆེན་སྡེ་ལྔ་ཡིན། ཞེས་པས་ལྡོང་དང་འབྲུ། སྦྲ། སྒོ། སྒ་བཅས་རུས་ཁམས་ཆེན་པོ་ལྔ་དང་།’”[8]ཞེས་པ་ལྟར་དང་། དེ་བཞིན་དུ། “རྩ་བའི་རུས་ཆེན་དེ་རྣམས་ཀྱི་མིང་རྣམས་ཡི་གེར་འགོད་སྟངས་ལའང་མི་འདྲ་བ་ཅི་རིགས་པ་ཞིག་བྱུང་ཡོད། དཔེར་ན་ལྡོང་ལ‘གདོང’ཞེས་པ་ལྟ་བུ་དང་། བསེ་ལ‘སེ’ཞེས་དང་སྦྲ་ལ‘དབྲ’དང་། འབྲུ་ལ‘འགྲུའམ་འདྲུ’ཞེས་པ་ལྟ་བུ་དང་རྨུ་ལ‘དམུ’ཞེས་པ་དང་། སྒ་ལ‘རྒའམ་དགའ’ཞེས་པ་དང་། དབལ་ལ‘དཔའ’ཞེས་པ་ལྟ་བུ་མངོན་མཐོང་དུ་ཡོད་པས་ཤེས་ཐུབ”[9]ཅེས་གསལ་བ་ལྟར། རྒོ་དང་སྒོ་ཞེས་པའི་རུས་སམ“སྒོ་ནི་མེ་ཁམས་ར་ལ་བླ།”ཞེས“སྒོ”དང“མེ”ཡི་ཐ་སྙད་འདི་གཉིས་བྱུང་མོད་ཀྱི། འདི་ལྟར་ན“འབྲུ་ཆུ”འམ། “སྦྲ་ལྕགས།” “སྒ་ཤིང”ཟེར་བའི་གནས་མིང་དང་ཚོ་བའི་མིང་ཡང་གང་མང་ཞིག་ཡོད་དགོས་མོད། འོན་ཀྱང་ད་ཡོད་ལོ་རྒྱུས་སྐོར་ནས་དེ་འདྲའི་མིང་ཐོགས་སྟངས་དེ་བག་ལ་ཞ་ཞིང་ཕལ་ཆེར་མཐོང་ཆོས་སུ་མ་གྲུབ་པ་དང་། དེ་བཞིན་ད་ལྟའི་མདོ་སྨད་མཚོ་སྔོན་གྱི“སྒོ་མེ”ཞེས་པའང“སྒོ་ལ་མེ་ཁམས་ར་ལ་བླ”དང་འབྲེལ་བ་ཨེ་ཡོད་སྙམ་ལ། གལ་ཏེ་འབྲེལ་བ་ཡོད་སྲིད་དུ་ཆུག་ཀྱང་དེ་ལྟར་ན་སྤྱིར་བོད་ཀྱི་རིགས་སྒོ་འདི་ཆགས་པའི་ཡུལ་ཁམས་ཡོངས་ལ་སྒོ་མེ་ཞེས་ཟེར་དགོས་པས་དེ་འདྲ་ཡང་ཐོས་དཀོན་པས། ད་ལྟའི་མདོ་སྨད་མཚོ་སྔོན་གྱི་སྒོ་མེ་ཞེས་པའང་འབྱུང་རྩིས་ལྟར“སྒོ་ལ་མེ་ཁམས་ར་ལ་བླ”ཞེས་པ་དང་འབྲེལ་བ་ཡོད་མེད་ཤིན་ཏུ་བཤད་དཀའ་བས། ད་དུང་དངོས་ཡོད་དང་འབྲེལ་ནས་བརྟག་ཅིང་དཔྱད་དགོས་པའི་ཚུལ་དུ་འདུག
གསུམ་པ། བོད་ཀྱི་ལོ་རྒྱུས་ཆོས་འབྱུང་ཁྲོད་དུ་ས་གནས་དངོས་དང་སྦྱར་བའི་སྒོ་མེ་ཞེས་པའི་ཐ་སྙད་དེ་དངོས་སུ་བྱུང་ཚུལ་སྐོར་གླེང་བ།
དེ་ཡང་མིག་སྔར་གྱི་སྒོ་མེ་ཞེས་པའི་ཐ་སྙད་འདིར་ཞིབ་འཇུག་བྱེད་པའི་ལོ་རྒྱུས་ཆོས་འབྱུང་གི་ཡིག་ཆའི་ཐད་བལྟས་ན། ད་ལྟའི་ཡུལ་མིང་དངོས་སུ་སྦྱར་ནས་བྱུང་བའི་བོད་ཀྱི་ལོ་རྒྱུས་ཆོས་འབྱུང་སྔ་ཤོས་ནི་ཕལ་ཆེར་སུམ་པ་མཁན་ཆེན་ཡེ་ཤེས་དཔལ་འབྱོར(1704ལོ་ནས1788ལོའི་བར)གྱིས་མཛད་པའི«མཚོ་སྔོན་ལོ་རྒྱུས་ཚངས་གླུ་གསར་སྙན»དང་། «ཆོས་འབྱུང་དཔག་བསམ་ལྗོན་དབང་།» བྲག་སྒོམ་པ་དཀོན་མཆོག་བསྟན་པ་རབ་རྒྱས(1801ནས་གཤེགས་ལོ་མི་གསལ)ཀྱིས་མཛད་པའི«མདོ་སྨད་ཆོས་འབྱུང་།»གསེར་ཏོག་ནོ་མིན་ཧན་བློ་བཟང་ཚུལ་ཁྲིམས(1845ལོ་ནས1915ལོའི་བར)ཀྱིས་མཛད་པའི«སྐུ་འབུམ་གདན་རབས།»སོགས་ལོ་རྒྱུས་ཆོས་འབྱུང་ཁག་ཡིན་པར་འདོད་དེ། དེ་ལ་སུམ་པ་མཁན་ཆེན་ཡེ་ཤེས་དཔལ་འབྱོར་གྱིས་མཛད་པའི«མཚོ་སྔོན་ལོ་རྒྱུས་ཚངས་གླུ་གསར་སྙན»ལས། “ཡང་ལྷོ་ངོས་སྒོ་མི་དང་བྱང་དུ་ཧར་གེར”[10]ཞེས་བྱུང་བ་དང་། ཡང་ཁོང་གི«ཆོས་འབྱུང་དཔག་བསམ་ལྗོན་དབང་།»ལས། “སྒོ་མའི་ཕྱོགས་སུ་མགོན་ཀྱ་ཆོས་རྗེས་བཏབ་སྒོ་མི་གྲགས་རྒན་སོགས་བཞུགས་སའི་འཆད་ཉན་དགོན་མཆོད་རྟེན་སྒ་ཞེས་པ་དང་རྒོད་ཚང་རི་ཁྲོད་སོགས་ཡོད།”[11]ཅེས་བྱུང་བ། དེ་བཞིན་བྲག་སྒོམ་པ་དཀོན་མཆོག་བསྟན་པ་རབ་རྒྱས་ཀྱི«མདོ་སྨད་ཆོས་འབྱུང་།»ལས། “སྒོ་མེ་ཀ་ཞར་བ་འབྲས་སྤུངས་ཀླུ་འབུམ་དཔལ་འབྱོར་རྒྱ་མཚོ་མཁས་གྲགས་ཅན་ཡིན་འདུག”[12]ཅེས་བྱུང་བ་དང་། གསེར་ཏོག་ནོ་མིན་ཧན་བློ་བཟང་ཚུལ་ཁྲིམས་ཀྱི«སྐུ་འབུམ་གདན་རབས།»ལས“ཁྲི་ཆེན་ང་དགུ་བ་མགོན་ཀྱཱ་མཁན་ཆེན་བློ་བཟང་ཚུལ་ཁྲིམས་བསམ་གཏན་ནི། སྒོ་མེ་ཚོ་བདུན་ནང་ཚན་དཀར་རྫིང་ངམ་སྒར་དམར་སྡེ་བར་ཡབ་བསོད་ནམས་སྟོབས་ཀྱིས་བརྗིད་པ་དཀར་བརྗིད་དཔོན་པོ་བསོད་ནམས་བསྟན་འཛིན་དང་ཡུམ་སྒྲོལ་མ་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་བཞི་པའི་སྒྱུར་བྱེད་ཅེས་པ་ས་ཕག་ལོར་མཛེས་སྐུ་མངོན་པར་འཁྲུངས”[13]ཞེས་བྱུང་བ་དག་ནི་བོད་ཀྱི་ལོ་རྒྱུས་ཡིག་ཚང་སྔ་མ་དག་ཡིན་པར་མངོན་ཏེ། འདི་དག་ལས་སྐབས་དེར་ད་དུང་སྒོ་མེ་ཞེས་པའི་ཐ་སྙད་འདིའི་གཅིག་གྱུར་གྱི་འབྲི་སྟངས་མ་ཆགས་པ་རྟོགས་ཐུབ་ལ། དེ་ལས་སྔ་བའི་སྒོ་མིའམ་སྒོ་མེ་ཞེས་པའི་ཐ་སྙད་བྱུང་བའི་བོད་རང་གི་ལོ་རྒྱུས་ཀྱི་ཡིག་ཚང་ཡང་མིག་སྔར་སུ་དང་གང་གི་ཕྱག་ཏུ་སོན་པའི་ཡིག་ཆ་མ་མཐོང་ངོ་།།
བཞི་བ། རྒྱའི་ལོ་རྒྱུས་ཡིག་ཚང་ཁྲོད་དུ་ད་ལྟའི་སྒོ་མེ་ཞེས་པའི་ཐ་སྙད་འདི་ཇི་ལྟར་བྱུང་ཡོད་ཚུལ་སྐོར་གླེང་བ།
འདི་ལ«ཡིག་ཚང་ཁྲོད་ཀྱི་སྒེ་མེ་ཚོ་བ་དང་དེའི་ལོ་རྒྱུས་འཕེལ་རིམ།»ཞེས་པ་ལས། ཆིང་རྒྱལ་རབས་སྐབས་ཀྱི་གོང་མ་ཁང་ཤིས་སམ་བདེ་སྐྱིད་རྒྱལ་པོའི་དུས་སུ་བརྩམས་གནང་མཛད་པའི«མིང་ཐེ་ཙོང་དངོས་བཤུས»ཞེས་པའི་དེབ་དེའི་བམ་གྲངས༢༡༧པར་སྒོ་མེ་ཚ་ཞེས་པའི་ཚིག་དུམ་མཐོང་དུ་ཡོད་ལ། འདི་ནི་སྒོ་མེ་ཞེས་པའི་ཚོ་ཁག་འདིའི་མིང་ཐོག་དང་པོར་ལོ་རྒྱུས་ཡིག་ཚང་དུ་འཁོད་པ་ཡིན་ཤས་ཆེ།[14]ཞེས་པ་ལྟར་དང་། ཡང«སྒོ་མེ་སྟོང་དཔོན་གྱི་ལོ་རྒྱུས་གཅེས་བཏུས»ཞེས་པར། སྒོ་མེ་ཚོ་བ་ནི་ལོ་རྒྱུས་ཤིན་ཏུ་རིང་བའི་བོད་ཀྱི་ཚོ་བ་ཞིག་ཡིན། ཚོ་ཁག་འདིའི་མིང་ནི་ཡོན་རྒྱལ་རབས་མཇུག་དང་། མིང་ཆིང་དུས་སྐབས་ཀྱི་རྒྱའི་ལོ་རྒྱུས་ཡིག་ཚང་དུ་ཐོག་མར་བཀོད་ཡོད་པ་སྟེ། ཆེས་ཐོག་མའི་མིང་ནི«མིང་ཐེ་ཙོང་དངོས་སྲོལ»«明太宗实条»དཔེ་དུམ༢༡༧པར། སྒོ་མེ་བུ་ཚ(郭迷卜砸)ཞེས་བྱུང་ལ། རྗེས་སུ་སྒོ་མེ་རིགས思郭迷族ཞེས་སུའང་བྱུང་བ་ལྟར་རེད། དེ་ལྟར་ན་སྒོ་མེ་ཞེས་པའི་མིང་དངོས་སུ་ལོ་རྒྱུས་ཡིག་ཚང་དུ་བྱུང་དུས་ནི་འདི་ནས་ལོ་རབས600སྔོན་གྱི་ཡོན་རྒྱལ་རབས་མཇུག་རེད།[15]ཅེས་དང་། (རྒྱའི་ཡིག་ཚང་ལ་ལར་སྣང་རའི་མིང་དུ思囊拉དང་། མདོ་སྨད་ལ朵思麻ཞེས་བྲིས་ཡོད་པ་ལས思ནི་ས་མགོ་ཡིན་པ་ཐག་གིས་ཆོད།) ཡང«སྒོ་མེ་ཡུལ་གྱི་ལོ་རྒྱུས་གསལ་བའི་མེ་ལོང་།»ལས། “«ཟི་ལིང་སྲིད་རྒྱུས་གསར་བ»(«西宁府新志»)ཞེས་པའི་ཚན་པ19བའི་ཟིན་བྲིས་ལྟར་ན། སྔོན་སྤྱི་ལོ1380ལོའི་སྔོན་རོལ་དུ་སྒེ་མེ་ཚོ་བ་གྲུབ་ཟིན་པ་དང་།” ཞེས་དང་། “མཱེན་རྒྱལ་རབས་དང་ཆཱིན་རྒྱལ་རབས་ཀྱི་ཟིན་བྲིས་ལས་ཀྱང་སྒོ་མེ་ཚོ་སྐོར་དགུ(郭密九族)ཞེས་བཀོད་འདུག”[16]ཅེས་པའམ། «གྲོ་ཚང་བོད་ཀྱི་བྱུང་བ་བརྗོད་པ»ལས“སུང་རྒྱལ་རབས་ཀྱི་རྒྱའི་ལོ་རྒྱུས་ཡིག་ཆ་ཁག་ལ་གཞིགས་ཏེ། ཙོང་ཁའི་རྒྱལ་པོ་ཐོག་མ་རྒྱལ་སྲས་ལགས་སྐུ་འདས་རྗེས།(སྤྱི་ལོ1032ནས1083ལོའི་བར)སྲས་གསུམ་པ་དོན་བཙན་ཁྲིར་བཀོད་ཚུལ་དང་། རྗེས་མངའ་རིས་བུ་སྐལ(鄂特凌古,又译阿里骨)ཀྱི་དོན་བཙན་ཡབ་སྲས་བཀྲོངས་རྗེས་རང་གིས་སྲིད་དབང་བཟུང་ཚུལ་དང་། དེ་ནས་ལྐོག་ཏུ་རྒྱལ་སྲས་ལགས་ཀྱི་ཚ་བོ་རྨ་ཆུའི་ལྷོ་རྒྱུད་ཀྱི系巴温སྲས་དཔའ་བོའི་གོ་ས་བརླགས་རྗེས། སྲས་དཔའ་བོ་རྨ་ཆུའི་ལྷོ་རྒྱུད་དང་བྲལ་ནས默伯部ཡི་འགོ་བར་གྱུར”[17] (དེབ་ཏུ默伯部ཆགས་ཡུལ་ནི་གྱི་ཐང་གི་ནུབ་དང་རྨ་ཆུའི་ནུབ་ཅེས་ད་ལྟའི་མཚོ་ལྷོ་ཁུལ་ལ་ངོས་བཟུང་འདུག་ཅིང་། 默伯部ནི་ད་ལྟའི་སྒོ་མེའི་རིགས་ཡིན་པར་ངོས་བཟུང་འདུག དེས་ན默伯部ནི་སྒོ་མེའི་ཡབ་མེས་དག་ཡིན་ནམ། དེ་ལ་བོད་སྐད་དུ་མི་དཔལ་ལམ་མི་དཔམ་སྡེ་ཟེར་བ་ཨེ་ཡིན་ནམ)ཚུལ་བྲིས་ཡོད་པར་གཞིགས་ན། ཐོག་མར་སྒོ་མེ་ཚོ་བ་འདི默伯部ཡི་ཁོངས་སུ་འདུས་ཤིང་བོད་སིལ་བའི་རྗེས་ཀྱི་ས་སྐྱའི་སྲིད་དབང་སྐབས་ནས་དངོས་སུ་སྲིད་ཀྱི་གོ་གནས་སུ་འགྲེང་བ་ཨེ་ཡིན་སྙམ་སྟེ། རྒྱུ་མཚན་ནི། ཡང་དེ་ནང“西宁蕃族经过唐五代和宋、金、夏、元的演变到了明初开始称‘西宁十三族’”[18]ཞེས་པ་དང་། ཡང“十三族分别是:一、郭密族”[19]ཞེས་པ་ལས་ང་ཚོར་སྐབས་དེ་དུས་ནས་ད་གཟོད་གཞི་ནས་སྒོ་མེ་ཚོ་བ་འདི་མདོ་སྨད་ཀྱི་སྲིད་ཀྱི་གོ་གནས་ཀྱི་ཆ་ཤས་སུ་རྟོགས་པའི་མངའ་ཁོངས་ཤིག་ཏུ་གྲུབ་ཟིན་པའི་ངེས་ཤེས་སྟེར་བས་སོ། །
ལྔ་བ། དོན་དངོས་སུ་ད་ལྟའི་སྒོ་མེ་ཞེས་པའི་གནས་མིང་འདི་ཇི་ལྟར་ཐོགས་པའི་སྐོར་གྱི་མཐའ་དཔྱོད།
༡ མིག་སྔར་སྒོ་མེའི་མིང་གི་ཐོགས་དོན་ཐད་ཀྱི་འདོད་ཚུལ་སྔ་དང་བཅས་པའི་སྐོར་གླེང་བ།
དེ་ལྟར་བོད་སྤྱིའི་རུས“སྒོ”ཞེས་པ་ནི། གོང་དུ་དྲངས་པའི«ཞང་བོད་ལོ་རྒྱུས་ཏི་སེའི་འོད»ནས། “གནའ་རབས་ཀྱི་བོད་མིའི་འབྱུང་ཁུངས་སྐོར་ལ་བན་བོན་གཉིས་ཕྱོགས་ཐུན་མོང་དུ་བཤད་སྲོལ་ཡོད་པ་ཞིག་ནི། བོད་ཀྱི་ཡ་ཐོག་གི་མི་རྒྱུད་རྣམས་སྦྲ་དང་ལྡོང་། འབྲུ། སྒ་སྟེ་རུས་ཆེན་བཞིའམ་རྒོ་དང་བཅས་ཏེ་ལྔའམ། ཡང་ན་དབའ་ཡི་ཚན་དང་ཟླ་ཡི་ཚན་བཅས་ཏེ་བདུན་ནམ། ཡི་ཚན་གཉིས་གཅིག་ཏུ་བརྩིས་པས་དྲུག་ཏུ་འགྱུར་བ་དེ་རྣམས་དང”ཞེས་པ་དང་། ཡང“རུས་མཛོད་པད་དཀར་སྐྱེད་ཚལ་ལས[ཤ2ཕ5]ལས། ‘དེ་ལས་རིགས་བཟང་བོ་རྣམས་ཀྱིས་རང་ཤུགས་ཀྱི་ལས་རྣམས་བསྒྲུབ་པ་དེའི(དེས)བོད་ཀྱི་ཡུལ་ལྷ་རྣམས་དྭངས་བ་ཆེན་པོའི(པོས)མཆོད་པས། དེ་དག་རྣམས་ལ་ཞིང་བོ་ཞེས་ཟེར་ལ། ཕྱིས་དེ་རྣམས་ཀྱི་རིགས་ལ་ཞིང་བོ་ལྷ་རིགས་རྒོ་ཡང་ཟེར་བར་མངོན་པས། ལྷ་རིགས་རྒོ་དང་བསེའི་ནང་གི་རིགས་གཙོ་བོ་བཟང་བོ་རྣམས་ལ་བསེ་ཁྱུང་སྦྲ། དེ་བཞིན་དུ་དམུ་ཡི་ནང་གི་རིགས་བཟང་པོ་གཙོ་བོ་རྣམས་ལ་དམུ་ཚ་རྒ། ལྡོང་གི་ནང་གི་རིགས་གཙོ་བོ་བཟང་པོ་རྣམས་ལ་ཨ་སྤོ་ལྡོང་། སྟོང་གི་ནང་གི་རིགས་གཙོ་བོ་བཟང་བོ་རྣམས་ལ་ཨ་ཐང་འབྲུ་ཞེས་བརྗོད་པ་འདིའོ། །’ཞེས་རིགས་གཙོ་བོ་འཛིན་མཁན་དེ་རྣམས་ལ་ལྷ་རིགས་རྒོ། བསེ་ཁྱུང་སྦྲ། དམུ་ཚ་སྒ། ཨ་སྤོ་ལྡོང་། ཨ་ཐང་འབྲུ་ཞེས་རིགས་ཀྱི་གཙོ་བོ་ལྔ་རུ་བཤད་པ་དང་། ཡང[ཤ3ཕ8]ལས། ‘རུས་ཆེན་འདི་དག་ལ་དོན་གྱི་མིང་ཡང་འདི་ལྟར་ཡོད། ལྡོང་ཆེ་གཉན་ཅན་ཞེས་རྒྱལ་ཆེན་མི་བཞི་སོགས་བྱུང་བ་ཆེ་གཉན་ཆེ། འབྲུ་བྱས་པ་ཅན་ཞེས་དགྲ་ལ་རྒོད་པ་དང་། རྒ་ཡིག་ཚང་ཅན་ཞེས་སློབ་གཉེར་ལ་མཁས་པ་དང་། སྦྲ་མིང་རྣ་ཅན་ཞེས་ཕྱུག་དཔལ་ཆེ་བ་སྟེ། ཞིང་རྒོ་ཞེས་པ་ལྷའི་རིགས་དང་ལྔ་ལ་རུས་ཆེན་སྡེ་ལྔ་ཟེར། རིགས་བཟང་པོ་རྣམས་འདི་ལྟར་ཡར་ཕུད་པའི་ལྷག་མ་རིགས་ངན་པ་ཐམས་ཅད་ཕྱིས་སུ་ཚན་གཉིས་སུ་བཅད་དེ། དེ་གཉིས་ལ་ནི་དཔའ་ཡི་ཚན་དང་ཟླ་ཡི་ཚན་ཞེས་དམངས་སམ་ཚ་ཞིང་གི་གཉིས་སུ་སྟེ་སྔར་དང་བདུན།’ཞེས་ལྡོང་དང་འབྲུ། རྒ། སྦྲ། རྒོ་བཅས་རུས་ཆེན་ལྔ་དང་། དེའི་སྟེང་དུ་དཔའམ་དང་དབལ་ཡི་ཚན་དང་། ཟླ་ཡི་མཚན(ཚན)བསྣན་པས་རུས་ཚན་བདུན་དུ་བཤད་ཡོད།” ཅེས་དང་། ཡང་དེ་ཉིད་དུ“དེ་ཡང་འབྱུང་རྩིས་ཀྱི་གཞུང་ཉེར་མཁོ་བུམ་བཟང་སྡེ་ཤ2བ2ལས། ‘གདོང་ནི་ས་ཁམས་ཤ་བར་བླ། འབྲུ་ནི་ཆུ་ཁམས་གཡག་ལ་བླ། སྦྲ་ནི་ལྕགས་ཁམས་རྐྱང་ལ་བླ། སྒོ་ནི་མེ་ཁམས་ར་ལ་བླ། སྒ་ནི་ཤིང་ཁམས་ལུག་ལ་བླ། དེ་རྣམས་རུས་ཆེན་སྡེ་ལྔ་ཡིན།ཞེས་པས་ལྡོང་དང་འབྲུ། སྦྲ། སྒོ། སྒ་བཅས་རུས་ཁམས་ཆེན་པོ་ལྔ་དང་།’”ཞེས་པ་ལྟར་དང་། དེ་བཞིན་དུ། “རྩ་བའི་རུས་ཆེན་དེ་རྣམས་ཀྱི་མིང་རྣམས་ཡི་གེར་འགོད་སྟངས་ལའང་མི་འདྲ་བ་ཅི་རིགས་པ་ཞིག་བྱུང་ཡོད། དཔེར་ན་ལྡོང་ལ‘གདོང’ཞེས་པ་ལྟ་བུ་དང་། བསེ་ལ‘སེ’ཞེས་དང་སྦྲ་ལ‘དབྲ’དང་། འབྲུ་ལ‘འགྲུའམ་འདྲུ’ཞེས་པ་ལྟ་བུ་དང་རྨུ་ལ‘དམུ’ཞེས་པ་དང་། སྒ་ལ‘རྒའམ་དགའ’ཞེས་པ་དང་། དབལ་ལ‘དཔའ’ཞེས་པ་ལྟ་བུ་མངོན་མཐོང་དུ་ཡོད་པས་ཤེས་ཐུབ”ཅེས་གསལ་བ་ལྟར། རྒོ་དང་སྒོ་ཞེས་པའི་རུས་ནི་བོད་གདོད་མའི་དུས་ནས་ཡོད་པར་མངོན་ལ། དེ་བཞིན་དུ“སྒོ་ནི་མེ་ཁམས་ར་ལ་བླ།”ཞེས“སྒོ”དང“མེ”ཡི་ཐ་སྙད་འདིའང་ཡོད་པ་མ་ཟད། «བོད་མི་བུ་གདོང་དྲུག་གི་རུས་མཛོད་མེ་ཏོག་སྐྱེད་ཚལ»ལས། “སྤྱིར་ནི་སྒང་དྲུག་ཆུ་བཞི་ཟེར་བའི་ས་ཡི་ཆར། བར་ཁམས་འདིར་སྒོ་ཡི་རིགས་འདི་མང་ལ”ཞེས་པ་སོགས་ལས། ད་ལྟའི་མདོ་སྨད་མཚོ་སྔོན་གྱི“སྒོ་མེ”ཞེས་པའི་མིང་འདིའི་ཡོངས་ཁུངས་ལའང་དེ་མཐུན་གྱི་འདོད་པས་ཆོག་ཤེས་སུ་བྱས་པས་མི་འོས་པ་གང་ཡང་མ་མཆིས་མོད་ཀྱང་། དེ་ལ་རྡོ་བིས་དགེ་བཤེས་ཤེས་རབ་རྒྱ་མཚོས།“རང་གིས་དཔྱད་པས་ངེས་པ་མ་རྙེད་པར། །ཟེར་སྒོས་བཏུས་པའི་ལམ་གྱིས་འཚང་མི་རྒྱ། །དེ་ཕྱིར་གང་ལའང་སོ་སོ་རང་རིག་ཏུ། །གསོག་གསོབ་སྤངས་པའི་གདེང་ཞིག་བཙལ་ན་འཚེངས། །”ཞེས་པ་ལྟར་དང་། ཡང«རླངས་ཀྱི་པོ་ཏི་བསེ་རུ»ལས“ལར་སྐྱེས་མི་ཡིས་རང་གི་སྐྱེས་རྒྱུད་མ་ཤེས་ན། །ནགས་གསེབ་གང་དགར་རྒྱུ་བའི་སྤྲེལ་འཁྱམས་འདྲ། །རིགས་རུས་ཆོ་འབྲང་གང་ཡིན་མ་ཤེས་ན། །གཡུ་འབྲུག་ཟོལ་མ་བཅས་པའི་དབྱིབས་དང་འདྲ། །ཡབ་མྱེས་རྣམ་པའི་ཡིག་ཚང་མ་ཤེས་ན། །མོན་ཕྲུག་ཡུལ་བོར་དོན་མེད་ཡན་པ་འདྲ། །”ཞེས་པ་ལྟར་རང་གིས་རང་གི་ཕ་ངོ་ཡང་དག་འཕྲོད་པ་ཞིག་ཅིས་ཀྱང་འདོད་པ་བཞིན་དེ་ཙམ་གྱིས་ད་དུང་ཡིད་མི་ཚིམ་ཞིང་། ལྷག་པར་ཡང་། “ལྷ་རིགས་སྒོ”ཞེས་པའི་ཆེ་བརྗོད་ཀྱི་ཐ་སྙད་འདི་བོད་རྒྱའི་ཡིག་ཚང་གང་ལས་ཀྱང་བག་ལ་ཞ་ཞིང་། “སྒོ་མེ”ཞེས་པའི་ད་ལྟའི་གནས་མིང་འདི་དེ་བས་མིང་ཙམ་དུ་སོང་བ་ལ། མདོ་སྨད་ཀྱི་ཆོས་འབྱུང་སྔ་ཤོས«ཆོས་འབྱུང་དཔག་བསམ་ལྗོན་དབང»ལས་ཀྱང་སྒོ་མི་སོགས་གང་རུང་བྲིས་ཡོད་པ་ལྟར་མིང་འདི་ལ་གང་འབྲི་ངེས་པ་མེད་པར་གཞིགས་ན། རྗེས་ཀྱི་མཁས་པ་མང་པོས་ཀྱང་རང་གི་འདོད་ཚུལ་ལྟར་མིང་འདི་ལ་རྭ་ལ་གསེར་གྱིས་ཤན་ཐུབ་མིན་གང་འགྲིག་བྱས་ཡོད་པ་ཐག་གིས་ཆོད། གལ་ཏེ། ཆེས་ཐོག་མའི་སྒོ་མེའི་མིང་ནི«མིང་ཐེ་ཙོང་དངོས་སྲོལ»«明太宗实条»གྱི་སྒོ་མེ་བུ་ཙ(郭迷卜砸)ཞེས་པ་དང་། རྗེས་སུ་སྒོ་མེ་རིགས思郭迷族ཞེས་བྱུང་བ་ལ་དཔོག་ན། (思郭迷族ཞེས་པ་ནི་རྒྱའི་ཡིག་ཚང་ལ་ལར་སྣང་རའི་མིང་དུ思囊拉དང་། མདོ་སྨད་ལ朵思麻ཞེས་བྲིས་ཡོད་པ་ལྟར思ནི་ས་མགོ་ཡིན་པ་རྟོགས་ཐུབ།) “སྒོ་མེ”ཞེས་པའི་སྒོ་འདིར་སྐབས་དེ་དུས་ནས་ས་སྒོ་འབྲི་བཞིན་པ་རྟོགས་ཐུབ་མོད་ཀྱང་། དེ་དུས་ནས་རྭ་ལ་གསེར་གྱིས་ཤན་ཞུགས་མེད་ཅེས་ཀྱང་སུས་སྨྲ་ཐུབ། ལྷག་པར་དུ“སྒོ་མེ”ཞེས་པའི“མེ”ལ་གཅིག་གྱུར་གྱི་འབྲི་སྲོལ་ཞིག་མེད་པར“མི”དང“མེ”གང་རུང་འབྲི་བ་ནི“མི་ཉག”དང“མེ་ཉག”གི“མི་མེ”གང་རུང་འབྲི་བ་དང་གཅིག་མཚུངས་སུ་སོང་འདུག་པས། གནད་འདི་ལས་ང་ཚོའི་ཡིད་ངོར་ཡང་ད་ལྟའི་སྒོ་མེ་ཞེས་པའི་ཐ་སྙད་འདི་འབྲི་སྲོལ་སྣ་མང་བའི་ཚོར་ཤེས་ཤིག་དབང་མེད་སྐྱེས་ཡོང་བ་མ་ཟད། ད་ལྟའི་སྒོ་མེ་ཞེས་པའི་འགྲེལ་སྟངས་མང་བོར་ཡང་དོགས་གཞི་ཞིག་ངང་ངམ་ཤུགས་ཀྱིས་བསྐྱེད་ཡོང་བ་མ་རེད་དམ།
དེས་ན་སྒོ་མེ་ཞེས་པའི་མིང་འདི་དོན་དངོས་སུ་ཅི་ལྟར་ཐོགས་པ་རེད་འདོད་ན། གོང་དུ«སྒོ་མེ་ཡུལ་གྱི་ལོ་རྒྱུས་གསལ་བའི་མེ་ལོང་།»ལས་གླེང་བའི“སྒོ་མེ་ཞེས་བྱ་བའི་མིང་འདི་ལ་བཤད་ཚུལ་གང་མང་ཞིག་མཆིས་མོད། འོན་ཀྱང་། མདོར་བསྡུས་ན་བཤད་ཚུལ་ལྔ་མཆིས། གཅིག་རྒོད(དགོ)རྩེ་རི་བོ་དང་མེ(མི)ཉག་མཆོད་རྟེན་གཉིས་ཀྱི་བསྡུས་མིང་ཡིན་ཟེར། གཉིས། སྒོ་ནི་མེ་ཁམས་ར་ལ་བླ་ཞེས་བོད་ཀྱི་རུས་ཆེན་ལྔའི་ཡ་གྱལ(བོད་དང་འ་ཞ)སྒོ་ཡིན་ཞིང་ཁམས་ནི་མེ་ཡིན་པས། རུས་དང་ཁམས་གཉིས་ལྷན་དུ་སྦྱར་ནས་སྒོ་མེ་ཞེས་ཚོ་བའི་མིང་དུ་གྲུབ་ཟེར། བཞི། གནའ་རབས་རྩོམ་པ་པོ་ཞིག་གིས་བརྩམས་ཡིག་ལས་སྒོ་མེ་ཞེས་པའི་ཐ་སྙད་བྱུང་བ་དེ་ཡིས་ཡུལ་མིང་ཐོགས་ཟེར། ལྔ། ལོ་སྟོང་ཕྲག་སྔོན་ལ། རྨ་བྱང་བར་བརྒྱུད་ལ་ནད་ཡམས་ཆེན་པོ་ཞིག་བྱུང་སྟེ། ནད་ཡམས་བཟློག་ཆེད་རྒོད་རྩེ་རྭ་བར་ལ་མེ་དཔུང་ཆེན་པོ་ཞིག་སྦར་བ་ལས། ཀུན་གྱིས་ས་དེར་སྒོ་མེ་ཞེས་པའི་ས་མིང་བཏགས་པས་མིང་དེ་ལྟར་བྱུང་ཟེར།”ཞེས་དང་བོའི་རིགས་འདེད་ལྟར་ན། གནས་མིང་ཚོ་མིང་དུ་ཐོགས་པར་འདོད་པ་སྟེ། ཨ་ཆེན་གངས་ཀྱི་རི་དང་རྒྱབ་ནས་མདོ་ལ་གཉིས་ཀྱི་མིང་བསྡོམས་པས་དེ་མན་ཆད་ལ་ཨ་མདོར་འདོད་པའི་དགོངས་གཞི་ལྟར་བྱས་མོད། འོན་ཀྱང་། རྒོད(དགོ)རྩེ་རི་བོ་དང་མེ(མི)ཉག་མཆོད་རྟེན་གྱི་བར་འདིས་སྒོ་མེའི་གོང་འོག་བར་གསུམ་འདིའི་གནས་ཡུལ་ལྷང་ངེར་སྟོན་ཁག་པོ་འདུག ཡང་ཞིབ་ཏུ་དཔོག་ན། ཐོག་མའི་སྒོ་མེ་ཆགས་ཡུལ་ནི་ས་གནས་འདི་ཙམ་དུ་འདོད་དུ་རུང་ཡང་། འདོད་སྟངས་འདི་ནི«མདོ་སྨད་ཆོས་འབྱུང»གི་ཨ་མདོར་འགྲེལ་བའི་རིགས་ལམ་ཉིད་བཙན་སྦྱོར་བྱས་པ་ཙམ་ལས་བདེན་པར་ཡང་མི་སེམས་སོ། །གཞན་ཡང་དགོ་དང་རྒོད་དང་སྒོ་ཡི་འགྱུར་བ་ལ་གཟབ་ནན་ངང་དཔྱད་དགོས་པ་མ་ཟད་དེ་ནི་སྒོ་མེའི་སྒོ་ཡིག་འབྱུང་བའི་གཞི་རྩའང་མིན་མི་སྲིད། འདོད་ཚུལ་གཉིས་པ་ལྟར་ན། མིའི་རང་གི་སྐྱེས་རྒྱུད་འཚོལ་བ་ལ་ཁུངས་ཡར་ཡབ་མེས་དག་གི་རིགས་རུས་དང། ས་གནས་རི་ཆུ། སྐད་བརྡ། ཡུལ་སྲོལ། ས་ཁུངས་བཅས་དང་འབྲེལ་རྒྱུ་ནི་ལྡོག་ཏུ་མེད་པའི་ལོ་རྒྱུས་ཀྱི་བདེན་ལུགས་འབྱུང་བའི་ཕྱི་མ་ཡིན་པ་བཞིན། སྒོ་མེ་ས་ཆ་འདིའང་བོད་ཀྱི་རུས་སྒོ་དང་འབྲེལ་བ་མེད་པས་ནི་ཡེ་མ་ཡིན་པ་མ་ཡིན་མོད་ཀྱང་། དེ་ཙམ་གྱིས་སྤྱིར་སྒོ་ཞེས་པའི་མདོ་སྨད་ཀྱི་སའི་ཆར་གང་ཁྱབ་ཏུ་ཡོད་པའི་རུས་སྒོ་ཡི་ཚབ་བྱེད་དཀའ་ཞིང་། ལྷག་པར་དུ་ས་གནས་འདི་ལ“སྒོ་ནི་མེ་ཁམས་ར་ལ་བླ”ཞེས་སྒོ་མེ་རུ་ཐོགས་པས་ཡིན་ན། ད་ལྟའི་རུས་སྒོ་ཅན་གྱི་ཚོ་ཁག་གཞན་གང་ལའང་སྒོ་མེ་ཞེས་པའི་མིང་འདི་སྦྱར་བ་ཐོས་དཀོན་པས་འདང་དཔོག་དཀའ་བ་ཞིག་མ་ཡིན་ནམ། ཡང་གལ་ཏེ་འ་ཞའི་རྗེའི་སྐབས་སམ་ཙོང་ཁའི་རྒྱལ་བོའི་དུས་ནས་ད་ལྟའི་སྒོ་མེའི་གནས་འདི་ལ་དཔོན་ཆེན་པོ་ཞིག་བསྐོས་པའི་དབང་དུ་བཏང་ན། གནས་འདིར་བོད་ཀྱི་རུས་སྒོ་དང་སྦྱར་ནས་མིང་འདི་བཏགས་ཡོད་པའང་གདོན་མི་ཟ་སྟེ། དཔེར་ན། དཔོན་གསར་བ་ཞིག་ལ་ཐོབ་པའི་ཚོ་ཁག་གསར་བ་ཞིག་ལ་མིང་གང་འདོགས་དུས། ཕལ་ཆེར་ལོ་རྒྱུས་དང་མོ་རྩིས་ལུང་བསྟན་ལ་མཁས་པ་ཞིག་གིས་དཔོན་གྱི་རུས་འདེད་དང་རུས་དེའི་འབྱུང་ཁམས་རྟེན་འབྲེལ་དུ་བྱས་ཏེ་སྒོ་མེ་ཞེས་བཏགས་པའང་མི་སྲིད་པ་མིན་མོད། དེ་ལྟར་ན་རིགས་གཞན་དག་ལ་ཡང་རང་རང་གི་འབྱུང་ཁམས་ལྟར་མིང་བཏགས་ན་ཅིས་མི་ཆོག་ཀྱང་མཐོང་དུ་ཤིན་ཏུ་དཀོན། གལ་ཏེ་ངེས་པར་སྒོ་མེ་འདི་བོད་ཀྱི་རུས་དང་སྦྱར་དགོས་ཟེར་ན་ཤིན་ཏུ་སླ་སྟེ། ད་ལྟའི་སའི་འདི་ཆར་སྔོན་བོད་ཀྱི་རིགས་སྒོ་དང་མེ་ཉག་གཉིས་གཙོར་འདུས་པས་སྒོ་མེ་ཞེས་འདོད་ན་ལྷག་ཏུ་མི་ལེགས་སམ། འདི་ནི་ལོ་རྒྱུས་ཁུངས་འདེད་ཀྱི་རིགས་ལམ་གཙོ་བོ་ཞིག་ཡིན་སྲིད་ཀྱང་། ལོ་རྒྱུས་བརྗོད་བརྗོད་ཚང་མ་རིགས་རུས་ཆོ་འབྲང་ལ་གཏུགས་གང་ཐུབ་བྱེད་དགོས་དོན་ཡང་ག་ལ་མཆིས་ཏེ། དཔེར་ན། ཡུལ་སྤོ་བོའི་ཡུལ་ནས་བྱུང་བས“སྤོ་མི”ཟེར་བ་དང་། ཡུལ་ཡར་ཀླུང་གཙང་འགྲམ་ནས་བྱུང་བས“གཙང་མི།” མདོ་ལ་རིང་མོར་གནས་པས“མདོ་ལ།”ཙོང་ཁར་གནས་པས“ཙོང་ཁ”སོགས་མིང་གི་ཐོགས་ཚུལ་རྣམ་པ་དུ་མ་ཡོད་པ་བཞིན་ས་གནས་ཀྱི་མིང་གི་ཐོགས་ཚུལ་ནི་བགྲང་གིས་མི་ལང་བ་ལྟར་རིགས་ལམ་ཞིབ་མོ་སྒོས་བསམ་གཞིགས་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེ་སྙམ་མོ། །གསུམ་པ་ལྟར་ན། “ལོ་རྒྱུས་དཔེ་དེབ་ཅིག་ཏུ་པྲ་འབྲུ་ལྡེ་གསུམ་པྲ་སྡེ་སྐོར་དང་ཆོས་རྒྱལ་མྱུ་གུ་གཙང་མ་བཅས་མདོ་སྨད་དུ་བྱོན་པའི་བླ་མ་པྲ་སྒོམ་པ་ཞེས་མཐུ་སྟོབས་དང་རྫུ་འཕྲུལ་ལ་མངའ་དབང་བསྒྱུར་བ་གང་གིས་ལྷ་སྲིན་གཞི་བདག་ཀུན་ལ་ཕན་པ་རྒྱ་ཆེར་སྒྲུབ་པའི་རྐྱེན་གྱིས་ཁོང་ལ་བུ་མོ་ཞིག་ཕུལ་བས་དེ་དང་འབྲེལ་བ་ལ་བུ་བརྒྱད་བྱུང་བའི་བུ་གསུམ་པ་གྲུབ་ཆེན་སྒོ་མེ་ཞེས་གྲགས་པ་དེས་བཟུང་བའི་གནས་དེར་སྒོ་མེ་བཏགས་པ་གྲགས་ཟེར།”ཞེས་བླ་མ་པྲ་སྒོམ་པ་དང་འབྲེལ་ནས་སྒོ་མེ་བྱུང་ཚུལ་བརྗོད་ཡོད་པ་དེ་རེད། བླ་མ་བྲ་སྒོམ་པ་ནི«མདོ་སྨད་ཆོས་འབྱུང»ལས། “དགོན་ལུང་ནུབ་བྱང་ནས་ཡར་རིམ་པར། པྲ་སྟི་ལྔ་མཆོད་སྒར་བ་ནི། བོད་ཆོས་རྒྱལ་གྱི་གདུང་རྒྱུད་ཞིག(ཅིག)ཨ་མདོར་ཕེབས་སྐབས། རུས་ཆེན་པྲ་འབྲུ་ལྡོང་གསུམ་གྱི་ནང་ཚན་པྲའི་སྡེ་ཚོ་ཞིག་ཐོན་ཏེ་མདོ་སྨད་དུ་གཞི་ཆགས་པ་ལ་ཟུར་ཉམས་ཏེ་པྲ་སྟི་ཞེས་གྲགས། དེའི་རྒྱུད་པར་ཇོ་བོ་རྗེ་བོད་དུ་མ་བྱོན་གོང་ཙམ་དུ་པྲ་སྒོམ་ཆོས་ཀྱི་རྡོ་རྗེ་འཁྲུངས། མཚོ་སྙིང་ནས་སྒྲུབ་པ་མཛད་པས་མངོན་ཤེས་དང་རྗུ་འཕྲུལ་ཐོབ། ཆབ་བསིལ་སྐབས་ཆོས་གོས་ཉི་ཟེར་ལ་བཀལ་བས་ཉེ་འཁོར་གྱི་རྟོག་གེ་བ་ཕུར་སྒོམ་བྱ་བ་བཏུལ་ཏེ་གདམས་པ་ཞུས། ཆོས་ཐུན་མ་རྫོགས་པར་ཉི་མ་ནུབ་ཏུ་ཉེ་བ་རྟེན་འབྲེལ་མཛད་དེ་ཉི་མ་བཟུང་བས་བྲ་བར་ཉི་མ་ཐག་སྟོད་དུ་གྲགས། མཚོ་འགྲམ་གྱི་བོད་སྡེའི་དཔོན་པོ་ཀེ་ཁོད་རྒྱ་བྱ་བས་ཀླ་ཀློའི་དཔོན་མ་རུངས་པ་ཞིག་ལ་ལོ་རེར་བུ་བུ་མོ་བཅུ་རེའི་ཁྲལ་སྟེར་དགོས་པར། སྐབས་ཤིག་ཀླ་ཀློའི་དཔོན་དེ་ནད་ཀྱིས་བཏབ་པ་པྲ་སྒོམ་ལ་གསོལ་བ་བཏབ་པས་ནད་སོས། གཏང་རག་ཏུ་བོད་དཔོན་ལས་མི་ཁྲལ་མི་ལེན་པའི་བཀའ་གནང་། བོད་དཔོན་དགའ་སྟེ་འབུལ་ཆེན་ཕུལ་ནས་བླ་མར་བཀུར། བོད་ཁམས་ཐམས་ཅད་ཀྱིས་པྲ་སྒོམ་ཁོ་ན་བླ་མར་བཟུང་དགོས་པའི་དྲིལ་བསྒྲགས་པས་ཐག་རིང་ན་ཡོད་པའི་བོད་སྡེ་རྣམས་ལ་གྲྭ་བ་རེ་མཆོད་གནས་སུ་བཏང་བས་པྲ་སྡེའི་སྒར་བ་བཅུ་གསུམ་སོགས་བྱུང་།”[20]ཞེས་བྱུང་བའི་པྲ་སྒོམ་པ་འདི་ལ་འབྲེལ་བ་ཡོད་སྙམ་སྟེ། གལ་ཏེ་བླ་མ་འདི་དང་འབྲེལ་བ་ཡོད་ན་ཁོང་ལ་བུ་རྒྱུད་ཡོད་མེད་བཤད་དཀའ་ཡང་། ཁོང་གི་ཁྱིམ་སྒོ་དང་བཅས་སྒོ་མེ་ས་འདི་དང་ཉེ་བར་གནས་ཤིང་། གནས་འདི་དག་ཏུ་ཕེབས་ཡོད་སྙམ་པ་མ་ཟད། ཡུན་རིང་བཞུགས་ཏེ་རིམ་བཞིན་གནས་འདིའི་མི་དང་མཆོད་ཡོན་གྱི་འབྲེལ་ཆགས་ཤིང་ཡུན་གནས་བྱུང་བའི་གོ་རིམ་ཁྲོད་བླ་མ་སྒོམ་ཚང་དུ་གྲགས་ཤིང་། རིམ་གྱིས་སྒོམ་གྱི་མ་མཐའི་སྒྲ་ལོགས་སུ་འགྱུར་ནས་སྒོ་མེ་རུ་གྱུར་བའང་མི་སྲིད་པ་ཅི་ལ་སྲིད། རེད་མོད་ཀྱང་ཁོང་གི་བུ་རྒྱུད་སྒོ་མེ་ཟེར་བ་ཞིག་བྱུང་བའི་དབང་དུ་བཏང་ཚེ། གནས་འདིའང་རུས་པྲ་དང་འབྲེལ་བ་ཆེ་དགོས་ཤིང་། པྲ་སྒོ་མེ་ཟེར་བའི་མིང་ཡང་ད་དུང་མ་མཉམ་རེ་ཙམ་ངག་རྒྱུན་ལ་གྲགས་དགོས་པ་ལ་དེ་འདྲའང་རྣ་བས་ཐོས་དཀའ་བས་བདེན་པར་འཛིན་དཀའ་འོ། །བཞི་བར་མི་མེད་ན་ས་མིང་མེད་ཚུལ་གྱི་རྒྱུ་མཚན་གོ་སླ་བ་ཞིག་ལས་ཆེར་རྟོགས་རྒྱུ་མི་འདུག་མོད། ལྔ་བར་ཆོས་ལུགས་དང་སྦྱར་ནས་ཁམས་ཀྱི་གྲུབ་ཐོབ་པ་ཞིག་གིས་“སྒོ་རྩེ་ར་བར”ནས་ནད་འགོག་ཆེད“མེ”སྒོམ་ནས་གྲུབ་པས་སྒོ་རྩེ་ར་བར་ནས་མེ་ཆེན་པོ་བཏང་སྟེ་ནད་འགོག་བྱས་པའི་བྱེད་ལས་ཡོན་ཏན་དང་བཀག་སའི་གནས་ཀྱི་ཆ་ནས“སྒོ་མེ”ཞེས་ཐོགས་ཚུལ་བརྗོད་ཡོད་པ་ལྟར་རེད། འདོད་སྟངས་འདི་ལས་ང་ཚོས་རྟོགས་ཐུབ་པ་ནི་ཁོང་ཚོས“སྒོ”ཞེས་པའི་ཐ་སྙད་ནི“སྒོ་རྩེ”ཞེས་སྔོན་ནས་ཆགས་ཡོད་པར་འདོད་འདུག་ལ། གཙོ་བོ“སྒོ”ལ“མེ”ཞེས་པའི་ཐོགས་དོན་དེ་ཆོས་ལུགས་ཀྱི་ཆོ་ག་དང་སྦྱར་ནས་འགྲེལ་གང་ཐུབ་བྱས་པ་ཞིག་ཡིན་པར་འདོད་དེ། རྒྱུ་མཚན་ནི་སྒོ་མེ་དཀར་བརྗིད་འདི་ལ་རྙིང་མའི་གྲུབ་མཐའ་དར་སྔ་ཞིང་གྲུབ་མཐའ་དེ་མཐུན་དང་སྦྱར་ནས་ཡུལ་ལུང་ཁག་གི་མིང་ལ་འགྲེལ་གང་ཐུབ་བྱས་ཡོད་པ་སྨོས་མ་དགོས་པས་དེ་བས་འཐད་དཀའ། གཞན་ཡང་སྐུ་ཕྱོགས་ཨོའུ་རྒྱ་རིན་པོ་ཆེས་མིག་སྔར་མཛད་པའི་རང་རྣམ«དཀའ་སྡུག་དང་བྱང་ཆུབ»ཅེས་པར། “ཆོས་ཙ། སྒོམ་མེ། བདུད་ཤུལ་གསུམ་ནི་བུ་སྤུན་གསུམ་སྐྱེས་པའི་ཤུལ་དུ་སོ་སོར་གྱེས་པའི་རུ་སྐོར་གཅིག་ཡིན། བུ་འདི་མཚམས་ལ་འདུག་དགའ་བོ་དང་རི་བྲག་དབེན་པས་ནས་སྒོམ་བརྒྱག་མཁན་ཞིག་ཡིན་པའི་ཆ་ནས་ཁོང་གི་རུ་སྐོར་ལ་སྒོམ་མེ་ཞེས་པའི་མིང་ཐོགས་ཟེར”[21]ཞེས་སྒོ་མེའི་མཆེད་ཁུངས་ཐུན་མོང་མ་ཡིན་པ་བྲིས་པ་ལ་ང་ཚོས་ཅིས་ཀྱང་དཔྱད་དགོས་ཀྱང་། སྒོམ་བརྒྱབ་ནས་སྒོ་རུ་མེ་འབར་བའི་ཆ་ནས་སྒོམ་མེའམ་སྒོ་མེ་རུ་བཏགས་ཚུལ་གོང་དུ་སོང་བའི་འདོད་ཚུལ་དང་གཅིག་ཏུ་ངེས་པས་འདིར་འདོད་མིན་བསྐྱར་བཟློས་ཀྱི་ངལ་བ་མི་བསྟེན་ནོ། །
༢ སྒོ་དང་། དགོ། རྒོད། མི། མེ་བཅས་དང་འབྲེལ་ཏེ་སྒོ་མེ་ཞེས་པའི་མིང་གི་ཐོགས་ཚུལ་གླེང་བ།
དེ་ལྟར་སྒོ་མེའི་མིང་འདིའི་མཐིལ་བརྟོལ་དགོས་ན། ཐོག་མར་མིང་སྒོ་ལ་དཔྱོད་དགོས་ཤིང་། དེ་ནས་མེ་ལ་དཔྱད་ཅིང་ས་གནས་རིག་གནས་དང་འབྲེལ་གང་ཐུབ་ཀྱིས་བདེན་ལུགས་རང་བཞིན་གྱི་ངོས་འཛིན་ཞིག་ཅིས་ཀྱང་ཐུབ་དགོས། དེས་ན་ཐོག་མར་སྒོ་ཞེས་པ་འདི་གླེང་ན། «མདོ་སྨད་ཆོས་འབྱུང»ལས་སྒོ་མེ་མཆོད་རྟེན་སྐེ་བཞེངས་མཁན་སྒོ་མེ་གྲགས་པའི་སྐུ་ཕྲེང་གཉིས་པ་གླེང་དུས། “མཆོད་རྟེན་སྐིས་དགོན་རྙིང་སྲིད་པ་ཆགས་པའི་ལྷ་དགུའི་ནང་ཚན་དུ་གྲགས་པ་སྒོ་རྩེའི་བྲག་རྩར་གནས་སྤོར།”[22]ཞེས་པ་དང་། ཡང«སྒོ་མེ་ཡུལ་གྱི་ལོ་རྒྱུས་གསལ་བའི་མེ་ལོང»ལས། “གཉན་ཆེན་ཨ་མྱེས་སྒོ་རྩེ”ཞེས་པ་དང་། ཡང་དེའི་རྒོད་རྩེ་བསང་བསྡུས་སྐབས། “ཀྱེེ། སྒོ་མེ་ཡུལ་གྱི་སྐྱེས་ལྷ་ནི། དགྲ་ལྷའི་རྒྱལ་བོ་རྒོད་རྩེ་ཆེ། རིག་འཛིན་གོང་མ་ཆེན་པོ་རྣམས། སྲིད་པ་ཆགས་པའི་ལྷ་དགུར་བསྔགས། མཆོད་པ་དམ་པ་འདི་བཞེས་ལ། ཨོ་རྒྱན་པདྨ་འབྱུང་གནས་བཀའ། མི་འདལ་མི་གཡེལ་ཁས་བླངས་པས། གངས་ཅན་བོད་ཀྱི་སྐྱེས་དགུ་ནི། མེལ་ཚེ་སྡོང་གྲོགས་ཁྱེད་ཀྱི་དམ། མི་འདའ་དམ་ཚིག་སྲོག་གི་གཏའ། ཚེ་སྲོལ་དཔལ་འབྱོར་རླུང་རྟ་སྤེལ། བཅོལ་བའི་འཕྲིན་ལས་འགྲུབ་པར་མཛོད།”[23]ཅེས་པ་བཞིན། རྒོད་རྩེ་རི་བོ་འདི་མདོ་སྨད་དང་ལྷག་པར་དུ་སྒོ་མེའི་སར་གྲགས་ཆེ་ཞིང་སྒོ་མེའི་ཡུལ་གྱི་སྐྱེས་ལྷར་བཀུར་ཡོད་པ་དང་། བོད་སྲིད་པ་ཆགས་པའི་ལྷ་དགུའི་ནང་ཚན་དུ་བགྲངས་ཡོད་པའམ། ངག་རྒྱུན་དུ་སྒོ་མེའི་བླ་རི་ཨ་མྱེས་རྒོད་རྩེ་ཞེས་གྲགས་ཆེ་བ། དེ་བཞིན་སྒོ་མེའི་རྩེ་རི་རྒོད་རྩེ་རི་བོར་གྲགས་པའི་ཆེ་བརྗོད་ལ་གཞིགས་ན། སྒོ་མེ་ཞེས་པའི་མིང་འདི་ཐོགས་པ་ལ་ཁོ་བོས་རྒོད་རྩེ་རི་བོ་འདི་དང་འབྲེལ་མེད་དུ་གཏན་ནས་མི་འདོད་དེ། དེ་ཡང་ཐོག་མར་མི་ཆགས་པས་ནས་རི་མིང་ཕར་ལ་བཏགས་ཤིང་། དེ་ནས་སླར་རི་མིང་ཚུར་ཚོ་ཁག་གི་མིང་དུ་ཐོགས་པ་ལ་གདོན་གཏན་ནས་ཟ་མི་དགོས་པར་འདོད། རྒྱུ་མཚན་ནི། གོང་དུ་སྨྲས་པ་བཞིན་གཅིག་ནས་སྒོ་མེ་ཞེས་པའི་མིང་འདི་རྒྱ་བོད་ལོ་རྒྱུས་ཁག་ཏུ་བྲིས་འཕྱིས་པ་དང་། བྲིས་པ་ལའང་འདི་ཡིན་དེ་མིན་གྱི་གཏན་འཁེལ་མེད་པ་དང་། གཉིས་ནས་གནས་འདིར་ཐོག་མར་དཔའ་རུས་ཕྱོགས་ནས་མི་རྒྱུད་མཆེད་པར་འདོད་པ་ཡང་ཐོག་མར་རྒོད་རྩེ་རིའི་འདབས་སུ་གཞི་ཆགས་པར་འདོད་པ། གསུམ་ནས་སྒོམ་མེའམ་སྒོ་མེ་སོགས་སུ་ཇི་ལྟར་འགྲེལ་ཀྱང་རྒོད་རྩེ་རྭ་བར་འདི་དང་ཤིན་ཏུ་འབྲེལ་ཆེ་བ། བཞི་ནས་ལོ་རྒྱུས་དེབ་ཐེར་དག་ཏུ་སྒོ་དང་དགོ། རྒོད་དམ། མི་དང་མེ་བཅས་གང་འདོད་སྦྱར་བས“སྒོ་མི”འམ“སྒོ་མེ།”“དགོ་མི”འམ“དགོ་མེ”ཞེས་བྲི་སྟངས་གང་འདོད་དུ་བྱུང་བ་སོགས་ལ་ཇི་ལྟར་གཞིགས་ཀྱང་སྒོ་མེ་འདིའི་མིང་ཐོགས་པར་འདི་ཡིན་གྱི་ཁུངས་མི་བརྟན་པ་ལ། ལར་མིའི་རང་གི་སྐྱེས་རྒྱུད་ཤེས་པ་ལ་རིགས་རུས་མཆེད་ཁུངས་འདི་ཤིན་ཏུ་གཙོ་བས་སྔོན་སྒོ་མེའི་ཤེས་ལྡན་པ་འགས་སྒོ་མེ་ཞེས་པའི་སྒོ་འདིའི་རིགས་སྒོ་ལ་ནན་གྱིས་སྦྱར་གང་ཐུབ་བྱས་པ་ལ་ཁག་མི་འདུག་མོད་ཀྱང་། ཡང་ཞིབ་ཏུ་བསམ་ན་མི་སྐྱོན་ཏེ། དེ་ཡང་བོད་མི་འདིའི་ཆད་ཁུངས་ཡར་ཀླུང་གཙང་བོར་འབྲེལ་བས“གཙང་མི”ཞེས་གྲགས་པ་དང་། སྤོ་བོའི་ཡུལ་ནས་ཆད་པས“སྤོ་མི”འམ“སྤོ་མེ”རུ་གྲགས་པ། “ཐོན་མིའི་ར་ལུག་ཁ”ནས་འཁྲུངས་པས“ཐོན་མི”ཞེས་པའམ། དེ་བཞིན་དུ་བདག་སྒྲས་ཟིན་པའི་ས་མིང་མང་པོ་ཞིག་ལྟར་སྒོ་མེའི་མི་འདིའི་ཆད་ཁུངས་ཀྱང“རྒོད་རྩེ་རི་བོ”དང་འབྲེལ་བས“རྒོད་མི”ཞེས་གྲགས་པ་རྒྱུན་ལྡན་དུ་སྣང་མོད་ཀྱང་། ཡང་སྔོན་སྒོ་མེའི་ཤེས་རབ་རྒན་པོ་གང་ཞིག་གིས“རྒོད་མི”ཞེས་པའི་མིང་རྒོད་པོ་དེ་བློར་ཤོངས་དཀའ་བས་སྒོ་མིའམ་སྒོ་མེ་རུ་ར་གན་གསེར་དུ་བསྒྱུར་གང་ཐུབ་བྱས་ནའང་ཐང་སྟེ། དེ་ལྟ་བུའི་མིང་བསྒྱུར་བ་མང་སྟེ། དཔེར་ན་སྔོན“ར་ས”ཞེས་པ་རྗེས“ལྷ་ས”རུ་བསྒྱུར་བ་དང་། སྔོན་བོད་ལྗོངས་གནམ་མཐའི“འཇང་དགོན”ལ་རྗེས“འཇམ་དགོན”དུ་བྲིས་པ། “ཕྱིང་གུར”ཞེས་པ“འཆིམས་ཕུ”རུ་འགྱུར་བ། “སྲིན་པོ་རི”“ལྷུན་པོ་རི”རུ་བསྒྱུར་འདོད་པ་སོགས་གནས་མིང་དང་མི་མིང་གི་ལེགས་བསྒྱུར་སྐོར་འདི་མི་རིགས་གང་ལའང་དགོས་ངེས་ཀྱི་གནད་ཤིན་ཏུ་ཆེ་བ་ལྟར་འདང་མི་དཔོག་པ་ཅི་ཡོད། གལ་ཏེ་དེ་ལྟར་ཡིན་ཚེ་སྒོ་མེ་ཞེས་པའི་མིང་འདི་ཇི་ལྟར་ཐོགས་པའི་ཐད་ཀྱི་གསང་བ་བརྟོལ་ཐུབ་སོང་བས་ཀུན་ལ་ཡིན་མིན་གྱི་རྩོད་གཞི་དང་དགོས་མེད་ཀྱི་དོགས་ཟོན་ལྷག་པ་དེས་ཅི་བྱ་སྟེ། འདི་ནི་ཁོ་བོའི་འདོད་པའི་ལྟ་ཚུལ་ཡང་ཡིན་ན། དྲང་མོར་སྨྲས་ན་དེང་གི“སྒོ་མེ”འམ“སྒོ་མི”ཞེས་པའི་ཡི་གེ་ནི་སྔོན“རྒོད་མེ”འམ“རྒོད་མི”ཡིན་པ་གོར་མ་ཆག་སྟེ། གང་སྟེ་འགྲོ་བ་མིའི་སྤྱི་ཚོགས་ཀྱི་འཕེལ་རིམ་བཞིན་ཐོག་མར་འདིར་གནས་ཆགས་པ་ལ་དེ་ནས་འགྲོ་བ་སེམས་ཅན་ཆགས། དེ་ནས་སྨྲ་ཤེས་ཤིང་དོན་གོ་བ་དག་གིས་རིར་རི་མིང་དང་ཆུར་ཆུ་མིང་སོགས་མིང་འདོགས་པའི་རྒྱུ་མཚན་དུ་མ་ལ་བྱས་ཏེ་རི་ཆུ་ནགས་གསུམ་བདག་གིར་བཞེས་ཤིང་བཙན་སྙོམས་དབུལ་ཕྱུག་གི་ཁྱད་པར་ཕྱེས་པའི་སྟོབས་ཀྱི་མངའ་ཐང་བཙུགས། དེ་ཡང་རྒྱ་བོད་འདིས་སྔོན་ནས་རི་དཔྱད་ས་དཔྱད་ཀྱི་ལྟས་བཟང་ལ་བརྟག་ཏེ་སྲིད་དང་ཁྱིམ་འཛུགས་པར་དད་པས། ཏག་ཏག་གནས་འདིར་ཚོ་བ་གྲུབ་པའི་ཐོག་མ་ལ་མཚོ་ངོས་ལས་རྨི་ལྔ་སྟོང་བརྒལ་བའི་རྒོད་རྩེ་རི་བོ་ནི་ཕྱོགས་མཚམས་གང་ནས་བརྟག་ཀྱང་བྱ་རྒྱལ་རྒོད་པོས་གཤོག་རྩེད་ངོམ་སྟེ་ནམ་འཕང་གཅོད་པའི་གྲབས་ཀྱིས་མཛེས་ཤིང་། ཁོར་ཏུ་རྩྭ་ཆུ་ནགས་གསུམ་གྱི་དཔལ་གྱིས་ཕྱུག་པའི་ལྟས་བཟང་བ་ལ་རྒོད་རྩེ་རི་བོར་བཏགས་ཤིང་བླ་རིར་བཀུར་ཅིང་རིམ་བཞིན་ཚོ་ཁག་གི་མིང་དུའང་རྒོད་རྩེ་རི་བོའི་ཁོར་དུ་ཆགས་པའི་མི་ཡིན་པས་ཆ་ནས་ཐོག་མར“རྒོད་མི”ཞེས་གཞན་གྱིས་ཚུར་བཏགས་པར་འདོད་ལ། རིམ་གྱིས་ཚོ་བ་ནང་ཁུལ་དུའང་ཕན་ཚུན་འབོད་པ་རྒྱུན་འབྱམས་སུ་སོང་སྟེ་ཚོ་བ་འཕེལ་བ་དང་སྦྲགས“རྒོད་མི་ཚོ་བ”ཞེས་བཏགས་པ་ལ། ཡུན་གྱིས་ཤེས་ལྡན་པ་འགས“རྒོད་མི”ཞེས་པའི་མིང་བཙན་དྲག་པ་ལ་གཞིགས་ཏེ་བོད་ཀྱི་རུས་དང་སྦྱར་འཚམས་པོས་ཐོག་མར“སྒོ་མི”རུ་བྲིས་ཤིང་། དེ་ནས་དེ་ཡང་ཡིད་དུ་འབབ་དཀའ་བས“མི”དང“མེ”ཡི་དབྱངས་ཀྱི་འབྱིན་སྟངས་ཁད་ཉེ་བར་དཔོག་སྟེ“སྒོ་མེ”ཞེས་འབྱུང་རྩིས་དང་མཐུན་པ་སོགས་གང་རུང་དུ་བསྒྲགས་འབྲི་བྱེད་གང་ཐུབ་བྱས་པ་དང་བསྟུན་ནས་ཕྱིས་བྱུང་གི་ཤེས་ལྡན་པར་རློམ་མཁན་འགས་ཀྱང་གཏོར་མར་བརྒྱན་བཏང་བའི་དཔེ་བཞིན་དེ་ལ་ཡིན་ལུགས་འོས་མཐུན་གྱི་འགྲེལ་བ་ཡག་པོ་ཇི་སྙེད་བརྒྱག་གང་ཐུབ་བྱས་པ་ནི་སྨོས་མེད་ཡིན་པ་ཞིབ་ཏུ་དཔྱོད་དང་རྟོགས་སླའོ། །
ལྔ་བ། སྒོ་མེ་དཀར་བརྗིད་དང་ཀ་ཞར་ཞེས་པའི་ཐ་སྙད་བྱུང་བའི་ཐོག་མའི་ཡིག་ཆ་སྐོར་གླེང་བ།
༡ དེང་གི་དཀར་བརྗིད་ཅེས་པའི་མིང་གི་བཏགས་ཚུལ་གླེང་བ།
དེ་ཡང་སྔོན་སྒོ་མེའི་སྲིད་ཀྱི་ལྟེ་བ། ཕྱིས་སྒོ་མེའི་ཞོལ་མའི་ཁོངས་གཏོགས་དེང་གི“དཀར་བརྗིད”ཅེས་པའི་མིང་འདི་ནི་སྔོན“ཀ་ཞར”དུ་འབོད་པ་བར་ཞིག་དཔོན་ཚང་ངམ་དགོན་སྡེའམ། སྤྱིའི་སའི་མིང་གི་ཆ་ལ་ཐོགས་པ་རྟེན་འབྲེལ་དུ་མ་མཐོང་བས། ཤེས་ལྡན་པ་འགས་ཆེད་དུ་ཆེ་བརྗོད་ཀྱི་ལམ་ནས་དཀར་བརྗིད་དུ་བསྒྱུར་བར་མངོན་ཏེ། དེ་ཡང་དཀར་བརྗིད་ཀྱི་དཔོན་རབས་དག་དགེ་བའི་ལས་ལ་དཀར་ཞིང་བསོད་ནམས་སྟོབས་ཀྱིས་བརྗིད་པས་ན་དཀར་བརྗིད་དམ། ཡང་ན་དཀར་བརྗིད་ཀྱི་ཆ་འདིའི་འགྲོ་ཀུན་ཆོས་དང་རྣམ་དཀར་དགེ་བའི་ལས་ལ་བརྩོན་ཞིང་བསོད་ནམས་སྟོབས་ཀྱིས་བརྗིད་པས་ན་ཀ་ཞར་དཀར་བརྗིད་དུ་སྒྲ་ཉེ་བར་བྲིས་པའི་རྒྱུ་མཚན་ཟུར་ཙམ་སྔོན་བཞུགས་རྒན་ཁག་དང«སྐུ་འབུམ་གདན་རབས»སུ་མཐོང་ཐོས་སུ་བྱུང་བ་སྟེ། དེ་རུ“ཁྲི་ཆེན་ང་དགུ་བ་མགོན་ཀྱཱ་མཁན་ཆེན་བློ་བཟང་ཚུལ་ཁྲིམས་བསམ་གཏན་ནི། སྒོ་མེ་ཚོ་བདུན་ནང་ཚན་དཀར་རྫིང་ངམ་སྒར་དམར་སྡེ་བར་ཡབ་བསོད་ནམས་སྟོབས་ཀྱིས་བརྗིད་པ་དཀར་བརྗིད་དཔོན་པོ་བསོད་ནམས་བསྟན་འཛིན་དང་ཡུམ་སྒྲོལ་མ་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་བཞི་བའི་སྒྱུར་བྱེད་ཅེས་པ་ས་ཕག་ལོར་མཛེས་སྐུ་མངོན་པར་འཁྲུངས།”[24]ཞེས་བྱུང་བ་ལྟར་ཡིན་ལ། འདི་ནི་ལོ་རྒྱུས་ཆོས་འབྱུང་ཡིག་ཆའི་ཁག་ནས་བྱུང་བའི་དཀར་བརྗིད་ཀྱི་མིང་གི་ཐོག་མར་ཡང་ངེས་པས། གལ་ཏེ་དཀར་བརྗིད་ཅེས་པའི་མིང་འདི་ག་དུས་ཤིག་ཏུ་ཀ་ཞར་ལས་འགྱུར་བར་རྟོགས་འདོད་པ་ལ་ངེས་པར་གནད་འདི་ག་ནས་དཔྱད་ཅིང་བརྟག་དགོས། དེ་ལྟར་ན་འབྲི་སྟངས་འདི་ནི་མ་མཐའ་ཡང་དུས་རབས་བཅོ་བརྒྱད་པར་སྐུ་འབུམ་གདན་རབས་མ་བརྩམས་སྔོན་གྱི་སྔ་རོལ་ཏེ། དཀར་བརྗིད་སྔགས་ཁང་རྣམ་གྲོལ་པདྨ་གླིང་དང་སྒོ་མེ་མཆོད་རྟེན་སྐེ་དགའ་ལྡན་བཀྲ་ཤིས་དར་རྒྱས་གླིང་གཉིས་རྒྱས་པར་བཏབ་པའི་དུས་ནས་འགྱུར་བར་མངོན་ཏེ། དེ་ལྟ་བུའི་ཆོས་སྡེའི་ཆེན་མོའི་མཚན་འདོགས་པ་ལ་ངེས་པར་བཀྲ་ཤིས་ཤིང་དགེ་ལེགས་འབྱུང་བའི་དཀར་བརྗིད་དུ་མི་འདོགས་པར་ཀ་ཞར་དུ་སོར་བཞག་བྱས་ན་མི་རུང་བ་ནི་རྒན་པོ་ཧོན་ལོག་ཅིག་གིས་ཀྱང་རྟོགས་ཐུབ་པའི་དཔེའོ། །
༢ སྔོན་ཀ་ཞར་ཞེས་པའི་མིང་གི་ཐོགས་དོན་སྐོར་གླེང་བ།
དེ་ལྟར་ད་ནི་དཀར་བརྗིད་ཅེས་པའི་མིང་གི་འབྱུང་ཁུངས་ཀ་ཞར་གྱི་བསྐོར་ནས་དཔྱད་ཅིང་བརྗོད་ན། དེ་ཡང་མིག་སྔར་ཁོ་བོས་མཐོང་བ་ལྟར་ན་ཀ་ཞར་ཞེས་པའི་མིང་འདི་ཐོག་མར་བྱུང་བའི་ལོ་རྒྱུས་ཡིག་ཚང་ནི«མདོ་སྨད་ཆོས་འབྱུང»ལགས་ཏེ། དེ་ཉིད་ལས། “སྒོ་མེ་ཀ་ཞར་བ་འབྲས་སྤུངས་ཀླུ་འབུམ་དཔལ་འབྱོར་རྒྱ་མཚོ་མཁས་གྲགས་ཅན་ཡིན་འདུག”[25]ཅེས་བྱུང་བ་དང་། བྱུང་བ་འདི་དང་བསྟུན་ནས་རིམ་གྱིས་གནས་འདིའི་མིང་ལ་ཀ་ཞར་ཞེས་པའི་ཡི་གེ་འབྲི་བའི་སྲོལ་དར་བར་མངོན། ཡིན་ནའང་རྗེས་རབས་པའི་ཡིད་དུ་འཆར་དཀའ་བ་ནི་ཀ་ཞར་ཞེས་པའི་མིང་འདི་འདོད་རྒྱལ་གྱི་མིང་ཞིག་ཡིན་ནམ་ཡང་ན་རྗེས་གྲུབ་ཀྱི་མིང་ཞིག་ཡིན་སྙམ་གྱི་ཡིད་གཉིས་སྐྱེས་བཞིན་པ་དེ་རེད། དེས་ན་ཀ་ཞར་ཞེས་པའི་མིང་འདིའི་འདོགས་ཚུལ་དོན་དངོས་སུ་དེ་གཉིས་ལས་གང་ལ་གཏོགས་པ་ཡིན་ནམ་ཞེ་ན། ཁོ་བོས་མཐོང་ཐོས་མྱོང་གསུམ་དང་དཔྱད་བསྡུར་ངེས་གསུམ་བྱས་པ་ལྟར་ན་ཅིས་ཀྱང་རྗེས་གྲུབ་ཀྱི་མིང་དུ་ལགས་ཏེ། དེ་ལ«贵德县志»ལས། “‘尕让’为藏语,以清初百户‘噶然儿’的名字演变而来。”[26]ཞེས་པ་དང་། ཡང་དེ་རུ་རྒྱའི(通签)ཞེས་པའི་ལོ་རྒྱུས་ཡིག་ཆར་གཞི་བཅོལ་ཏེ། དཀར་བརྗིད་གྲོང་ཚོ་ཞོལ་མའི་གྲམ་པའི་ནུབ་ཕྱོགས་ཀྱི་ས་ཐེམ་སྟེང་དུ་ས་དམར་གྱིས་གྲུབ་པའི་མཁར་ཞིག་ཆགས་ཡོད་པར་བརྟག་དཔྱད་བདེན་དཔང་བྱས་པ་བརྒྱུད་རྒྱས་ཤར་ཧཱན་ཡོན་ཡན་བཅོ་ལྔའི་ལོ་སྟེ(སྤྱི་ལོ༡༠༣)ལོར་བསྐྲུན་པར་གྲགས་པའི(归义城)དུ་ངོས་འཛིན་གྱིས(归义)ཞེས་པའི་མིང་དེ་ཆགས་པ་རེད་འདོད་འདུག དེ་བཞིན་དུ«སྒོ་མེ་ཡུལ་གྱི་ལོ་རྒྱུས་གསལ་བའི་མེ་ལོང»གི་སྤྱི་ཚོགས་རྙིང་བའི་སྐབས་ཀྱི་བརྒྱ་དཔོན་དང་ཚོ་དཔོན་སྐོར་གྱི་རེའུ་མིག་ལས་ཀྱང“རུས་མིང་། དཀར་ཞར། ཚོ་བ། སྒོ་མེའི་ཞོལ་མའི་ཚོ་བ། གོ་གནས། བརྒྱ་དཔོན། མི་རིགས། རྒྱ་མི། འདུག་ཡུལ། དཀར་བརྗིད། འགན་འཁུར་ལོ་ཟླ། མཱེན་ཧོང་བུའུ་ལོ་བར།”[27]ཞེས་བྱུང་བ་ལྟར་ས་གནས་ཡབ་མེས་དག་གི་ངག་ལས་ཀྱང་། སྔོན་དཀར་བརྗིད་ཀྱི་དཔོན་པོ་རྒྱ་མི་བྱས་པ་ཞིག་གི་མིག་གཅིག་ནང་དུ་གྲིབ་ལོང་དཀར་བོ་ཅིག་ཡོད་པའི་ཆ་ནས་ཀ་ཞར་ཞེས་གྲགས་པ་སའི་མིང་དུ་གྲགས་པར་གསུངས་ལ། དེ་བཞིན་ངག་རྒྱུན་དུའང“ཀ་ཞར་དཔོན་པོ་རྒྱ་ཡིན། མགོ་སྣ་གངས་ཅན་བོད་ཡིན”ཞེས་ཟེར་སྲོལ་འདུག་མོད་ཀྱང་། ཡང་འདི་སྙམ་དུ་བསམ་སྟེ། གལ་ཏེ་དེ་ལྟ་བུའི་རང་སྡེར་ཤ་ཚ་ཞིང་སྙིང་ཉེ་བའི་དཔོན་ཞིག་ལ་མིག་ཏུ་གྲིབ་ལོང་ཡོད་ཀྱང་རུང་སུས་དེ་ལྟར་འཚང་མིང་ནས་འབོད་ཕོད་དམ། དེ་ལ་ཁོ་བོས་འདི་སྙམ་དུ་བསམ་སྟེ། གལ་ཏེ་ཀ་ཞར་ཞེས་པ་མིང་དེ་ལས་ཐོགས་ན། དཀར་བརྗིད་ཀྱི་སྲིད་ཀྱི་ལྟེ་བ་དཀར་དམར་རམ་རྐ་དམར་ཞེས་དཀར་བརྗིད་དཔོན་ཚང་ཆགས་པའི་དེང་གི་སྡེ་བའི་མིང་དེ་ཇི་ལྟར་འགྲེལ་ལམ། ཁོ་བོའི་རྟོགས་ཚོད་ལ་ཇི་ལྟར་ཡང་དཀར་བརྗིད་དང་དཀར་དམར་གཉིས་ཀྱི་དཀར་གྱི་ཡི་གེ་གཅིག་མཚུངས་ཡིན་པར་སྙམ་སྟེ། སྔོན་དཀར་བརྗིད་དེ་ཀ་ཞར་ཡིན་པའི་དབང་དུ་བཏང་ན་དཀར་དམར་ཞེས་པའང་ཀ་དམར་དུ་འབྲི་དགོས་ཏེ་དེ་ཡང་རྒྱའི་མིང་ཞིག་ཡིན་དགོས་པ་ལོས་ཡིན། མིན་ན་འདོད་ཚུལ་འདི་ཡང་ཁུངས་མི་བརྟན་ཞིང་མག་མོག་ཙམ་དུ་སོང་བ་ལྟར་རོ། །སྤྱིར་དཀར་བརྗིད་ཀྱི་བོད་སྐད་ལ་ཟུར་ཆག་གི་ཤན་ཤིན་ཏུ་ཆེ་བས་ཐ་སྙད་འབོད་སྟངས་ཀྱི་འགྱུར་བ་ནི་ཧ་ལས་ཤིང་ཧང་སངས་དགོས་པའི་ཚད་དུ་ལྷུང་འདུག་ན། ང་ཚོ་སུ་ཡིན་ཀྱང་དཀར་བརྗིད་ཀྱི་ས་གནས་རི་ཆུའི་མིང་བཏགས་ལུགས་སྐོར་ཤེས་འདོད་པ་ལ་ཅིས་ཀྱང་དོན་དངོས་དང་བརྡའི་འགྱུར་བ་ལ་ཟབ་པར་འཇུག་དགོས་པ་ལས་ཆོག་ཤེས་གཏན་ནས་བྱ་མི་རུང་། དེ་ལྟར་མ་ཞུགས་ཚེ་མི་མང་གིས་མིང་གི་ལོག་འབོད་དང་ལོག་འབྲི་ནི་གྲོ་ནང་གི་ཡུ་གོའི་དཔེར་མི་འགྲོ་བ་མི་སྲིད་དེ། དཔེར་ན། དཀར་བརྗིད་དང་དཀར་དམར་ལ་དེང“རྐ་བཞུར”དང“རྐ་དམར”ཅེས་འབོད་མཁན་དང་། ཡང“སྐད་མད”དམ“སྐད་གཞད”དུ་འབོད་མཁན་ཡང་མང་བ་ལྟར་རོ། །དེ་ལྟར་ཟུར་ཆག་གི་སྐད་ཀྱི་འགྱུར་བས་ས་མིང་དང་ཆུ་མིང་གི་འབོད་ཚུལ་དང་འབྲི་ཚུལ་ཡང་རབས་དང་རིམ་པར་འགྱུར་བ་སྟེ། ཐ་ན་དེ་རིང་ནང་ཁའི་མཚམས་འདིར་ས་གནས་མིང་བྱང་དང་ས་གནས་རླངས་འཁོར་མིང་རྟགས། གསར་འགྱུར་གྱི་ཚགས་པར་འགར་ཡང་རྒྱུན་དུ་དཀར་བརྗིད་ལ“ཀ་རིང”དུ་བྲིས་བཞག་ཡོད་པ་ལྟ་བུ་རེད། དེ་ལྟར་གོ་བར་བྱས་ནས་ད་ནི་སྐབས་བབས་ཀྱི་ཀ་ཞར་ཞེས་པའི་མིང་འདི་ཐོག་མར་ཇི་ལྟར་ཐོགས་པར་འདོད་པ་ལ། དེར་ཡང«སྐུ་འབུམ་གདན་རབས»ལས། “ཁྲི་ཆེན་ང་དགུ་བ་མགོན་ཀྱཱ་མཁན་ཆེན་བློ་བཟང་ཚུལ་ཁྲིམས་བསམ་གཏན་ནི། སྒོ་མེ་ཚོ་བདུན་ནང་ཚན་དཀར་རྫིང་ངམ་སྒར་དམར་སྡེ་བར་ཡབ་བསོད་ནམས་སྟོབས་ཀྱིས་བརྗིད་པ་དཀར་བརྗིད་དཔོན་པོ་བསོད་ནམས་བསྟན་འཛིན་དང་ཡུམ་སྒྲོལ་མ་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་བཞི་བའི་སྒྱུར་བྱེད་ཅེས་པ་ས་ཕག་ལོར་མཛེས་སྐུ་མངོན་པར་འཁྲུངས།”[28]ཞེས་དེང་གི“དཀར་དམར”སྡེ་བར“སྒར་དམར”ཞེས་བྲིས་འདུག་པ་ལ་ཅིས་ཀྱང་འདང་ཟབ་མོས་དཔོག་ཅིང་དཔྱད་ན་ངེས་ཤེས་གསར་བ་ཞིག་འདྲོངས་རྒྱུ་ཅིས་ཀྱང་འདུག་སྟེ། དཔེར་ན། ས་སྐྱ་སྐྱར་ཆགས་པའི་དགོན་པར“ས་སྐྱ”ཞེས་བཏགས་པ་བཞིན་གནས་འདིར་ཡང་ས་དམར་བོ་ནང་དུ་སྒར་དམར་བོ་བཏབ་ཡོད་པར“སྒར་དམར”རམ“མཁར་དམར”ཞེས་བཏགས་སུ་རུང་སྟེ། རྒྱུ་མཚན་ནི་དེ་དང་ཉེ་བའི་སྒོ་མེ་སྟོང་དཔོན་ཚང་ཐོག་མར་ཆགས་གནས་དཀར་བརྗིད་གཡུ་ཚ་རུ་མཁར་རྙིང་ཞིག་ཡོད་པ་ལ“མཁར་ནག”ཅེས་འབོད་པ་སྡེ་མིང་དུ་ཆགས་ཡོད་པ་དང་། གཞན་ཡང་ནང་སོག་ཏུའང“མཁར་སྔོན་པོ”ཞེས་པ་སོགས་བྱུང་བ་ལྟར། དཀར་བརྗིད་འདིའི་ས་དམར་བོ་ཟངས་མདོག་དཔལ་རིར་འགྲན་ཞིང“མཁར”རམ“སྒར”ཡང་དམར་བོར་ཆགས་ཡོད་པས་ན་དེ་ལྟར་བཏགས་པ་ལ་ཅི་ཡང་མི་འགལ་ཏེ། དེ་ལྟར་བཏགས་ཆོག་ཆོག་ཡིན་པ་གོང་དུ་སྨྲས་པ་བཞིན་རིགས་འགྲེས་ཏེ“ཀ་ཞར”ཞེས་པའང“སྒར་གཞིས”སམ“མཁར་གཞིས”ཡིན་པ་གོར་མ་ཆག་སྟེ། གནས་དེ་རུ་གནའ་སྔ་མོ་ནས་ས་དམར་པོས་བསྐྲུན་པའི་མཁར་རྙིང་དང་སྒོ་མེའི་སྲིད་ཀྱི་རྟེན་གཞི་ཆགས་གནས་སྒར་རྙིང་དང་མཁར་རྙིང་དམར་བོ་མཆིས་པས་སོ་ཞེས་བརྗོད་ན་གོང་གི(归义)དང་ཡང་འབྲེལ་ཞིང་ཁུངས་བཙུན་པ་སོགས་ཀྱི་ཁྱད་ཆོས་དང་ལྡན་པས་དེ་ལྟར་གོ་ཞིང་བཟུང་ན་ཤིན་ཏུ་མད་དོ། །
སྨྲས་པ། རང་གིས་དཔྱད་པས་ངེས་པ་མ་རྙེད་པར། །
ཟེར་སྒོས་བཏུས་པའི་ལམ་གྱིས་འཚང་མི་རྒྱ། །
དེ་ཕྱིར་གང་ལའང་སོ་སོ་རང་རིག་ཏུ། །
གསོག་གསོབ་སྤངས་པའི་གདེང་ཞིག་བཙལ་ན་འཚེངས། །
ཞེས་པའི་མཁས་དབང་ཤེས་རབ་རྒྱ་མཚོའི་གསུང་། །
ཡིད་ལ་གོམས་པས་རང་ཉིད་སྐྱེས་གནས་མིང་། །
ཇི་ལྟར་ཐོགས་པའི་ལྟ་བ་ཕྲ་རག་དག །
རིས་མེད་གསོང་བོར་བརྗོད་ལ་ངལ་མ་བྱས། །
འདིས་ཀྱང་རྗེས་རབས་དཔྱོད་ལྡན་གཞོན་ནུའི་ཚོགས། །
གངས་ཅན་བརྡ་དང་ཐ་སྙད་དཔྱོད་པ་ལ། །
ཡང་དག་བདེན་ལུགས་འཚོལ་བའི་གཤིས་གོམས་ཏེ། །
མ་ལུས་ཡང་དག་ལམ་དུ་འགོད་པར་ཤོག །སརྦ་མངྒ་ལཾ།
མཆན་དང་ལུངས་ཁུངས།ཟེར་སྒོས་བཏུས་པའི་ལམ་གྱིས་འཚང་མི་རྒྱ། །
དེ་ཕྱིར་གང་ལའང་སོ་སོ་རང་རིག་ཏུ། །
གསོག་གསོབ་སྤངས་པའི་གདེང་ཞིག་བཙལ་ན་འཚེངས། །
ཞེས་པའི་མཁས་དབང་ཤེས་རབ་རྒྱ་མཚོའི་གསུང་། །
ཡིད་ལ་གོམས་པས་རང་ཉིད་སྐྱེས་གནས་མིང་། །
ཇི་ལྟར་ཐོགས་པའི་ལྟ་བ་ཕྲ་རག་དག །
རིས་མེད་གསོང་བོར་བརྗོད་ལ་ངལ་མ་བྱས། །
འདིས་ཀྱང་རྗེས་རབས་དཔྱོད་ལྡན་གཞོན་ནུའི་ཚོགས། །
གངས་ཅན་བརྡ་དང་ཐ་སྙད་དཔྱོད་པ་ལ། །
ཡང་དག་བདེན་ལུགས་འཚོལ་བའི་གཤིས་གོམས་ཏེ། །
མ་ལུས་ཡང་དག་ལམ་དུ་འགོད་པར་ཤོག །སརྦ་མངྒ་ལཾ།
[1][2][3][23][27] ལྷ་རྒྱལ་ཚེ་རིང་། བསོད་ནམས་གྲགས་པ། སྒོ་མེ་ཡུལ་གྱི་ལོ་རྒྱུས་གསལ་བའི་མེ་ལོང་། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2011.15-17;17-19;20-21;390;50
[4][5] གྱི་ལིང་བཀྲ་ཤིས་རྒྱ་མཚོ། ཐུགས་མཆོག་རྡོ་རྗེ། བོད་མི་བུ་གདོང་དྲུག་གི་རུས་མཛོད་མེ་ཏོག་སྐྱེད་ཚལ། [M]མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1991.9;9-10
[6][7][8][9] ཆོས་རྒྱལ་ནམ་མཁའ་ནོར་བུ། ཞང་བོད་ལོ་རྒྱུས་ཏི་སེའི་འོད།[M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2015.193;197-198;207;197
[10] སུམ་པ་མཁན་ཆེན་ཡེ་ཤེས་དཔལ་འབྱོར། མཚོ་སྔོན་ལོ་རྒྱུས་ཚངས་གླུ་གསར་སྙན། [M] གློག་རྡུལ་འཕྲུལ་དེབ། ཤོག་ངོས41
[11]སུམ་པ་མཁན་ཆེན་ཡེ་ཤེས་དཔལ་འབྱོར། ཆོས་འབྱུང་དཔག་བསམ་ལྗོན་དབང་། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1992.674
[12][20][22][25] བྲག་སྒོམ་པ་དཀོན་མཆོག་བསྟན་པ་རབ་རྒྱས། མདོ་སྨད་ཆོས་འབྱུང་། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1982.190;80;212;190
[13] གསེར་ཏོག་ནོ་མིན་ཧན་བློ་བཟང་ཚུལ་ཁྲིམས། སྐུ་འབུམ་གདན་རབས། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1982.134
[14] བཀྲ་ཤིས་ལྷུན་གྲུབ། ཡིག་ཚང་ཁྲོད་ཀྱི་སྒེ་མེ་ཚོ་བ་དང་དེའི་ལོ་རྒྱུས་འཕེལ་རིམ། [M] ཡོངས་འཛིན་དྲ་བ།
[15] ཤྭ་བོ་ཚེ་རིང་། སྒོ་མེ་སྟོང་དཔོན་གྱི་ལོ་རྒྱུས་གཅེས་བཏུས། [M] ཅང་ཧི་གློག་རྡུལ་དཔེ་སྐྲུན་ཁང་། 2011.27
[16] ལྷ་རྒྱལ་ཚེ་རིང་། བསོད་ནམས་གྲགས་པ། སྒོ་མེ་ཡུལ་གྱི་ལོ་རྒྱུས་གསལ་བའི་མེ་ལོང་། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2011.21-22
[17][18][19] 尕让杭秀东主 尚玛杰 才让吉 «卓仓藏族源流考» [M] 青海民族出版社 2014.95-96;161;161
[21] སྐུ་ཕྱོགས་ཨོའུ་རྒྱ། དཀའ་སྡུག་དང་བྱང་ཆུབ། [M] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2014.10-11
[24][28] གསེར་ཏོག་ནོ་མིན་ཧན་བློ་བཟང་ཚུལ་ཁྲིམས། སྐུ་འབུམ་གདན་རབས། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1982.134;134
[26]贵德县地方编纂委员会编 «贵德县志» [M] 陕西人民出版社 1995.69
རྐྱང་རྩེ་རྡོར་ལྷུན། དངོས་མིང་ལ་རྡོ་རྗེ་ལྷུན་གྲུབ། མཚོ་སྔོན་སྒོ་མེའི་མི། (1974---) བོད་ཀྱི་རྩོམ་རིག་སྒྱུ་རྩལ་རིག་པའི་རབ་འབྱམས་པའི་མཚན་གནས། ད་ལྟ་ཁྲི་ཀ་རྫོང་འཕྲང་དམར་མི་རིགས་བཅའ་སྡོད་སློབ་གྲྭར་དགེ་རྒན་གྱི་ཕྱག་ལས་གནང་བཞིན་མཆིས།
འབྲེལ་ཡོད་འོས་སྦྱོར།